ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.05.2013 11:32:48
མཁར་སྒང་བསོད་ནམས་དབང་ལྡན།

༄༅། །ལོག་པའི་ལམ་གྱི་གཡང་སའི་གད་ཀ་ནས། །
རྟོག་བཟོའི་རྦབ་རྡོ་ཐུར་དུ་མི་བསྒྲིལ་བར། །
ཚད་ལྡན་ལུང་རིགས་ལྕགས་ཀྱུས་འཛིན་མཛད་པའི། །
ཡང་དག་ལམ་སྟོན་བླ་མ་རྒྱལ་གྱུར་ཅིག །

དགེ་ཆོས།

ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །
བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །
གཅིག་གི་རྫུན་ཁུངས་གཅིག་ལ་གཏད་མཐོང་ནས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

ཡོད་མེད་བློ་ཡིས་འཇོག་པས་ཆད་མཐའ་སེལ། །
ཚད་མ་ཡུལ་ལ་ལྟོས་པས་རྟག་མཐའ་སེལ། །
ཕན་ཚུན་བརྟེན་ནས་འབྱུང་བ་དེ་ཉིད་ཀྱིས། །
ཚད་གྲུབ་བདེན་གྲུབ་གནམ་ས་བཞིན་དུ་གྱུར། །

དགེ་ཆོས།

མ་བརྟགས་མ་དཔྱད་འཇིག་རྟེན་རྣམ་གཞག་དང་། །
བརྟགས་ཤིང་དཔྱད་པའི་གྲུབ་མཐའི་གཞུང་ལུགས་གཉིས། །
གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

བརྟགས་དང་མ་བརྟགས་འཇིག་རྟེན་ཡིན་མིན་གཉིས། །
ཕན་ཚུན་བརྟེན་པར་མཐོང་བའི་ཡིད་དཔྱོད་ཀྱིས། །
ཚད་གྲུབ་བདེན་གྲུབ་ཕྱེད་པར་དཀའ་གྱུར་ནས། །
རང་གིས་རང་ལའང་ཡིད་ཆེས་མེད་པར་འགྱུར། །

དགེ་ཆོས།

བློ་ལ་སྣང་བ་ཙམ་གྱི་སྒྱུ་མ་དང་། །
དོན་ལ་ཡིན་པར་ངེས་པའི་གཤིས་ལུགས་གཉིས། །
ཅིག་ཤོས་བདེན་ན་ཅིག་ཤོས་རྫུན་མཐོང་ནས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

དགག་བྱ་བཀག་ནས་སྣང་བའི་སྒྱུ་མ་དང་། །
བཀག་པའི་སྟོང་སང་ངེས་པའི་གཤིས་ལུགས་ཏེ། །
བདེན་གཉིས་ཟུང་འཇུག་འཇོག་ཚུལ་མ་ཤེས་པས། །
ཚད་གྲུབ་བདེན་གྲུབ་བོང་རྣའི་གསེར་བཞིན་གྱུར། །

དགེ་ཆོས།

རང་སྐྱོན་རི་བོ་འགེབ་པའི་སྔ་རྒོལ་དང་། །
གཞན་སྐྱོན་ཁབ་ཀྱིས་འཚོལ་བའི་ཕྱི་རྒོལ་གཉིས། །
གཅིག་ལས་གཅིག་རྒྱལ་རེས་སུ་བྱེད་མཐོང་ནས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

སྐྱོན་ཡོན་འགེབ་འཚོལ་སོ་སྐྱེའི་སྤྱི་ལུགས་ཙམ། །
སྔ་རྒོལ་ཕྱི་རྒོལ་རིགས་པ་བཟང་ངན་གྱིས། །
རྒྱལ་ཕམ་རེ་མོས་འབྱུང་བ་ཅི་མཚར་ཏེ། །
དེ་ཉིད་ཚད་གྲུབ་མེད་པར་ཅི་ཞིག་འབྲེལ། །

དགེ་ཆོས།

ཡོད་མཐའ་འགོག་པའི་སྣང་རུང་མ་དམིགས་དང་། །
མེད་མཐའ་སྤོང་བའི་མི་སྣང་མ་དམིགས་གཉིས། །
གཅིག་གི་རྣམ་གཞག་གཅིག་གིས་བཤིག་མཐོང་ནས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

སྣང་དང་མི་སྣང་དགག་རྟགས་གཉིས་པོ་ལས། །
མེད་མཐའ་མི་སྣང་རྟགས་ཀྱིས་མི་སྤོང་བས། །
གཅིག་གི་རྣམ་གཞག་གཅིག་གིས་ག་ལ་བཤིག།།
དེ་ཕྱིར་ཚད་གྲུབ་མེད་པ་མ་གྲུབ་རྟགས། །

དགེ་ཆོས།

གྲོགས་པོ་མཚན་མར་ཞེན་པའི་བདེན་འཛིན་དང་། །
གྲོགས་ཀྱིས་ཕན་པར་རྟོགས་པའི་ཚད་མ་གཉིས། །
སྲེད་པ་སྐྱེད་ལ་ཁྱད་པར་མི་འདུག་པས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

བདེན་པར་འཛིན་དང་ཚད་མའི་རྐྱེན་ཙམ་ལས། །
སྲེད་པ་སྐྱེད་པས་ཚད་གྲུབ་མེད་སྨྲ་བ། །
རྒྱལ་པོ་སྤྲང་པོ་གཉིས་ཀས་བུ་བསྐྱེད་ཕྱིར། །
ས་སྐྱོང་མེད་ཅེས་སྨྲ་དང་ཅིས་མི་མཚུངས། །

དགེ་ཆོས།

དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་། །
དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས། །
ཞེ་སྡང་སྐྱེད་ལ་ཁྱད་པར་མ་མཐོང་ནས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

ཞེ་སྡང་སྐྱེད་ལ་ཁྱད་པར་མ་མཐོང་བས། །
བདེན་འཛིན་ཚད་མར་སྨྲ་ན་ཅི་ཡིས་འགོག།།
སྔོ་ལྗང་མྱུ་གུ་བསྐྱེད་པར་མཚུངས་པའི་ཕྱིར། །
ས་བོན་ཆུ་ལུད་ཡིན་ཞེས་སྨྲ་དང་མཚུངས། །

དགེ་ཆོས།

རྗེས་དཔག་ཚད་མ་མངོན་སུམ་བློ་ལས་སྐྱེས། །
མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད། །
ཕ་ཡི་དཔང་པོ་བུ་ཡིས་བྱས་པ་འདིས། །
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །

ལན།

རྗེས་དཔག་གོང་འོག་སོ་སོར་གྲུབ་པས་ན། །
ཐ་སྙད་ཚད་གྲུབ་མེད་པར་འགལ་བའི་རྟགས། །
ཕ་བུ་དཔང་པོ་བྱས་པའི་དཔེ་དེ་ཡང་། །
དོན་ལ་མི་འབྱོར་ཚིག་གི་ཁུར་པོ་ཙམ། །

དགེ་ཆོས།

རིགས་པའི་དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན། །
ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་སྒྲུབ། །
རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང་། །
རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད། །

ལན།

བདེན་དོན་གཏན་ལ་འབེབས་པའི་ཤིང་རྟའི་སྲོལ། །
དྲི་མེད་རིགས་པ་ཡིན་ཕྱིར་རིགས་པ་གཞན། །
དེ་ལ་ཕན་ཚུན་བརྟེན་པ་ཅི་འགལ་ཏེ། །
ཉམས་མྱོང་རྒན་པོ་གཞོན་ནུར་བརྟེན་པ་བཞིན། །

དགེ་ཆོས།

ཡང་དག་རིགས་པ་ངེས་དོན་ལུང་ལས་རྙེད། །
དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད། །
རིགས་པས་ཤེས་ན་ངེས་དོན་ཅི་ལ་འཚོལ། །
རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད། །

ལན།

ཐོས་རིགས་སྒོ་མོ་གསུང་རབ་ལུང་གིས་འབྱེད། །
དྲང་ངེས་ཁྱད་པར་བསམ་སྒོམ་རིགས་པས་འབྱེད། །
ཐོས་བསམ་སྒོམ་པའི་གོ་རིམ་ཤེས་པ་ན། །
རྒྱུ་འབྲས་འཁོར་ལོའི་ལོག་རྟོག་འདི་དག་ཁེགས། །

དགེ་ཆོས།

བྱམས་མགོན་ཁྱི་མོར་མཐོང་བའི་ངང་ཚུལ་འདིས། །
མ་བརྟགས་ལྷན་སྐྱེས་བློ་ལ་ཡིད་མ་ཆེས། །
དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་འདིས། །
དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས། །

ལན།

རབ་རིབ་ནད་ཀྱིས་མིག་དབང་བསྒྲིབས་པ་ན། །
རྣ་བས་ཐོས་ཚད་བྲག་ཆར་འཛིན་པ་དང་། །
གཟའ་གྲིབ་ནད་ཀྱིས་ལུས་ཤེས་ཉམས་པའི་ཚེ། །
སེམས་ལ་འཆར་ཚད་འཁྲུལ་པར་སྨྲ་དང་མཚུངས། །

དགེ་ཆོས།

ཕལ་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས། །
རྒུད་པའི་རྩ་བ་ལྷན་སྐྱེས་བདེན་འཛིན་རྙེད། །
མཁས་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས། །
དེ་ལས་སྡུག་པའི་ཀུན་བརྟགས་བདེན་འཛིན་རྙེད། །

ལན།

ཕལ་པ་བདེན་འཛིན་རྗེས་སུ་འབྲངས་འབྲངས་ནས། །
ཆགས་སྡང་ལས་ཀྱིས་འཁོར་ལོ་སྐོར་བར་བྱེད། །
མཁས་པ་གཏན་ཚིགས་དག་ལ་བརྟེན་བརྟེན་ནས། །
རིགས་དང་མི་རིགས་གྲུབ་མཐའ་སྣ་ཚོགས་རྙེད། །

དགེ་ཆོས།

ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པའི། །
རྩོད་པའི་འུར་སྒྲ་སྒྲོག་པའི་འཇིག་རྟེན་འདིར། །
རྟག་ཏུ་གང་མཐོང་ཤེས་བྱ་ཡིན་པར་སྣང། །
རྒྱུན་དུ་གང་གོམས་ཚད་མ་ཡིན་པར་སྣང་། །

ལན།

སྙན་སྙན་སྨྲ་ཡང་ལྟར་སྣང་གསུམ་གྱིས་ཁེངས། །
ལོག་རྟོག་ཚང་ཚིང་འཁྲིགས་པའི་འཇིག་རྟེན་འདིར། །
མཐོང་ཚད་ཤེས་བྱ་ཡིན་པའི་ངེས་པ་མེད། །
གོམས་ཚད་ཚད་མར་དེ་བས་ག་ལ་ངེས། །

དགེ་ཆོས།

མི་མང་གང་ལ་དགའ་དེ་བདེན་པ་དང་། །
ཁ་མང་གང་ལ་མཐུན་དེ་གྲུབ་མཐར་སྣང་། །
མི་རེའི་ཁོང་ན་མི་མཐུན་ཚད་མ་རེ། །
དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ། །

ལན།

བདེན་རྫུན་མང་གིས་འབྱེད་པ་བླུན་པོའི་རྟགས། །
ཁ་མཐུན་གྲུབ་མཐར་འཇོག་པ་ལྐུགས་པའི་རྟགས། །
མི་རེའི་ཁོང་ན་མི་མཐུན་ལུང་རིགས་རེ། །
ཡོད་ན་ཁ་མཐུན་འབྱུང་བ་ག་ལ་སྲིད། །

དགེ་ཆོས།

ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ། །
དེ་ཡི་རྗེས་འབྲང་མཁས་བླུན་སྟོང་ཕྲག་རེ། །
འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས། །
རང་གི་བདེན་ཁ་རང་ལ་སྦྱིན་པ་འདི། །
རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ། །
མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲེལ། །

ལན།

འཛམ་བུའི་སྒྲས་བསྟན་ཡངས་པའི་རྒྱལ་ཁམས་འདིར། །
ཇི་ཙམ་མང་ཡང་ཆོས་ལུགས་བརྒྱ་ཕྲག་ཙམ། །
རང་རང་བདེན་ཁ་སྦྱིན་པའི་ལུགས་རྣམས་ཀྱང་། །
འདོད་དང་མི་འདོད་ཆགས་སྡང་དབང་ཙམ་ལས། །
རིགས་པའི་འཐད་པ་ལྡན་མིན་ཅི་རིགས་ཏེ། །
མེད་ཅེས་ལེབ་རྡུང་བྱེད་པ་ག་ལ་འཐད། །

དགེ་ཆོས།

མི་མཐུན་རིགས་དྲུག་འགྲོ་བའི་རྒྱལ་ཁབ་འདིར། །
བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་ཅིང་། །
མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས། །
བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད། །

ལན།

ཚད་མས་གྲུབ་ཚད་ཀུན་གྱིས་རྟོགས་དགོས་ཤིང་། །
བཅུ་ཡིས་འདོད་པ་བརྒྱ་ཡིས་འདོད་དགོས་ན། །
ཁྲིམས་དཔོན་བསྐོས་པའི་དགོས་པ་ཅི་ཞིག་ཡོད། །
བདེན་རྫུན་རྩ་ཁྲིམས་བཅས་པའང་དོན་མེད་འགྱུར། །

དགེ་ཆོས།

ཤེས་རབ་སྦྱངས་པས་མི་ཚད་ཟད་བྱས་པའི། །
གྲུབ་མཐའ་མཁན་པོའི་བློ་ཡང་འཁྲུལ་གྱུར་ན། །
འཇིག་རྟེན་བླུན་པོའི་རྫུན་གྱི་སྣང་བ་ལ། །
ཐ་སྙད་ཚད་མར་ཡིད་རྟོན་བྱེད་པ་འཁྲུལ། །

ལན།

ཉམས་མྱོང་རྒན་པོའང་འཁྲུལ་པ་སྲིད་པའི་ཕྱིར། །
བྱིས་པས་སྨྲ་ཚད་བདེན་པ་མིན་ནོ་ཞེས། །
སྙན་པའི་གདངས་ཀྱིས་དབྱངས་སུ་སྒྲོག་པ་འདི། །
གཏན་ཚིགས་ཁུག་མ་མ་ངེས་བུག་པའི་རྟགས། །

དགེ་ཆོས།

མཁོ་ཚད་བཟང་ཚད་སེམས་ཀྱི་འཆར་སྒོ་ཀུན། །
གུད་དུ་ཕྱེ་ནས་ཚད་མར་འདོད་པ་དེས། །
སྒྱུ་མའི་གྲོང་ཁྱེར་ཞིག་པའི་ཐང་སྟོང་དུ། །
མིག་འཕྲུལ་ནོར་བུའི་ཕུང་པོ་སླར་ཡང་རྙེད། །

ལན།

ཚད་གྲུབ་འཇོག་དང་བདེན་གྲུབ་བཀག་པ་གཉིས། །
ཚ་གྲང་བཞིན་དུ་འགལ་བར་འདོད་པ་དེས། །
སྒྱུ་མའི་གྲོང་དང་མི་ཡི་གྲོང་ཁྱེར་གཉིས། །
ལྟོ་གོས་འཚོལ་ཡུལ་མཚུངས་པར་རྙེད་པ་མཚར། །

དགེ་ཆོས།

བཞིན་རས་ཅུང་ཟད་འགྱུར་བས་འགྱུར་བྱེད་ཅིང་། །
མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པའི། །
མི་བརྟན་འགྱུར་བའི་ཤེས་བྱའི་གཟུགས་བརྙན་འདི། །
ནམ་ཞིག་མཐའ་ལ་གཏན་དུ་ཡལ་བར་ངེས། །

ལན།

གཟུགས་དང་གཟུགས་བརྙན་འགྱུར་བའི་རང་བཞིན་ཅན། །
སྐད་ཅིག་རེ་རེར་འཇིག་པ་བདེན་མོད་ཀྱང་། །
རྒྱུན་བཅས་གཏན་དུ་ཡལ་བར་འདོད་ན་ནི། །
མཐར་ཐུག་ཐེག་གསུམ་སྨྲ་བའི་ཟླ་བོར་འགྱུར། །

དགེ་ཆོས།

དཔྱད་པ་འདི་ལ་ཐུག་པས་མེད་དམ་སྙམ། །
ལག་པ་ཁབ་ལ་འཕྲད་པས་ཡོད་དམ་སྙམ། །
མྱོང་བ་མངོན་སུམ་ལག་པས་ཡིན་ནམ་སྙམ། །
སྣང་བ་འཁྲུལ་པ་སྲིད་པས་མིན་ནམ་སྙམ། །

ལན།

དཔྱད་པ་འདི་ཡིས་ཚད་གྲུབ་འགོག་ནུས་ན། །
ལག་པ་ཁབ་དང་འཕྲད་པ་ག་ལ་སྲིད། །
མངོན་སུམ་མྱོང་དང་སྣང་བ་འཁྲུལ་པ་གཉིས། །
ཤེས་པ་གཅིག་ལ་འདུ་བས་ཐུགས་བདེར་མཛོད། །

དགེ་ཆོས།

ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ། །
མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙམ། །
བདེན་པའི་ས་བོན་བཏབ་ན་རྫུན་པར་ཤེས། །
རྫུན་པའི་འབྲས་བུ་མྱོང་ཚེ་བདེན་པར་སྣང་། །

ལན།

རྩ་བ་བཙལ་བས་མེད་པར་ངེས་ནུས་ན། །
ཐེ་ཚོམ་གཉིས་པོ་ངང་གིས་བཟློག་པར་ངེས། །
དོན་དམ་དཔྱོད་པས་རྫུན་པར་ཤེས་པ་འགལ། །
རྫུན་པར་དཔྱོད་ཚེ་གཤིས་ལུགས་རྙེད་པར་འགལ། །

འོན་ཀྱང་སྔ་མས་སྒྱུ་མ་ལྟ་བུ་དང་། །
ཕྱི་མ་ཟུང་གིས་བདེན་གཉིས་རྒྱུ་འབྲས་ཏེ། །
ཐུགས་ཀྱི་གཏད་སོ་ཞྭ་སེར་རིང་ལུགས་དངོས། །
ཚིགས་བཅད་འདི་ཡིས་མཚོན་པར་བྱས་ཀྱང་རུང་། །

ཟ༵བ་ཟ༵བ་རིགས་པས་དཔྱོད་པའི་བརྗོད་དོན་རྣམས། །
སྙན༵་སྙན༵་ཚིག་གི་སྲད་བུར་བརྒྱུས་པའི་གཟིས། །
མཁ༵ས་མཁ༵ས་བློ་གསལ་ཡིད་དབང་འཕྲོག་བྱེད་པའི། །
གས༵ལ་གས༵ལ་མཁས་དབང་དགེ་ཆོས་གསུང་དག་ལ། །

རིགས་རྩེད་ཚུལ་དུ་ཅུང་ཟད་སྤྲོས་པ་འདི། །
གོ་ལོ་ཐོས་ལོ་ཙམ་གྱི་རྩོམ་ཐུང་ཡིན། །
འོན་ཀྱང་དམ་པའི་གསུང་གི་བཅས་མཚམས་ལས། །
མ་འགོངས་རིགས་པའི་རྒྱ་ཡིས་ལེགས་པར་བཏབ། །

ནོངས་པའི་དྲི་མ་མཁས་པའི་སྤྱན་སྔར་འཁྲུ། །
འདིར་འབད་ཟེར་གྱིས་རྨོངས་མུན་སེལ་དང་ལྷན། །
ཡང་དག་ལྟ་བའི་རང་མདངས་སྒྲིབ་མེད་དུ། །
རང་གཞན་རྒྱུད་ལ་ཀུན་ནས་རྒྱས་གྱུར་ཅིག། །།

༢༠༡༣།༡།༡༥ ཉིན་འཕྲིན་ཕྲན་ (wechat) བརྒྱུད་ནས་དགེ་ཆོས་ཀྱི་གསུང་དུམ་ཞིག་བཀོད་འདུག་པ་ལ་འཕྲལ་དུ་ལན་ཞིག་རྩེད་མཚར་དུ་བྲིས་པས་རྐྱེན་བྱས་ནས། ༡།༡༦ ཉིན་ཀླུ་སྒྲུབ་དགོངས་རྒྱན་ནང་གི་ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ་བའི་ཚིགས་བཅད་དེ་རྣམས་ལ་ལན་འདི་དག་རིགས་རྩེད་ཙམ་དུ་སྤྲོས་པ་མ་གཏོགས་ཕྲན་ལྟ་བུ་གོ་རྟོགས་ཅི་ཡང་མེད་པ་ཞིག་གིས་མཁས་དབང་དགེ་ཆོས་ཁོང་གི་གསུང་སྙན་འཇེབས་ཟབ་དོན་ཅན་དེ་དག་ལ་རང་དགར་སྣང་ཆུང་དུ་འབྲི་བར་ག་ལ་སྤོབས། ཞེས་སེར་བྱེས་ཏྲེ་ཧོར་མཁར་སྒང་བསོད་ནམས་དབང་ལྡན་གྱིས་བྲིས་པ་དགེ་ལེགས་འཕེལ།


  བརྒལ་ལན།
 

28.05.2013 00:41:26

འོ་ཡ་་དགེ་ཆོས་ལ་ལན་སྤྲད་འདུག        ལན་འདེབས་མཁན་དེང་གི་དགེ་བཤེས་བསོད་ནམས་དབང་ལྡན་ལགས་རེད་འདུག    ཧཧཧཧ

 
 
29.05.2013 14:31:39

ལྷ་མོ་ལགས། ཕཕེབས་པར་དགའ་བསུ་ཞུ། ང་ད་ལྟར་དགེ་བཤེས་བཏང་མ་ཚར། འོན་ཀྱང་དགེ་བཤེས་རེད་གསུངས་པ་དེ་རྟེན་འབྲེལ་ཡག་བྱུང་། ཧཧཧཧཧཧ

 
 
29.05.2013 23:20:26

ཧཧཧཧ་་་་ནོར་བ་དེའང་འགྲིག་བཞག་་་་རྟེན་འབྲེལ་བཟང་པོ་དང་བྱ་བཟང་ལྷུན་འགྲུབ་ཤོག

 
 
31.05.2013 09:33:47

མཁས་པའི་དབང་པོ་དགེ་ཆོས་འདས་ཟིན་ཀྱང་ཁྱེད་ཀྱིས་འདི་ལྟར་བྲིས་པར་དངོས་གནས་བཤད་ན་དགའ་འོས་པ་ཞིག་རེད། འོནཏང་དེང་སྐབས་སྤྱི་ཚོགས་འདི་དག་གི་ནང་ན་སྐད་ཆ་དང་རྣམ་འགྱུར་ཡོད་ཚད་ལྡོག་ཕྱོགས་ནས་སྟོན་བཞིན་ཡོད་པ་འདིས་བོད་མི་རིགས་ཀྱི་དྲང་ཚུགས་བརླག་གིན་ཡོད་མིན་འགྲོ་དྲན་གྱིན་གདའ། དེ་ནི་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་ཆར་རྗེས་ཀྱི་ཤ་མོལ་ལྟར་བརྡོལ་བཞིན་ཡོད། འདིའི་ཐད་ནས་ཁྱེད་རང་ལ་དགོངས་ཚུལ་ཅི་ཡོད་ཅིག་གསུང་རོགས་ཞུ།

 
 
31.05.2013 14:22:32

ལགས་སོ། །གྲོགས་དབྱིག་གཉེན་ལགས་ཕེབས་ནས་དྲི་བ་གནང་བར་དགའ་བསུ་ཞུ། བར་སྐབས་ནས་སྐྱོན་ཆ་ཐེར་འདོན་ཁོ་ན་ལ་འབད་འབུངས་བྱས་དྲགས་ཏེ། ད་ཆར་སྨྱུ་གུ་ལག་ཏུ་འཛིན་འགོ་བརྩམས་པ་ནས་་་་་་སུན་ཅི་ཕྱིན་དུ་རྒོལ་བ་པོར་་་་་གྱུར་དང་འགྱུར་བཞིན་པའི་སྤྱི་ཚོགས་ཤིག་གྲུབ་པ་འདི་མི་རིགས་ཤིག་གི་ལས་དབང་ལ་འགན་མི་ཁུར་བའི་མྱི་ཚོགས་ཀྱི་ཕུང་པོ་ཞིག་ཏུ་གྲུབ་པ་མིན་ནམ་སྙམ་པའི་བློ་འཚབ་འདུག་ལ། དེ་ནི་ཞིབ་ཏུ་བསམ་ན་ཕྱོགས་གཅིག་ནས་ཆད་པའི་སྐྱོན་འདུག །གལ་ཏེ་མི་རིགས་དང་སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་སྐྱོན་བརྗོད་ཅིག་བྱེད་འདོད་ན། སྐྱོན་སེལ་བྱས་པའི་ཤུལ་དུ་ལེགས་ལམ་དུ་བཀྲི་བའི་ཐབས་ཤེས་ཤིག་འདོན་དགོས་རྒྱུ་དེ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིནཔར་འདོད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -