རྒྱ་ནག་གཞུང་གི་སྲིད་བྱུས།

རུས་པ་ཆག་སོང་ཡང་ཤ་ཁྲག་གི་འབྲེལ་བ་ནམ་ཡང་གནས་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༡ཚེས་༩ཉིན་སྤེལ། རྒྱ་ནག་དང་ཐེ་ཝན་མི་མང་ནི་སྤུན་མཆེད་ཡིན་པ་དང་ཁོང་ཚོའི་རུས་པ་ཆག་སོང་ཡང་ཤ་ཁྲག་གི་འབྲེལ་བ་དུས་ནམ་ཡང་གནས་བསྡད་ཀྱི་རེད་ཅེས་ཞིས་ཅིང་ཕིང་གིས་མའ་དབྱིང་ཇའུ་ལ་གདོང་དང་གདོང་ཐུག་ནས་ཁོང་གཉིས་དབར་གྱི་མཇལ་འཕྲད་སྐབས་དངོས་སུ་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ཟླའི་ཚེས་༧ཉིན་རྒྱ་ནག་གཞུང་འགོ་ཁྲིད་ཞིས་ཅིན་ཕིང་དང་ད་ལྟའི་ཐེ་ཝན་གཞུང་འགོ་ཁྲིད་མའ་དབྱིང་ཇའུ་གཉིས་དབར་སིང་གྷ་པོར་དུ་མཇལ་འཕྲད་གནང་སྟེ་༡༩༩༢ལོའི་ཕྱོགས་གཉིས་དབར་ཧོང་ཀོང་དུ་བཞག་པའི་གྲོས་དོན་ཁག་གཞིར་བཞག་ཐོག་འབྲེལ་ལམ་གྱི་རྣམ་པ་གསར་པ་ཞིག་མངོན་ཐབས་བྱས་ཡོད་ཀྱང་ཐེ་ཝན་མི་མང་གི་ངོས་ནས་དེར་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་རེད།

ཕྱོགས་གཉིས་ཀྱི་ཐུག་འཕྲད་སྐབས་དམར་པོའི་གཞུང་དང་མང་གཙོའི་གཞུང་གི་གོ་གནས་སམ་ལས་སྣེའི་ཐོག་ནས་མཇལ་མོལ་གནང་བ་ཞིག་མིན་པ་རེད། དེ་ནི་ཕྱོགས་གཉིས་པོའི་གཞུང་གིས་རྒྱ་ནག་གཅིག་ཅེས་པའི་ཐ་སྙད་དེའི་འོག་རྒྱ་ནག་གཅིག་ཅེས་པའི་གཞུང་དེ་གང་ཡིན་མིན་ཐད་བདག་དབང་གི་གནད་དོན་ཞིག་ལ་ཐུག་གི་ཡོད་པས་ཡིན་པ་རེད་ཅེས་སྲིད་དོན་དབྱེ་ཞིབ་པ་ཚོས་ཤོད་ཀྱི་ཡོད་པ་རེད།

གང་ལྟར་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞིས་ཅིན་ཕིང་དང་ཐེ་ཝན་གོ་མིང་ཏང་ཚོགས་པའི་འགོ་ཁྲིད་མ་དབྱིན་ཅིའུ་གཉིས་སིང་གྷ་པོར་རྒྱལ་ཁབ་ཀྱི་ཤམ་བྷ་ལ་གསོལ་མགྲོན་ཁང་ཞེས་པར་ཟླ་༡༡ཚེས་༧ཉིན་མཇལ་འཕྲད་གནང་ཡོད་པ་དང༌། དེ་ནི་འཛམ་གླིང་ཕྱོགས་ཡོངས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཛོམས་ཤིག་ཡིན་ཚུལ་གྱི་གནས་སྤེལ་འདུག་ལ། རྒྱ་ནག་གཞུང་གིས་ཀྱང་འདི་ནི་༡༩༤༩ལོ་ནས་བཟུང་ཕྱོགས་གཉིས་ཀྱི་འགོ་ཁྲིད་དབར་ཐེངས་དང་པོར་མཇལ་འཛོམས་གནང་བ་ཡིན་པར་བརྟེན། "ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་རྡོ་རིང་རང་བཞིན་གྱི་མཚོན་དོན་ཞིག་"ཡིན་ཚུལ་ཡང་ཤོད་བཞིན་ཡོད་པ་རེད།

མཇལ་འཛོམས་དེར་སྤྱིར་རྒྱལ་སྤྱིའི་ཁྲོད་དོ་སྣང་ཆེན་པོ་བྱས་ཡོད་ལ། ཕྱོགས་གཉིས་ཀྱི་གསར་འགོད་པ་དང༌། ཧོང་ཀོང༌། ཨའོ་མན། གཞན་ཡང་ཕྱི་རྒྱལ་གྱི་གསར་འགོད་པ་༦༢༠ལྷག་ཙམ་སླེབས་ཡོད་པ་རེད།

དེ་ཡང་ཞིའི་ཅིང་ཕིང་གིས་གཏམ་བཤད་ནང་ཕྱོགས་གཉིས་ཀྱིས་༡༩༩༢ལོའི་གྲོས་མཐུན་མུ་མཐུད་གནས་ཐབས་ཆེད་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ་ཚོང་འབྲེལ་དར་རྒྱས་ཕུན་གསུམ་ཚོགས་པ་ཡོང་ཐབས་དང༌། བདེ་འཇགས་བརྟན་ལྷིང་ཡོང་རྒྱུར་ཐུན་མོང་གིས་འབད་བརྩོན་བྱ་དགོས་ཚུལ་ནན་བཤད་ཡོད་པ་རེད།

རྒྱ་ཐེ་གཉིས་ཀར་ཡོད་པའི་མི་མང་རྣམས་དུས་ནམ་ཡང་"སྤུན་མཆེད་"ཡིན་པ་དང་ཕྱོགས་གཉིས་ཀྱི་མིའི་"རུས་པ་གས་ཆག་"ཏུ་སོང་ཡང་"ཤ་ཁྲག་གི་འབྲེལ་བ་"དེ་དུས་ཡང་ནམ་ཡང་གནས་བསྡད་ཀྱི་རེད་ཅེས་སྲིད་འཛིན་ཞི་ཅིང་ཕིང་གིས་ངར་ཤུགས་ཆེན་པོས་མའ་དབྱིང་ཇའུ་ལ་དངོས་སུ་གདོང་དང་གདོང་ཐུག་ནས་བཤད་ཡོད་པ་རེད།

དེ་རྗེས་ཐེ་ཝན་གྱི་གོ་མིང་ཏང་ཟེར་བའི་འགོ་ཁྲིད་མའ་དབྱིང་ཇའུ་ཡིས་མཇལ་སྐབས་སུ་འདོད་ཚུལ་དོན་ཚན་ལྔ་བཏོན་གནང་ཡོད་པ་རེད། དེའི་ནང༌། ཕྱོགས་གཉིས་དབར་ཐུན་མོང་གི་གྲོས་མཐུན་སྲ་བརྟན་ངང་ཕན་ཚུན་དབར་དགྲ་བོའི་འདུ་ཤེས་ཀྱི་རྣམ་པ་དེ་ཆུང་རུ་གཏོང་ཐབས། ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་ཐེ་བའི་མི་མང་དབར་འབྲེལ་ལམ་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་ཐབས། ཕྱོགས་གཉིས་དབར་མཉམ་ལས་ཀྱིས་རྒྱ་ནག་གཅིག་གྱུར་གྱི་བསམ་བློ་དར་སྤེལ་གཏོང་ཐབས་སོགས་འཚུད་ཡོད་པ་རེད།

དོན་ཚན་དེ་རྣམས་ཀྱང་ཁོ་པས་ཕྱོགས་གཉིས་པོའི་མི་རབས་རྗེས་མའི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པའི་སྐོར་གསལ་བཤད་ཡང་བྱས་འདུག་པ་དེས་ཀྱང་སྲིད་འཛིན་མའ་ཡིས་རྒྱ་དམར་ནག་གཉིས་ཀྱི་མི་མང་རྣམས་ཆབ་སྲིད་ཐད་ལྟ་བ་མི་མཐུན་པ་ལས་སྤུན་མཆེད་ཀྱི་འདུ་ཤེས་ཟབ་མོ་ཞིག་ཡོད་པ་ཞིས་ཅིང་ཕིང་གིས་བཤད་པ་ལྟར་ཡིན་ཚུལ་ཆབ་སྲིད་དབྱེ་ཞིབ་པ་འགས་བཤད་ཡོད་པ་རེད།

"ཞིས་ཅིང་ཕིང་གི་རྣམ་འགྱུར་ནི་བལྟས་ན་དོན་དངོས་ལ་བསམ་གཞིགས་བྱེད་མཁན་ཞིག་ཡིན་པ་ཤེས་ཚོར་བྱུང་ལ། ཁོང་དང་མཉམ་དུ་ཐེ་ཝན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མཉམ་བཞུགས་བྱ་རྒྱུའི་ལས་དོན་ཁག་ལ་རྒྱ་ནག་གཞུང་གིས་འགོག་རྐྱེན་བྱེད་རྒྱུར་མཚམས་འཇོག་ཡོང་ཐབས་དང༌། ཐེ་ཝན་ལ་དམིགས་ནས་བཙུགས་པའི་མེ་ཤུགས་’འཕུར་མདེལ་ཕྱིར་བསྡུ་ཡོང་ཐབས་སོགས་ལ་ཐེ་ཝན་མི་མང་ལ་སེམས་འཚབ་ཡོད་པའི་འདོད་ཚུལ་རྣམས་ཞིས་སྐུ་ཞབས་ཅིང་ཕིང་ལ་འགྲེལ་བརྗོད་བྱས་ཡོད།" ཅེས་ཕྱོགས་གཉིས་དབར་གྱི་མཇལ་མོལ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྐབས་མའ་དབྱིང་ཇའུ་ཡིས་ལེན་འདེབས་བྱས་འདུག

"འོན་ཀྱང་ཞིས་ཅིང་ཕིང་གིས་རྒྱ་ནག་གཅིག་དང་ཐེ་ཝན་གཅིག་གི་མིང་དོན་མེད་པའི་ཆ་རྐྱེན་འོག་ཐེ་ཝན་རྒྱལ་སྤྱིའི་ལས་དོན་ཁག་ནང་མཉམ་ཞུགས་བྱ་རྒྱུའི་གནད་དོན་ཁག་ལ་བསམ་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་བྱུང༌། དེ་བཞིན་མེ་ཤུགས་ཕུར་མདེལ་དེ་རྣམས་ཐེ་ཝན་ལ་དམིགས་ནས་བཙུགས་པ་ཞིག་མིན་ཚུལ་ལན་འདེབས་བྱས་སོང༌།" ཞེས་མའ་ཡིས་མུ་མཐུད་གསར་འགོད་པར་རྒྱསའགྲེལ་གནང་འདུག

ཐེངས་འདིའི་མཇལ་འཕྲད་སྐབས་སུ་གལ་ཆེའི་གནད་དོན་ཐོག་གྲོས་ཆིངས་གང་ཡང་འཇོག་རྒྱུ་མིན་ཚུལ་ཡང་ཕྱོགས་གཉིས་ཀས་གསལ་བསྒྲགས་སྤེལ་བ་ལྟར་དོན་སྙིང་ལྡན་པའི་གྲོས་འཆམ་གང་ཡང་བྱུང་མེད་པ་རེད། འོན་ཀྱང་༢༠༠༨ལོར་མའ་དབྱིང་ཇའུ་ཐེ་ཝན་གྱི་སྲིད་འཛིན་དུ་སླེབས་རྗེས་ཡུལ་གཉིས་དབར་ཚད་དམའ་བའི་གཞུང་འབྲེལ་གྱི་འབྲེལ་ལམ་བྱུང་བ་དེ་ཐེངས་པོ་ཆགས་ཡོད་པ་དང༌། དེ་རྗེས་ཕྱོགས་གཉིས་དབར་ཚོང་འབྲེལ་ཐེ་བའི་གྲོས་མཐུན་ཁག་༢༣ཙམ་མཚན་རྟགས་བཀོད་ཡོད་པ་མ་ཟད། དམའ་རིམ་དཔོན་རིགས་དབར་གཞུང་འབྲེལ་ཐུག་འཕྲད་ཀྱང་དུ་མ་ཞིག་བྱས་ཡོད་པ་རེད།

སྲིད་འཛིན་མའ་ལ་མཚོན་ན་ལོ་རྗེས་མར་ཁོ་པའི་སྲིད་འཛིན་གྱི་དུས་ཡུན་ཚང་གི་ཡོད་ཅིང༌། སྔ་ལོར་ཁོ་པས་རྒྱ་ནག་སྐམ་ས་དང་སེམས་ཐག་ཆེས་ཉེ་དྲག་པའི་གནད་དོན་ལ་མི་མང་གིས་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཅིང༌། མཐོ་རིམ་སློབ་མ་ཚོས་ཉི་མ་མེ་ཏོག་གི་ལས་འགུལ་ཟེར་བ་སྤེལ་ནས་ངོ་རྒོལ་ཁྲོམ་སྐོར་བསྟུད་མར་བྱས་མཐར་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ར་ཡང་བཙན་བཟུང་ཉིན་མང་རིང་བྱས་ཡོད་པ་རེད།

རིམ་པས་མི་མང་གི་ཁྲོད་སྲིད་འཛིན་མའ་ལ་མི་དགའ་བའི་རྣམ་འགྱུར་ཆེན་པོ་ཐོན་པ་དེ་ནི་གོ་མིང་ཏང་ཟེར་བའི་ཐེ་ཝན་གཞུང་གིས་རྒྱ་ནག་གཞུང་ལ་དེ་ལྟ་བུའི་སེམས་ཐག་ཉེ་དྲག་ན་མཚོ་གླིང་དེར་རྒྱ་ནག་སྐམ་སའི་དབང་སྒྱུར་ཤུགས་ཆེན་པོ་སླེབས་སྲིད་པ་མ་ཟད། ཐེ་ཝན་ལ་ཆབ་སྲིད་དང་དཔལ་འབྱོར་གང་ཐད་ནས་ཀྱང་ཤུགས་སྐྱེན་ངན་ཐེབས་རྒྱུ་ཡིན་པར་བརྟེན་མི་མང་ལ་འཇིགས་སྐྲག་སྐྱེ་གཞི་ཞིག་ཏུ་གྱུར་པ་རེད།

ཕྱོགས་གཉིས་དབར་གྱི་གཞུང་འབྲེལ་གྱི་ཐུག་འཕྲད་སྐོར་གྱི་གནས་ཚུལ་ཐོན་མ་ཐག་མིང་མང་སྟོང་ཚོ་མང་པོ་ཐེ་ཝན་གྱི་རྒྱལ་སར་འདུ་འཛོམས་ཀྱིས་ངོ་རྒོལ་ཁྲོམ་སྐོར་གནང་ནས་མ་ཞི་གཉིས་དབར་མཇལ་འཕྲད་བྱེད་རྒྱུ་མཚམས་འཇོག་དགོས་ཞེས་དང༌། ངོ་རྒོལ་བ་ལ་ལས་སྲིད་འཛིན་མ་ཡིང་གིས་རྒྱ་ནག་དང་མཉམ་དུ་གསང་བའི་ངང་འབྲེལ་མོལ་བཙུགས་ཏེ་ཐེ་ཝན་བཙོང་གྲབ་ཡོད་པ་རེད་ཅེས་དང༌། ཡང་ལ་ལས་མཇལ་འཕྲད་དེས་རིང་མིན་ཐེ་ཝན་གྱི་འོས་བསྡུ་ཆེན་མོ་དང་ལྷག་པར་དུ་ཐེ་ཝན་གྱི་མང་གཙོའི་ལམ་ལུགས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད་ཅེས་སོགས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།

དེ་བཞིན་༢༠༡༦ལོར་ཡུལ་དེའི་འོས་བསྡུ་ཆེན་མོའི་སྐབས་སུ་རྒྱལ་ཐོབ་སྲིད་པའི་ཐེ་ཝན་མང་གཙོ་ཡང་སྟོན་ཚོགས་པའི་ངོས་ནས་ཕྱོགས་གཉིས་དབར་༡༩༩༢ལོར་བཞག་པའི་གྲོས་དོན་ཁག་དེ་སྔ་ནས་ནུས་མེད་དུ་ཆགས་ཟིན་པ་བསྒྲགས་གཏམ་རིམ་པ་སྤེལ་ཡོད་ཅིང༌། ཐེངས་འདིའི་ཐུག་འཕྲད་དེ་ཡང་ཐེ་ཝན་གཞུང་དང་མི་མང་གི་མངོན་འདོད་མཚོན་གྱི་མེད་པ་མ་ཟད། མཇལ་འཕྲད་དེ་ལ་བརྟེན་ནས་མའ་ཡི་ཆབ་སྲིད་ཚོགས་པར་མི་འདོད་པའི་རྣམ་འགྱུར་སྟོན་ཤུགས་ཆེ་རུ་འགྲོ་སྲིད་པ་ཞིག་ཡིན་ལུགས་ཆབ་སྲིད་དབྱེ་ཞིབ་པ་ཚོས་ཤོད་བཞིན་ཡོད་པ་རེད། འོན་ཀྱང་ཡང་རྒྱ་ནག་དང་ཐེ་ཝན་གྱི་ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་མཇལ་འཕྲད་དེ་ནི་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཐད་ཡར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་དང་གོམ་པ་གསར་པ་ཞིག་སྤོས་པ་དང༌། འབྱུང་འགྱུར་ཕྱོགས་གཉིས་དབར་དཔལ་འབྱོར་ཙམ་མ་ཟད་ཆབ་སྲིད་ཀྱི་ཐད་ནས་ཀྱང་གཅིག་འགྱུར་གྱི་བསམ་བློའི་ཐོག་ཕན་འབྲས་ཆེན་པོ་ཞིག་ཐོན་སྲིད་པར་ངོས་འཛིན་དགོས་ལུགས་བཤད་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།