ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.05.2013 22:47:35
བེ་རི་འཇིགས་མེད་དབང་རྒྱལ།

རིགས་རུས་ཆོ་འབྲང་གི་འབོད་མིང༌། རིགས་རུས་ཆོ་འབྲང་མི་རབས་སམ། ཕ་ཚན་མ་ཚན་ཉེ་འབྲེལ་སྐོར དང་ས་ཁུལ་ཡུལ་ལུང་མི་གཅིག་པར་རང་སྲོལ་འབོད་ཚུལ་མི་འདྲ་ཞིང༌། མཁས་པ་སོ་སོའི་འགྲེལ་ཚུལ་ཡང༌དེ་བཞིན་མི་མཐུན་མང་ནའང༌། ཅུང་ཟད་སྤྱི་ལ་ཁྱབ་པའི་འབོད་མིང་གི་དཔེར་མཚོན།


1. ཕ་ཚན་སྐོར་གྱི་མིང༌།རང་ནས་གོང་དུ་རིམ་པ་བཞིན། །རང་ནས་ཡར་དེད་མི་རབས་གསུམ༌། །ཕ་དང་ཨ་མྱེས་ཡང་མྱེས་ཟེར། །ཕ་ཡི་ཕུ་ནུ་ཨ་ཁུ་ཡིན། །ཕ་ཡི་སྲིང་མོར་ཨ་ནེ་དང༌། །དེ་ཡི་ཁྱོ་བོར་ཨ་བངའམ་བང་པོ་ཟེར། ཨ་ཁུའི་རིགས་ཀྱི་བྱིས་པ་དང༌། །རང་གཉིས་བར་ལ་ཕ་སྤུན་ཟེར། །ཕ་ཡི་ཕ་ལ་ཨ་མེས་ཨ་མྱེས་དང༌། །ཕ་ཡི་མ་ལ་ཨ་ཕྱི་མེས་མོ་ཟེར། །མེས་པོའི་ཕ་ནི་ཡང་མེས་དང༌། །མེས་པོའི་མ་ནི་ཡང་ཕྱི་ཡིན། །དེ་རྣམས་རང་གི་ཕ་ཚན་ཡིན། །

2. མ་ཚན་སྐོར་གྱི་མིང༌།མ་ཡི་ཕ་ལ་སྤོ་བོ་དང༌། །མ་ཡི་མ་ལ་རྨོ་མོ་ཟེར། །མ་ཡི་ཕུ་ནུར་ཞང་པོ་དང༌། །མ་སྤུན་མོ་གཅེན་མོ་དང་གཅུང་མོ་ལ་ཨ་ནེ་སྟེ། །དེ་ཡི་ཁྱོ་བོར་བང་པོ་ཟེར། །མ་ཡི་སྤུན་གྱི་བྱིས་པ་དང༌། །རང་གཉིས་བར་ལ་མ་སྤུན་ཟེར། །དེ་རྣམས་རང་གི་མ་ཚན་ཡིན། །

3. སྤུན་མཆེད་ཤ་ཉེའི་སྐོར་གྱི་མིང༌།རང་གི་གཡས་སུ་རིམ་པ་བཞིན། །མིང་པོ་གཅེན་གཅུང་སྲུ་མོ་སྟེ། །རང་སྤུན་ཕོ་ལ་མིང་པོ་ཟེར། །རང་ལས་ཆེ་བར་ཕུ་བོ་གཅེན་པོ་དང༌། །རང་ལས་ཆུང་བར་ནུ་བོ་གཅུང་པོ་ ཟེར། །ཕུ་བོའི་ཆུང་མ་སྲུ་མོ་ཡིན། །ཕུ་དང་ནུ་བོའི་བྱིས་པ་ལ། །རང་གི་ཚ་བོ་ཚ་མོ་དང༌། །དེ་ཡི་བྱིས་པར་ཡང་ཚ་ཟེར། །རང་ནས་གཡོན་དུ་རིམ་པ་བཞིན། །སྲིང་མོ་ཨ་ཅེ་ནུ་མོ་སོགས། །རང་སྤུན་མོ་ལ་སྲིང་མོ་ཟེར། །རང་ལས་ཆེ་བར་ཨ་ཅེ་གཅེན་མོ་དང༌། །རང་ལས་ཆུང་བར་ནུ་མོ་གཅུང་མོ་ཡིན། །ནུ་མོའི་ཁྱོ་བོར་མག་པ་ཟེར། །ཨ་ཅེ་ནུ་མོའི་བྱིས་པ་ནི། །རང་གི་སྣག་ཚ་སྣག་མོ་ཡིན། །སྣག་ཚ་སྣག་མོའི་་་བྱིས་པ་ནི། །རང་གི་སྣག་གི་ཡང་ཚ་ཟེར། །དེ་རྣམས་སྤུན་མཆེད་ཤ་ཉེ་ཡིན། །

4. གཉེན་འབྲེལ་གྱི་སྐོར།བཟའ་ཟླ་ཕོ་ལ་ཁྱོ་བོ་དང༌། །བཟའ་ཟླ་མོ་ལ་ཆུང་མ་ཟེར། །ཁྱོ་གའི་གཅེན་དང་གཅུང་པོ་ནི།རང་གི་ཆུང་མའི་སྙིད་པོ་ཡིན། །ཁྱོ་གའི་ཨ་ཅེ་ནུ་མོ་ནི། །ཆུང་མའི་སྙིད་མོ་ཆེ་ཆུང་ཟེར། །དེ་བཞིན་ཆུང་མའི་མིང་སྲིང་ཡང༌། །ཁྱོ་གའི་སྙིད་པོ་སྙིད་མོ་ཡིན། །ཆུང་མའི་ཕུ་བོ་ནུ་བོ་ནི། །རང་གི་ཁྱོ་གའི་སྐུད་པོ་་དང༌།ཁྱོ་གའི་གཅེན་མོ་གཅུང་མོ་ནི། །རང་གི་ཆུང་མའི་སྐུད་མོ་ཡིན། །ཆུང་མའི་ཕ་དང་མ་གཉིས་ལ། །ཁྱོ་བོའི་གྱོས་པོ་གྱོས་མོ་ཟེར། །དེ་བཞིན་ཁྱོ་གའི་ཕ་མ་གཉིས། །ཆུང་མའི་སྒྱུག་པོ་སྒྱུག་མོ་ཟེར། །དེ་རྣམས་རང་གི་གཉེན་འབྲེལ་ཡིན། །

5. རིགས་རྒྱུད་སྐོར་གྱི་མིང༌།རང་ནས་མར་ལ་རིམ་པ་བཞིན། །རང་གི་བྱིས་པར་བུ་བུ་མོ། །དེའི་འོག་ཚ་བོ་ཚ་མོ་དང༌། །དེ་ཡི་བྱིས་པ་ཡང་ཚ་ཡིན། །ཡང་ཚའི་བྱིས་པར་གཞི་ཚ་གསུམ་ཚ་དང༌། །གཞི་ཚའི་བྱིས་པར་གོས་ཚ་ཟེར། །གོས་ཚའི་བྱིས་པར་གྲོས་ཚ་ཟེར། །དེ་རྣམས་རང་ནས་མར་དེད་པའི། །རང་གི་རིགས་རྒྱུད་མི་རབས་ བདུན། །བུ་མོའི་ཁྱོ་བོ་མག་པ་དང༌། །བུ་ཡི་ཆུང་མར་མནའ་མ་ཟེར། །

6. ཐ་སྙད་ཐོར་བུའི་སྐོར།གཞན་ཡང་ཕ་བུར་ཕ་སྤད་དང༌། །མ་དང་བུ་མོར་མ་སྨད་ཟེར། །རང་དང་མེས་པོར་མེས་དབོན་དང༌། །རང་དང་ཨ་ཁུ་ཁུ་དབོན་ཡིན། །རང་དང་ཞང་པོ་ཞང་དབོན་དང༌། །མ་དང་ཞང་པོ་མ་ཞང་ཡིན། །ཕ་རྒྱུད་གཉེན་ཚན་ཕ་ཚན་དང༌། །མ་རྒྱུད་གཉེན་ཚན་མ་རྒྱུད་ཡིན། །རང་གི་མིང་སྲིང་སྤུན་མཆེད་དང༌། །རང་གི་བུ་ཚ་རིགས་རྒྱུད་ཡིན། །དེ་ལྟར་རིགས་རུས་ཆོ་འབྲང་གི །འབོད་མིང་གསལ་པོ་མ་ཤེས་ ན ། །རང་མཚན་ཡིན་ལ་གཞན་གྱིས་འཕྱ། །དེ་ཕྱིར་མ་ནོར་ཤེས་པར་གྱིས། །(འདི་ཡང་གལ་ཆེར་མཐོང་ནས་ཟུར་འགོད་བྱས་པ་ལགས།)



  
 

27.05.2013 07:29:22

རྒན་བེ་རི་ཕེབས་ན་སྤྲོ་བྱུང་ལ།
ཕ་མ་སྤུན་འཁྲིད་ནས་ཕེབས་སྟངས་དེ།
ཤ་རུས་པ་ཉེ་བའི་རིགས་རུས་ཚོའི།
རང་ངོ་ཙམ་འཕྲོད་སོང་དགའ་བྱུང་ལགས།




 
 
29.05.2013 10:44:39

དགེ་རྒན་ཆེན་མོ་ལགས་ཕེབས་པ་བཟང་།

 
 
01.06.2013 23:46:22

མ་སྤུན་མོ་གཅེན་མོ་དང་གཅུང་མོ་ལ་ཨ་ནེ་སྟེ་་གསུང་པ་འདི་བཏགས་ནོར་མིན་ནམ་སྙམ། ཅིའི་ཕྱིར་ཟེར་ན་རི་མོའི་ནང་ལ་སྲུ་མོ་ཞེས་བྲིས་གནང་འདུག་པ་མ་ཟད་བོད་སྐད་དང་ཡང་མཐུན་པ་རེད་བསམ། དེ་མིན་ཨ་མྱེས་དང་ཨ་ཕྱི་ནི་མདོ་ཁམས་པའི་སྐད་དུ་ཕ་མ་གཉིས་ཀའི་ཕ་མ་ལ་འབོད་པ་དང་སྤོ་བོ་དང་རྨོ་མོ་ནི་དབུས་གཙང་གི་སྐད་དུ་ཕ་མའི་ཕ་མ་ལ་འབོད་པ་འདྲ་ཞིག་མཐོང་། འབྲི་གུང་ཨ་ཕྱི་ཆོས་སྒྲོན་གྱི་མཚན་ཐོག་ཚུལ་ལ་བསམ་ན་ཨ་ཕྱི་ཨ་མྱེས་ཞེས་པ་བོད་གནའ་བོའི་སྐད་ལུགས་མིན་ནམ་སྙམ་པ་བྱུང་།
སྥུན་མཆེད་ཚོའི་བཟའ་ཟླ་ལ་འབོད་མིང་འདི་དག་ནི་ངས་གོ་མ་མྱོང་། ཨ་མདོའི་ཕྱོགས་ཀྱི་མི་ཚོས་རང་གི་གཅེན་པོའི་ཆུང་མ་ལ་སྲུ་མོ་ཞེས་འབོད་གི་འདུག བལ་ཡུལ་གྱི་རྒྱལ་ཁོངས་ཡིན་པའི་བོད་རིགས་དེ་ཚོས་ཨ་ཁུའི་ཆུང་མ་ལ་ཨ་ནེ་དང་ཨ་ཞང་གི་ཆུང་མ་ལ་སྲུ་མོ་ཞེས་འབོད་སྲོལ་འདུག བདག་གི་ཕ་ཡུལ་གི་ལུགས་ལ་སྥུན་ཉེའི་བཟའ་ཟླ་ལ་དངོས་མིང་ལས་འབོད་མིང་སྤྱོད་སྲོལ་མེད། གང་ལྟར་ང་ཚོ་བོད་པས་ཐ་སྙད་གསར་བཟོ་བྱེད་རྒྱུ་ཕར་ཞོགས་སྔར་ཡོད་མང་པོ་རླག་འགྲོ་གི་ཡོད་ས་རེད་འདུག་ཨང་།

 
 
06.06.2013 11:48:57

རྒན་བེ་རི་ལགས་སུ་དེང་སང་དྲྭ་ཁག་ཏུ་ཉིད་ཀྱི་རྩོམ་ཡིག་རེད་ཟེར་ཚིག་བཅད་གཅིག་ཁྱབ་བཞིན་འདུག་རྩོམ་ཡིག་འདི་ཉིད་ཀྱི་ཡིན་མིན་གསལ་བཤད་གཅིག་གནང་རོགས།
རྩོམ་ཡིག་འདི་ལྟར།
རྒྱལ་གཅེས་ཀརྨའི་གཏམ་གྱིས།།
རྒྱལ་བ་ཁྲམ་པ་བཟོས་ཟེར།།
རྒྱལ་ཁབ་དགོས་པ་མེད་ན།།
རྒྱལ་བ་ཡོད་ཀྱང་ཅི་ཕན།།
ཞེས་པ་འདི་ཉིད་ཀྱི་བྲིས་པ་ཞིག་ཡིན་མིན་ངེས་པར་གསལ་བཤད་གནང་དགོས།
གལ་ཏེ་ཉིད་ཀྱི་བྲིས་པ་བདེན་པ་ཡིན་ན་ང་ལ་ཤོད་ཡས་གང་མེད།
བྲིས་མེད་ན་གསལ་བཤད་ངེས་པར་གམང་དགོས་མི་མང་པོ་ཞིག་གི་སེམས་ལ་རྨ་ཁ་བཟོས་འདུག
དེ་ལུགས་ཉིད་ནས་དགོངས་བཞེས་མཛོད།།

 
 
08.06.2013 14:33:32

བཀུར་འོས་མཆོག་ཕེབས་པ་དགའ་བསུ་ཞུ།

 
 
07.03.2014 02:38:21

བཟོད་པ་ལྷ་རྩེ་ལགས།་གོང་གསལ་དེ་ངས་བྲིས་པ་མིན། བར་ལམ་ཞིག་ནས་འདི་འདྲ་གནང་མཁན་ཁ་ཤས་ཡང་ནས་ཡང་དུ་ཡོང་གི་འདུག སུ་ཡིན་མི་ཤེས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -