རྒྱ་ནག་གཞུང་གི་སྲིད་བྱུས།

རྒྱ་ཐེ་སྲིད་འཛིན་གཉིས་དབར་མཇལ་འཕྲད་བྱེད་རྒྱུ་རེད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༡༡ཚེས་༤ཉིན་སྤེལ། རྒྱ་ནག་དང་ཐེ་ཝན་ཡུལ་གཉིས་ཀྱི་སྲིད་འཛིན་གཉིས་ཀྱི་དབར་རིང་མིན་སིངྒ་པོར་ཡུལ་དུ་མཇལ་འཕྲད་གནང་སྟེ་༡༩༤༩ལོ་ནས་མི་ལོ་༦༠ལྷག་གི་རྗེས་སུ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཐོག་ལོ་རྒྱུས་གསར་པ་ཞིག་གཏོད་རྒྱུ་ཡིན་སྲིད་པའི་གནས་ཚུལ་ཐོན་འདུག

རྒྱ་ཐེའི་མ་ཞི་གཉིས་ཀྱི་འཕྲད་གནང་རྒྱུ་རེད་འདུགདེ་ཡང་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་(Xi Jinping)དང་ཐེ་ཝན་གྱི་སྲིད་འཛིན་མ་ཡིང་ཇེའོ་(Ma Ying-jeou) གཉིས་དབར་རིང་མིན་སིངྒ་པོར་(Singapore )དུ་ཐེངས་དང་པོར་མཇལ་འཕྲད་གནང་རྒྱུ་ཡིན་པ་དང༌། སྐབས་དེར་སྲིད་འཛིན་གཉིས་ནས་སོ་སོའི་འདོད་ཕྱོགས་ཐོག་བསམ་ཚུལ་བརྗེ་རེས་དང་ཡུལ་གཉིས་དབར་འབྲེལ་ལམ་ཡར་རྒྱས། ཕྱོགས་གཉིས་དབར་ཡི་ཆེས་གཏིང་ཟབ་འཕེལ་ཐབས་བྱེད་རྒྱུ་ཡིན་པ་ཚུལ་ཕྱོགས་གཉིས་པོའི་ཕྱི་འབྲེལ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་ངོས་ལེན་བྱས་ཡོད་པ་རེད།

ཡིན་ཡང་སྲིད་འཛིན་གཉིས་དབར་གྱི་ཐེངས་འདིའི་མཇལ་འཕྲད་དེ་ཟླ་འདིའི་ཚེས་༧ཉིན་གནང་གཏན་ཁེལ་ཡོད་པ་དང་སྐབས་དེར་གལ་ཆེའི་གནད་དོན་ཐོག་གྲོས་ཆིངས་གང་ཡང་འཇོག་རྒྱུ་མིན་ཚུལ་ཡང་གནས་ཚུལ་སྤེལ་འདུག མཇལ་འཕྲད་དེའི་སྐོར་རྒྱ་ནག་དབུས་གཞུང་གི་ཐེ་ཝན་ལས་དོན་ཚན་པས་གསལ་བསྒྲགས་སྤེལ་བ་དེ་ཉིད་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་གིས་འདི་ཟླའི་ཚེས་༤ཉིན་སྤེལ་ཡོད་པ་དང༌། མཇལ་འཕྲད་དེ་ཡང་རྒྱ་ནག་གཅིག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཞིར་བཅོལ་ནས་བྱེད་རྒྱུ་ཡིན་ཚུལ་ཡང་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གི་སྲིད་འཛིན་དང་ཐེ་ཝན་མཚོ་གླིང་གི་སྲིད་འཛིན་གཉིས་དབར་རིང་མིན་མཇལ་འཕྲད་གནང་རྒྱུ་ནི་དེ་སྔོན་༡༩༤༠ནང་རྒྱ་ནག་གི་རྒྱལ་ཞེན་ཤོག་ཁག་གི་འགོ་ཁྲིད་ཅང་ཀེ་ཤེག་(Chiang Kai-shek's Nationalists)དང་མའོ་ཚེ་ཐུང་ཡི་དམར་པོ་ཤོག་ཁག་(Mao Zedong's Communists)དབར་ནང་འཁྲུག་གམ་དམག་འཁྲུག་བྱུང་སྟེ་ཅང་ཀེ་ཤེག་གིས་དམག་ཤོར་ནས་༡༩༤༩ལོར་ཐེ་ཝན་མཚོ་གླིང་དུ་བྲོས་རྗེས་སུ་ཐད་ཀར་འབྲེལ་བ་བྱུང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

མི་ལོ་༦༠རིང་སྤྱི་ལེ་༡༦༠སར་མང་གཙོ་དང་དམར་ཤོག་གི་གཞུང་གཉིས་ནས་ཕན་ཚུན་ལ་དགྲ་ཟླ་ལྟ་བུར་འཛིན་ནས་ཐད་ཀར་འབྲེལ་བ་མ་བྱུང་བར་ལུས་ཡོད་པ་རེད། འོན་ཀྱང་ཉེ་དུས་རྒྱ་ནག་གཞུང་གིས་རྒྱ་ཐེ་གཉིས་ཁྱིམ་ཚང་གཅིག་བྱ་དགོས་པ་དང་གལ་ཏེ་ཐེ་ཝན་ཕྱོགས་ནས་རང་བཙན་བསྒྲགས་ཚེ་དམག་གི་སྟོབས་ཤུགས་ལ་བརྟེན་ནས་ཚུར་ལེན་དགོས་བྱུང་ཡང་ལེན་རྒྱུ་ཡིན་ཞེས་དང་ཐབས་ཤེས་དེ་ལས་གཞན་མེད་ཚུལ་ཡང་ཡང་རྒོལ་གཏམ་སྤེལ་ཡོད་པ་རེད།

༢༠༠༨ལོར་མ་ཡིང་ཇེའོ་ཐེ་ཝན་གྱི་སྲིད་འཛིན་དུ་སླེབས་རྗེས་ཡུལ་གཉིས་དབར་ཚད་དམའ་བའི་གཞུང་འབྲེལ་གྱི་འབྲེལ་ལམ་བྱུང་བ་དེ་ཐེངས་པོ་ཆགས་ཡོད་པ་དང་དེ་རྗེས་ཕྱོགས་གཉིས་དབར་ཚོང་འབྲེལ་ཐེ་བའི་གྲོས་མཐུན་ཁག་༢༣ཙམ་མཚན་རྟགས་བཀོད་ཡོད་པ་མ་ཟད། ཚད་དམའ་བ་ཞེས་གཞུང་གཉིས་པོའི་གཞུང་གི་མི་སྣ་ཁག་དབར་ཐུག་འཕྲད་དུ་མ་ཞིག་བྱས་ཡོད་པ་རེད།

མ་ཡིང་ཇེའོ་ཐེ་ཝན་གྱི་སྲིད་འཛིན་དུ་ཐེངས་གཉིས་བསྟུད་མར་འདེམས་ཐོན་བྱུང་ཡོད་ནའང་ལོ་རྗེས་མར་ཁོ་པའི་སྲིད་འཛིན་གྱི་དུས་ཡུན་ཚང་གི་ཡོད་ཅིང༌།  སྔ་ལོར་ཁོ་པས་རྒྱ་ནག་སྐམ་ས་དང་སེམས་ཐག་ཆེས་ཉེ་དྲག་པའི་སྐྱོན་ཡོད་པར་མི་མང་གིས་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང༌། མཐོ་རིམ་སློབ་མ་ཚོས་ཉི་མ་མེ་ཏོག་གི་ལས་འགུལ་ཟེར་བ་སྤེལ་ནས་ངོ་རྒོལ་ཁྲོམ་སྐོར་བསྟུད་མར་བྱས་མཐར་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ར་ཡང་བཙན་བཟུང་ཉིན་མང་རིང་བྱས་ཡོད་པ་རེད། དེ་ནི་ཐེ་ཝན་གཞུང་གིས་རྒྱ་ནག་གཞུང་ལ་དེ་ལྟ་བུའི་སེམས་ཐག་ཉེ་དྲག་ན་མཚོ་གླིང་དེར་རྒྱ་ནག་སྐམ་སའི་དབང་སྒྱུར་ཤུགས་ཆེན་པོ་སླེབས་སྲིད་པ་མ་ཟད། ཐེ་ཝན་ལ་ཤུགས་སྐྱེན་ངན་ཐེབས་རྒྱུ་ཡིན་པ་མི་མང་ལ་འཇིགས་དཀྲག་སྐྱེ་གཞི་ཞིག་ཏུ་གྱུར་པ་རེད།

འོན་ཀྱང་རྒྱ་ནག་སྐམ་ས་ཆེན་པོ་ཕྱོགས་ནས་མཇལ་འཕྲད་དེ་ནི་ཐེ་ཝན་གྱི་ལོ་རྗེས་མའི་ཟླ་༡ཚེས་༡༦ཉིན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་མ་སླེབས་གོང་སྲིད་འཛིན་མ་ཡིང་ཇེའོ་ཡི་གཞུང་འཛིན་ཚོགས་པ་དང་འབྲེལ་བ་དམ་གཟབ་བྱེད་རྒྱུའི་གོ་སྐབས་མཐའ་མ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དང༌། ད་དུང་རྒྱ་ནག་གཞུང་ལ་མི་དགའ་བའི་ད་ལྟའི་ཐེ་ཝན་ཕྱོགས་འགལ་ཚོགས་པའམ་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུའི་ཚོད་དཔག་ཕྱོགས་ཡོངས་ནས་བྱེད་བཞིན་པར་རྒྱ་ནག་གཞུང་གིས་མ་ཡིང་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་ཞིག་ཀྱང་ཡིན་ལུགས་སྤེལ་འདུག

ཉེ་དུས་ཐེ་ཝན་ས་གནས་འོས་བསྡུ་ཆེན་མོ་དེ་ཚོགས་ཡོད་པ་དང་སྐབས་དེར་ད་ལྟའི་མ་ཡིང་ཇེའོ་གཞུང་འཛིན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན་དེ་ལས་སྲོག་སྐྱོབ་བྱེད་ཐབས་ཤིག་ཀྱང་ཡིན་ཚུལ་སྤེལ་འདུག

༢༠༡༣ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཡུལ་གཉིས་དབར་ཡོད་པའི་ཆབ་སྲིད་ཐད་ལྟ་ཚུལ་མི་འདྲ་བ་རྣམས་འགལ་ཟླར་བཟུང་སྟེ་དེ་ཕྱོགས་གཉིས་པོའི་མི་རབས་ནས་དང་མི་རབས་བར་འཁྱེར་དགོས་དོན་མེད་ལུགས་ཐེ་ཝན་ལ་ཉེན་བརྡ་བཏང་ཡོད་ལ། སྔ་ལོར་ཁོ་པས་ཐེ་ཝན་གྱི་གནད་དོན་ཐད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་བརྒྱུད་ཐེ་ཝན་མཚོ་གླིང་དེ་བཞིན་སྐམ་ས་ཆེན་མོས་ཐད་ཀར་སྟངས་འཛིན་འོག་ཧོང་ཀོང་ལྟར་ཐེ་ཝན་མི་མང་ས་ཡ་༢༣རྣམས་ཆབ་སྲིད་དང་དཔལ་འབྱོར་ཐད་དམིགས་བསལ་རང་སྐྱོང་གི་གནས་བབ་འོག་གནས་ཐུབ་ཚུལ་གྲོས་མགོ་ཡང་བཏོན་ཡོད་པ་སྤེལ་འདུག

ཡང་ཐེ་ཝན་ཕྱོགས་ནས་རང་བཙན་རྩོད་ཀྱི་མེད་ལུགས་དང༌། རྒྱ་ནག་གཞུང་དང་འཁོན་འཛིན་ལྡན་པའི་ཁ་བྲལ་གྱི་ལངས་ཕྱོགས་ཤིག་མི་འཛིན་པར་ད་ལྟའི་གནས་བབ་དེའི་ཐོག་ནས་ཐད་ཀར་འབྲེལ་ལམ་དམ་ཟབ་འཛུགས་རྒྱུའི་གནད་དོན་ཡིན་ཚུལ་ཡང་ད་ལྟའི་ཐེ་ཝན་གཞུང་འཛིན་ནམ་སྲིད་འཛིན་མ་ཡིང་ཇེའོ་ཡི་མགྲིན་ཚབ་པས་སྲིད་འཛིན་གཉིས་དབར་གྱི་མཇལ་འཕྲད་ཀྱི་ཐད་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག

འོན་ཀྱང་ལེགས་ཉེས་གང་ཡིན་ལ་མ་ལྟོས་པར་ཕྱོགས་གཉིས་དབར་གྱི་འབྲེལ་བའི་གནས་ཚད་དེ་འདྲ་ཞིག་ཏུ་སླེབས་པ་ནི་ཐེ་ཝན་དུ་༡༩༩༢ལོར་ཕྱོགས་གཉིས་ཀྱི་དབར་ཧོང་ཀོང་དུ་གྲོས་མོལ་སྐབས་སུ་བྱུང་བའི་གྲོས་དོན་ལ་གཞིར་བཅོལ་བ་དང༌། དེས་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་བཟུང་སྟེ་རྒྱ་ནག་སྐམ་ས་དང་ཐད་ཀར་འབྲེལ་ལམ་འཛུགས་རྒྱུ་ཡིན་ཡང་རྒྱ་ནག་གཅིག་ཅེས་པའི་གཞུང་ངོ་མ་དེ་མཚོ་ཁག་གཉིས་ཀྱི་གཞུང་གང་ལ་ངོས་འཛིན་བྱེད་ཕྱོགས་ཐད་ཁྱད་པར་ཕྱེ་དགོས་པའི་རྩོད་གླེང་ཞིག་ཆགས་ཡོད་པ་རེད།

ཡིན་ཡང་འདས་པའི་ལོ་མང་ནང་ཧོང་ཀོང་དང་བོད་ཀྱི་གནས་བབ་སོགས་སུ་རྒྱ་ནག་གཞུང་གིས་བྱེད་སྟངས་ལ་མི་མང་གིས་དངོས་སུ་མཐོང་ཡོད་སྟབས་ཐེ་ཝན་གྱི་མི་མང་པོ་ཞིག་ལ་རྒྱ་ནག་དམར་པོའི་གཞུང་ལ་ཡི་ཆེས་མེད་པ་དང༌། ཡང་མང་པོ་ཞིག་གིས་ཐེ་ཝན་གྱི་རང་བཙན་རྩོད་ཀྱི་ཡོད་པ་དང༌། དེ་ཡང་ཉེ་བའི་ལོ་ཤས་ནང་རང་བཙན་རྩོད་མཁན་གྱི་གྲངས་འབོར་དེ་ཇེ་མང་དུ་ཕྱིན་ཡོད་པ་དེས་ད་ལྟའི་མ་ཡིང་གི་གཞུང་དང་སྐམ་སའི་གཞུང་གཉིས་ལ་དོགས་གཞི་ཆེན་པོ་ཞིག་སླེབས་ཡོད་པ་ཆབ་སྲིད་དབྱེ་ཞིབ་པ་ཚོས་ཤོད་ཀྱི་ཡོད་པ་རེད།

འདི་ཟླའི་ཚེས་༤ཉིན་མིང་མང་སྟོང་ཚོ་མང་པོ་ཐེ་ཝན་གྱི་རྒྱལ་སར་འདུ་འཛོམས་ཀྱིས་ངོ་རྒོལ་ཁྲོམ་སྐོར་གནང་ནས་མ་ཞི་གཉིས་དབར་མཇལ་འཕྲད་བྱེད་མི་དགོས་ཞེས་དང་མ་ཡིང་ཇེའོ་གཉིད་ལས་སད་དགོས་ཞེས་སྐད་འབོད་བསྒྲགས་ཡོད་པ་རེད། ངོ་རྒོལ་བ་ལ་ལས་སྲིད་འཛིན་མ་ཡིང་གིས་རྒྱ་ནག་དང་མཉམ་དུ་གསང་བའི་ངང་འབྲེལ་མོལ་བཙུགས་ཏེ་ཐེ་ཝན་བཙོང་གྲབ་ཡོད་པ་རེད་ཅེས་དང༌། ཡང་ལ་ལས་མཇལ་འཕྲད་དེས་རིང་མིན་ཐེ་ཝན་གྱི་འོས་བསྡུ་ཆེན་མོ་དང་ལྷག་པར་དུ་ཐེ་ཝན་གྱི་མང་གཙོའི་ལམ་ལུགས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད་ཅེས་སོགས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།