རྒྱ་ནག་གཞུང་གི་སྲིད་བྱུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟེར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་གསར་འཛུགས་བྱས་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། འདྲ་མཉམ་དང་མཐུན་སྒྲིལ། མཉམ་ལས་ཀྱི་སྤྱི་ཚོགས་རིང་ལུགས་མི་རིགས་ཀྱི་འབྲེལ་བ་ཚུགས་ཡོད་པར་མ་ཟད་ད་དུང་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་འཐབ་རྩོད་འགན་སྲུང་བྱེད་པའི་ཁྲོད་མི་རིགས་ཆེན་པོ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་གཙོ་བོ་རྒྱ་རིགས་ཆེན་པོ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་ས་གནས་མི་རིགས་རིང་ལུགས་ལ་ཡང་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་ཀྱིས་འབད་བརྩོན་གང་ལེགས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་གཏོང་དགོས།

རྩ་ཁྲིམས་འདིས་བཅའ་ཁྲིམས་ཀྱི་རྣམ་པ་ལས་ཀྲུང་གོ་མི་རིགས་ཁག་གི་མི་དམངས་ཀྱིས་འབད་ཐབས་བྱེད་པའི་གྲུབ་འབྲས་མཐའ་གཅིག་ཏུ་ངོས་འཛིན་བྱེད་པ་དང༌། རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་གཞི་རྩའི་ལས་འགན་གཏན་འཁེལ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན། ཆེས་མཐོ་བའི་བཅའ་ཁྲིམས་ཀྱི་ནུས་པ་ལྡན། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང༌། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས༌། སྲིད་ཏང་ཁག་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་ལས་དོན་སྡེ་ཁག་སོགས་ངེས་པར་དུ་རྩ་ཁྲིམས་དེ་ལས་འགུལ་གྱི་རྩ་བའི་ཚད་གཞི་བྱས་པ་མ་ཟད་རྩ་ཁྲིམས་ཀྱི་ཟིལ་སྙན་ཉམས་མེད་སྲུང་སྐྱོང་བྱེད་པ་དང་རྩ་ཁྲིམས་ལག་བསྟར་འགན་སྲུང་བྱེད་པའི་འགན་འཁྲི་འཁུར་དགོས།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ལ་དབང་བ་ཡིན།  མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པའི་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་ཡིན།

 དོན་ཚན་བཞི་བ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་དང༌། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་ཁག་ཐེག་བྱེད་རྒྱུ།མི་རིགས་སོ་སོའི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རམ་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་སྤེལ་བྱེད་དགོས། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པའི་རིགས་ལ་བཀག་སྡོམ་བྱེད་དགོས།  མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་དགོས།

རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ནས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་མགྱོགས་སུ་གཏོང་རོགས་བྱེད་དགོས།

གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཏེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་ལག་བསྟར་བྱེད་དུ་འཇུག་དགོས།མི་རིགས་རང་སྐྱོང་ས་གནས་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྲལ་དུ་མི་རུང་བའི་གྲུབ་ཆ་ཡིན།

མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཆ་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད། ཚང་མ་ལ་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་ཡང་ན་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད།

དོན་ཚན་ལྔ་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཁྲིམས་ལུགས་གཅིག་གྱུར་དང་དེའི་གཟི་རྔམ་ལ་འགན་སྲུང་བྱེད་དགོས།

རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས། ཏང་སྲིད་དང་སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་ལས་དོན་གྱི་རྩ་འཛུགས་མཐའ་དག་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ཚང་མར་ངེས་པར་དུ་རྩད་གཅོད་བྱེད་དགོས།

རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འདས་པའི་ཁྱད་དབང་ཡོད་མི་ཆོག

དོན་ཚན་བཅུ་གཉིས། སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་ནི་མཆོག་གྱུར་རྒྱུ་ནོར་ཡིན་པས་ཕོག་ཐུག་གཏོང་མི་རུང༌།

རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་སྲུང་སྐྱོང་བྱེད་པ་ཡིན། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་འཛིན་སྤྱོད་དམ་གཏོར་བརླག་གཏོང་བར་བཀག་སྡོམ་བྱེད་དགོས།

དོན་ཚན་བཅུ་གསུམ། སྤྱི་དམངས་ཀྱི་ཁྲིམས་མཐུན་སྒེར་དབང་རྒྱུ་ནོར་ལ་ཕོག་ཐུག་གཏོང་མི་རུང༌། རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་སྤྱི་དམངས་ཀྱི་སྒེར་དབང་རྒྱུ་ནོར་དབང་ཆ་དང་ཤུལ་འཛིན་དབང་ཆར་སྲུང་སྐྱོང་བྱེད་པ་ཡིན།རྒྱལ་ཁབ་ཀྱིས་སྤྱིའི་ཁེ་ཕན་གྱི་ཆེད་དུ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་སྤྱི་དམངས་ཀྱི་སྒེར་དབང་རྒྱུ་ནོར་གཞུང་བསྡུ་བྱེད་པ་དང་ཡང་ན་བསྡུ་སྤྱོད་བྱེད་ཆོག་པ་མ་ཟད་སྐྱིན་ཚབ་སྤྲོད་དགོས།

དོན་ཚན་ཉེར་བརྒྱད། རྒྱལ་ཁབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་སྲུང་འཛིན་བྱེད་པ་དང༌། མེས་རྒྱལ་ལ་བློ་ལོག་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་བསགས་བྱ་སྤྱོད་གཞན་དག་ལ་དྲག་གནོན་བྱེད་པ་ཡིན། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱེལ་བ་དང༌། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལ་གཏོར་བརླག་བྱེད་པ། དེ་མིན་གྱི་ཉེས་གསོག་སྤྱོད་ངན་བཅས་ལ་ཁྲིམས་གཅོད་བྱེད་པ། ཉེས་ཅན་ལ་ཉེས་ཆད་གཅོད་པ་དང་སྒྱུར་བཀོད་བཅས་བྱེད་པ་ཡིན།

དོན་ཚན་སོ་གསུམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་མི་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་པ་དང་འགན་སྲུང་བྱེད་རྒྱུ། སྤྱི་དམངས་སུ་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཡོད་པ་དང་ཆབས་ཅིག་ཏུ་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་འོས་འགན་རྣམས་ངེས་པར་དུ་བསྒྲུབ་དགོས།

དོན་ཚན་སོ་བཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཡིན་ཕྱིན། མི་རིགས་དང༌། རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་གི་འབྱུང་ཁུངས། ཆོས་ལུགས་དད་པ། སློབ་གསོ་ཐོབ་ཚད། རྒྱུ་ནོར་མང་ཉུང༌། གཞིས་སྡོད་དུས་ཡུན་བཅས་ཀྱི་དབྱེ་བ་མི་འབྱེད་པར་ཚང་མར་འདེམ་བྱེད་དང་འདམ་བྱའི་དབང་ཆ་ཡོད། འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་འཕྲོགས་ཟིན་པ་རྣམས་འདིའི་གྲས་སུ་ཚུད་མེད།

དོན་ཚན་སོ་དྲུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་དབང་ཡོད།  རྒྱལ་ཁབ་ཀྱི་ལས་ཁུངས་དང༌།  སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་ཆོག ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱེད་མི་ཆོག

རྒྱལ་ཁབ་ཀྱིས་རྒྱུན་ལྡན་ཆོས་ལུགས་ཀྱི་བྱེད་སྒོ་སྲུང་སྐྱོང་བྱེད་པ་ཡིན། མི་སུ་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང༌། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགལ་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བསྒྲུབ་མི་ཆོག ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐད་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཁ་ལོ་བསྒྱུར་མི་ཆོག

དོན་ཚན་སོ་བརྒྱད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱར་བཙན་གནོན་ཐེབས་མི་ཆོག སྤྱི་དམངས་ལ་བྱེད་ཐབས་གང་རུང་སྤྱད་ནས་བརྙས་བཅོས་དང་དམའ་འབེབས་བྱེད་པ་དང༌། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁ་གཡོགས་བྱེད་པ་བཀག་སྡོམ་བྱེད་དགོས།

དོན་ཚན་སོ་དགུ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་སྡོད་ཁང་ལ་བཙན་གནོད་ཐེབས་མི་ཆོག ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་སྡོད་ཁང་ནང་སྔོག་བཤེར་བྱེད་པའམ་བཙན་འཛུལ་བྱེད་པ་བཀག་སྡོམ་བྱེད་དགོས།

དོན་ཚན་ང་གཅིག  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་དུས་རྒྱལ་ཁབ་དང༌། སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

དོན་ཚན་ང་གཉིས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཅིག་གྱུར་སྲུང་འཛིན་དང་རྒྱལ་ཡོངས་མི་རིགས་སོ་སོ་དང་མཐུན་སྒྲིལ་བྱེད་པའི་འོས་འགན་ཡོད།

དོན་ཚན་ང་གསུམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང༌། རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང༌། སྤྱི་ནོར་གཅེས་སྤྲས། ངལ་རྩོལ་སྒྲིག་ཁྲིམས་དང་སྤྱིའི་སྒྲིག་ལམ་བརྩི་སྲུང༌། སྤྱི་ཚོགས་སྤྱིའི་སྤྱོད་བཟང་ལ་བརྩི་འཇོག་བཅས་བྱེད་དགོས།

དོན་ཚན་ང་བཞི།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་དང༌། མཚན་སྙན། ཁེ་ཕན་བཅས་སྲུང་འཛིན་བྱེད་པའི་འོས་འགན་ཡོད། མེས་རྒྱལ་གྱི་བདེ་འཇགས་དང༌། མཚན་སྙན། ཁེ་ཕན་བཅས་ལ་གནོད་པ་བཏང་བའི་བྱ་སྤྱོད་ཡོད་མི་ཆོག།

འབྱུང་ཁུངས། ཁམས་པའི་དྲ་བ།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།