རྒྱ་ནག་གཞུང་གི་སྲིད་བྱུས།

གཞི་རིམ་ལས་བྱེད་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་གསོ་སྦྱོང་བྱས་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

བོད་ལྗོངས་དྲ་བ་ཞེས་པའི་གསར་འགྱུར་དྲ་ཚིགས་སུ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བར་བོད་རྒྱ་སྐད་ཡིག་གཉིས་དར་སྤེལ་དང་ཡར་རྒྱས་གཏོང་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག

དེ་ཡང་དྲ་ཚིགས་དེར་སྤེལ་དོན། ༼བོད་ལྗོངས་ཀྱི་གཞི་རིམ་ལས་བྱེད་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་ལོ་ཙཱ་གསོ་སྦྱོང་བྱེད་པའི་འཛིན་གྲྭ་ཚེས ༡༦ ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བཙུགས་ཤིང༌།  དེའི་དགོངས་དོན་ནི་བོད་ཁུལ་ནས་ལས་སྒྲུབ་བྱེད་པའི་མི་རིགས་སོ་སོའི་ལས་བྱེད་པས་བོད་རྒྱ་སྐད་ཡིག་གཉིས་ལེགས་པོར་བསླབ་ནས།  དམངས་ཕྱུག་དང་དམངས་ཕན་གྱི་སྲིད་ཇུས་ཡང་དག་སྒོས་ཞིང་འབྲོག་ས་ཁུལ་དུ་བརྒྱུད་བསྒྲགས་བྱེད་པ་དང༌།  དེ་བའི་ལེགས་པས་བོད་ལྗོངས་མང་ཚོགས་ལ་ཞབས་འདེགས་ཞུ་ཆེད་ཡིན།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་སློབ་གསོ་ཚན་རྩལ་སིའི་སྐོར་གཟིགས་པ་གཞོན་པ་ཨན་ཆིན་ཕིན་གྱིས་གསོ་སྐྱོང་ཚོགས་འདུའི་སྟེང་དུ།  མི་རིགས་སྐད་ཡིག་བྱ་བ་ནི་མི་རིགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང༌།  སྔར་ལས་ལྷག་པས་མི་རིགས་སོ་སོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་དབང་ཆར་འགན་སྲུང་དང༌།  བོད་ཀྱི་སྐད་དང་ཡི་གེ་རྒྱུད་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་ཞེས་བསྟན་པ་རེད།

༡༩༨༧ ལོར་ཕྱིར་བཏོན་པའི《བོད་རང་སྐྱོང་ཁུལ་གྱིས་བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད།  དར་སྤེལ་བྱེད་པའི་ཆོད་དོན་ཁ་ཤས(ཚོད་ལྟ་བྱེད་པ)》སུ།  དུས་སྐབས་གསར་བའི་ནང་བོད་ལྗོངས་སྐད་ཡིག་སྲིད་ཇུས་སུ“བོད་རྒྱ་སྐད་ཡིག་གཉིས་ཀྱི་སྲིད་ཇུས”རྒྱུན་འཁྱོངས་བྱས་ཤིང༌།  ཉེ་བའི་ལོ་འགའི་རིང༌།  བོད་ལྗོངས་ཀྱིས་མུ་ནས་མུར་དུ་ལས་བྱེད་མི་སྣ་སྐུལ་སློང་བྱས་ཏེ་བོད་རྒྱ་སྐད་ཡིག་གཉིས་སློབ་སྦྱོང་བྱེད་དུ་བཅུག་པ་དང༌།  བོད་རྒྱ་ཤན་སྦྱར་གྱི་རྨང་གཞིའི་སློབ་དེབ་ལ་དགའ་བསུ་ཆེན་མོ་ཐོབ།  མིག་སྔར།  བོད་ལྗོངས་ཀྱིས《བོད་སྐད་ཡིག་གི་རྨང་གཞི》དང《རྒྱུན་སྤྱོད་བོད་སྐད་ཚིག་གྲུབ ༣༠༠》གཉིས་ཀྱི་རྩོམ་སྒྲིག་ལེགས་འགྲུབ་བྱུང་ཡོད་པ་བསྟན་འདུག

གཞན་ད་དུང་ལོ་ངོ ༡༠ རིང་གི་བརྩོན་པ་བརྒྱུད།  བོད་ལྗོངས་ཀྱིས་ཐ་སྙད་གསར་བ་དང་བརྡ་ཆད་ཁྲི་ཙམ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱས་ལ།  ཐ་སྙད་གསར་བ་དང་བརྡ་ཆད་རབ་དང་རིམ་པས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ལོ་ཙཱའི་བྱ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།དུས་ཡུན་རིང་བོར་གཞི་རིམ་ནས་ལས་སྒྲུབ་བྱེད་པའི་རྒྱ་རིགས་ལས་བྱེད་པ་དང༌།  བོད་ལྗོངས་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་གྱི་འགོ་འཛིན་གྱི་འགན་འཁུར་ཡོད་པའི་ཚའེ་ཡུས་རོང་གིས་ད་ལྟ་བོད་སྐད་གང་བདེར་སྤྱད་དེ་མང་ཚོགས་དང་སྤེལ་རེས་བྱེད་ཐུབ་ལ།  མོས་གསར་འགོད་པར་བཤད་རྒྱུར།  གཞི་རིམ་གྱི་རྒྱ་རིགས་ལས་བྱེད་པས་བོད་སྐད་སློབ་པ་དང༌།  བོད་རིགས་ལས་བྱེད་པས་རྒྱ་སྐད་སློབ་པ་ནི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད་ཅིང༌།  ཉེ་བའི་ལོ་འདི་གཉིས་ནང་སྡེ་ཁག་སོ་སོས་སྐད་ཡིག་གཉིས་ཀྱི་ལོ་ཙཱའི་བྱ་བར་གཙིགས་མཐོང་ཆེན་མོ་བྱས་པ་དང༌།  བོད་ཀྱི་སྐད་དང་ཡི་གེའི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དེ་ནི་ལས་དོན་ཁྱད་དུ་འཕགས་པ་ཞིག་ཡིན་པས།  མུ་མཐུད་དུ་གོང་འཕེལ་གཏོང་དགོས་ཞེས་བཤད།

བོད་རང་སྐྱོང་ཁུལ་ཡོངས་ལ་མི་གྲངས་ཁྲི་ཚོ ༣༠༠ ལྷག་ཡོད་ལ།  བརྒྱ་ཆའི་དགུ་བཅུ་ནི་བོད་རིགས་ཡིན།  ཨན་ཆིན་ཕིན་གྱིས་བཤད་རྒྱུར།  བོད་རྒྱ་སྐད་ཡིག་གཉིས་ཀྱི་ལོ་ཙཱར་སློབ་སྦྱོང་བྱེད་པ་ནི་ཏང་ཡོན་ལས་བྱེད་པའི་རང་ངོས་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཡིན་པ་མ་ཟད།  སྐད་བརྡའི་གེགས་བར་སེལ་བ་དང༌།  དེ་བའི་ལེགས་པས་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ཟེར།༽ཞེས་བཀོད་འདུག་པ་བཅས།


གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།