ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

15.03.2013 00:31:44
གངས་དཀར་སེམས།

དང་པོ།   བོད་རྒྱའི་དཀའ་རྙོག་སེལ་ཐབས།

གནས་སྟངས་མང་པོར་གཞིགས་ན་ད་ལྟའི་ཆར་བོད་རྒྱ་གཉིས་ཀ་ཕྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ཛ་དྲག་ཏུ་འགྱུར་བཞིན་པ་ཧ་ཅང་གསལ།  དེར་བརྟེན་གཞིས་སུ་དམངས་ཁྲོད་དུ་གོ་རྟོགས་སེལ་ཕྱིར་ལས་འགུལ་གང་མང་སྤེལ་དགོས་པ་དེ་གཙོ་བོར་ངོས་འཛིན་གྱིས་ཤུགས་གནོན་བརྒྱབ་དགོས།  དཔེར་ན་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱ་མི་རིགས་ལ་འགྲེལ་བརྗོད་དང།  བོད་མི་ཚོས་རྒྱ་ནག་གི་གནས་སྟངས་ལ་རྒྱུས་ལོན་ཡོང་ཐབས་དགོས། དེ་བཞིན་དམར་ཤོག་གི་གདུག་རྩུབ་སྲིད་ཇུས་དངོས་ར་འཕྲོད་རྒྱུ་ནི་ངོ་རྒོལ་ལས་འགུལ་ཡོངས་དང་རང་དབང་རྩོད་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་མཐོང།


སྤྱིའི་ཆ་ནས་མི་མང་དུང་ཕྱུར་བཅུ་གསུམ་ལྷག་གིས་རང་གི་རྣམ་དཔྱོད་ལ་བརྟེན་ནས་དམར་གཞུང་གིས་བཀག་སྡོམ་ཇི་ཙམ་བྱས་ཀྱང་དངོས་ཡོད་གནས་ཚུལ་ཤེས་རྟོགས་གང་མཚམས་ཡོང་གི་ཡོད།   དེ་མཚུངས་གྱོད་དོན་སྣ་ཚོགས་དང་རྣམ་པ་འདྲ་མིན་གྱི་ལས་འགུལ་ཆེ་ཆུང་གང་མང་ཡང་དབྱར་ཆུ་ལྟར་རྒྱས་བཞིན་ཡོད།  དམར་གཞུང་གི་མགོ་གཙོ་ཉུང་ཤས་ཀྱིས་ལག་ཐོག་ཡོད་པའི་དབང་ཆར་བརྟེན་ནས་སྲིད་དབང་མཁྲེགས་འཛིན་ཇི་ཙམ་བྱེད་ཀྱང། དེ་དག་ནི་དམངས་ཀྱི་འདོད་འདུན་དང་མིི་མཐུན་པ་མངོན་སུམ་ཡིན་སྟབས་དུས་ཚོད་ཙམ་ལས་སྲིད་དབང་མགོ་གཏིང་ལོག་རྒྱུ་ཉག་ཅིག་ལ་མང་པོས་ངོས་འཛིན་བྱེད་ཀྱི་ཡོད།  དུས་འདིར་རྒྱ་བོད་དབར་གྱི་དཀའ་གནད་ཅིག་ནི་དམངས་ཀྱི་འདོད་དོན་དངོས་ལ་སྲིད་གཞུང་གིས་འཁྱོག་བརྗོད་ཚབས་ཆེན་བྱས་པའི་འོག་རྒྱ་བོད་མི་མང་དབར་འགལ་ཟླར་བསྒྱུར་བའི་ཉེན་ཚབས་ཀྱང་དེ་རེད།

གཉིས་པ།   བཙན་བྱོལ་ནང་གི་ཤེས་ཡོན་དང་བཟང་སྤྱོད་ཉམས་ཆག་འགྲོ་གཞིའི་སྐོར།

བཙན་བྱོལ་ནང་ཁ་བཤད་ཙམ་ལ་གོམས་ལོབ་སོང་བའི་གཤིས་སྤྱོད་ངན་པ་ཞིག་གང་སར་མཐོང་རྒྱུ་འདུག  སྤྱིའི་ཆ་ནས་གནས་ཚུལ་ཤེས་མཁན་ཚོས་ལྟར་ན་བོད་མི་རིགས་འདིར་བཙན་གནོན་འོག་ཏུ་དཀའ་ངལ་ཚབས་ཆེན་ལ་ཁ་གཏད་དེ་བསྡད་དགོས་པའི་དྲང་བདེན་གྱི་གནས་སྟངས་དང། དེ་མིན་ནང་ཆོས་ཀྱི་བདེན་པའི་སྙིང་པོ་དང་འབྲེལ་བའི་བཟང་པོའི་གོམས་གཤིས་དང་ལུགས་སྲོལ་འདིར་ཡི་རང་བྱེད་མཁན་མང། དེ་བས་མི་རིགས་ཤིག་གི་མ་འོངས་མདུན་ལམ་དང་འབྲེལ་བའི་ཤེས་བྱ་སྣ་འཛོམས་དགོས་པ་བདེན་ཡང། གཙོ་བོ་ཁྲིམས་སྒྲིག་གིས་སྟངས་འཛིན་ཡོད་ཐོག་ཁྱི་ལ་བསྲུང་རྒྱུ་ཁྱི་རྔ་ཟེར་བ་ལྟར་དགེ་བའི་སྙིང་པོ་དང་ལེགས་ཚོགས་ཀྱི་བཟང་ཆ་འདི་དུས་ནམ་ཡང་བོར་བརླག་གཏང་མི་རུང་སྙམ། དེ་མིན་གང་ཟག་ཅིག་ཤར་ལྷོ་ནུབ་བྱང་གང་གི་སར་གནས་ཀྱང་རུང།  ཤ་མདོག་དཀར་སེར་དམར་ནག་ཅི་འདྲ་ཡིན་ཡང་ཆོག  ལུས་ཕུང་སྐེམ་རིད་རྒྱག་པ་སོགས་དབྱིབས་གཟུགས་ཅི་འདྲ་ཡིན་ཡང་གཙོ་བོ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་མཁོ་བའི་དགེ་བ་དང་བདེ་སྐྱིད། རང་དབང་བཅས་ཀྱི་ཕུགས་བསམ་དེའི་དྲང་བདེན་གྱི་སྙིང་པོ་དང་ཁ་བྲལ་བཏང་བ་ཡིན་ན་དེ་ནི་འགྲན་རྩོད་ཁོ་ནས་མིའི་རིགས་ལ་སྡུག་བསྔལ་གྱི་ས་བོན་ཙམ་ལས་ཅི་ཞིག་ཡོད།

གསུམ་པ།  ༸རྒྱལ་བ་རིན་པོ་ཆེ་དང་དབུས་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད།

༸གོང་ས་མཆོག་དང་དགེ་བའི་བཤེས་གཉེན་རྣམ་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ལ་མཚོན་ན་ལོ་རྒྱུས་ཀྱི་དངོས་ཡོད་གནས་སྟངས་དང་ཁ་བྲལ་དུ་སོང་ཡོད་པ་མ་ཟད། དེ་འདྲའི་རིགས་སྤྱི་ཚོགས་སྐྱོང་བའི་ཆབ་སྲིད་པ་ཞིག་གི་ཚད་གཞི་ཙམ་ཡང་ལོང་མེད་པར་ངོས་འཛིན་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་འདི་ལའང་རྒྱུ་མཚན་དང་དཔང་རྟགས་གསལ་ཁ་མེད་པའི་ཁ་ནས་གང་ཐོན་གྱིས་སེམས་ཀྱི་ཁོང་ཁྲོ་དང་ཞེ་སྡང་སོགས་ཕྱིར་ངོམས་གང་ཐུབ་ཙམ་ལ་འབད་རྩོལ་བྱེད་པ་ནི་སྤྱི་སྒེར་གང་ལའང་མི་ཕན་པའི་ཅོལ་ཆུང་གི་བྱ་བ་ཞིག་ལ་ངོས་འཛིན་ཡོད། སྤྱིར་རྙོག་འཛིང་དང་ཟང་ཟིང་ནི་སྤྱི་ཚོགས་ཀྱི་ངོ་གདོང་དངོས་ཡིན་པར་བདེན་ཡང།    ང་ཚོའི་མི་རིགས་ཀྱི་དངོས་ཡོད་གནས་སྟངས་དང་དཀའ་ཚེགས་དེ་དག་ཤེས་ནས་ཕྱིའི་ནམ་མཁའ་ལྟ་བུའི་རང་དབང་གི་རྒྱ་ཁྱོན་ལ་གཙོ་བོར་བསམ་གཞིགས་ཀྱིས་ལས་དོན་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ་སྙམ།   དེར་བརྟེན་གཞི་མེད་སྐྱོན་བརྗོད་རིགས་ལ་དོ་སྣང་ཆེན་པོ་དགོས་པ་དེ་ང་ཚོའི་ལས་འགན་གཙོ་བོ་མིན་ཡང།  རྩིང་སྤྱོད་འདིའི་རིགས་སྤེལ་མཁན་གྱི་ངོས་ནས་སྒེར་གྱི་མི་གཤིས་ཀྱི་ལ་རྒྱ་ལ་འགན་འཁུར་དགོས་རྒྱུ་ཧ་ཅང་གལ་ཆེ།

བཞི་པ།   བོད་ཀྱི་ལོ་རྒྱུས་སོགས་ལ་འཁྱོག་བརྗོད།

ད་བར་ཁ་མང་ཉུང་དང་དྲིལ་བསྒྲགས་ཀྱི་ཤུགས་ཆེ་ཆུང་ལ་གཙོ་བོར་བརྟེན་ནས་བོད་ཀྱི་ལོ་རྒྱུས་འདི་རས་ཡོལ་འོག་གི་གསང་བ་དང་ཤིན་ཏུ་མཚུངས་སོ།། འོན་ཀྱང་ང་ཚོར་རྒྱུ་ཆ་གང་ཡོད་པ་དང། རྒན་རབས་ཤེས་ལྡན་དང་བློ་གྲོས་ཅན་ཚོའི་དཀའ་སྤྱད་འབད་རྩོལ་ལ་གཙོ་བོར་བརྟེན་ནས་གྲངས་ཀ་དང་ཁྱབ་ཚད་ཉུང་ཡང་ལོ་རྒྱུས་ཀྱི་བདེན་པ་ད་དུང་ང་ཚོའི་ཕྱོགས་སུ་ཡོད་པ་རེད། དེ་བཞིན་དེང་རྒྱལ་སྤྱིའི་ཐོག་གི་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པར་བགྲང་བཞིན་པའི་དམར་གཞུང་གཙོས་རྒྱལ་ཁབ་དང་ཚོགས་སྡེ། དེ་བཞིན་མི་སྒེར་བཅས་ནས་རྒྱུ་མཚན་དང་དཔང་རྟགས་གསལ་པོ་མེད་པའི་རིགས་སྤྱི་བསྒྲགས་བྱས་ཚེ། ང་ཚོའི་ཕྱོགས་ནས་ཀྱང་ངེས་པར་དུ་དེར་དུས་ཐོག་དགག་ལན་ཡོང་ཐབས་དགོས་པ་དང། རང་རེའི་བཅའ་ཁྲིམས་ཀྱི་དགོངས་དོན་ནང་དུའང་དེ་འབྲེལ་དོན་ཚན་གྱིས་ཐག་གཅོད་ཡོང་དགོས་པ་དང།  བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཁུངས་མེད་འཁྱོག་བརྗོད་ལ་ཐད་ཀར་བདེན་པའི་འགྲེལ་བརྗོད་བྱ་གལ།

ལྔ་པ།   གློ་བུར་དུ་བྱུང་བའི་ཆབ་སྲིད་གནས་བབ་ཛ་དྲག་ལ་གདོང་ལེན་བྱ་ཕྱོགས།

འཛམ་གླིང་ཡོངས་ཀྱི་གནས་སྟངས་ནི་བསམ་བཞིན་གོ་རིམ་ལྟར་བྱུང་བ་ཞིག་མིན་པར། ས་གཞི་གོ་ལའང་ཉིན་ལྟར་འཁོར་འགྱུར་འགྲོ་བཞིན་པ་ལྟར། མ་འོངས་པར་རྒྱ་ནག་ཏུ་ཆབ་སྲིད་ཀྱི་འཕོ་འགྱུར་རམ་ཟང་ཟིང་ཆེན་པོ་ཡོང་རྒྱུ་ནི་གཏན་ཁེལ་བ་ལྟར་ཡིན།  འོན་ཀྱང་སྲིད་དབང་འཛིན་མཁན་ཚོས་ཀྱང་དུས་རིམ་ནང་ནུས་པ་ཡོད་རྒུས་སྲིད་དབང་མཁྲེགས་བཟུང་བྱ་ངེས་ལ་བརྟེན། ང་ཚོའི་གཞུང་མང་ཕྱོགས་གཉིས་ཀས་དུས་འགྱུར་ལ་དཔག་པའི་གདོང་ལན་བྱ་ཕྱོགས་འཆར་གཞི་རགས་རིམ་ད་ནས་བཟུང་མགོ་བརྩམ་དགོས་ཀྱི་འདུག  དེ་མིན་སྐབས་བབ་ཀྱི་གནས་སྟངས་ཛ་དྲག་སྐབས་རང་རིགས་ཕྱོགས་ནས་དགོས་འདུན་མོག་མོག་ཙམ་གྱིས་དུས་ཚོད་བསྐྱེལ་ཐབས་མེད།  དཔེར་ན་བོད་ནང་དུ་ཛ་དྲག་གནས་བབ་ལ་གདོང་ལེན་བྱ་ཕྱོགས་སྐོར་དགྲ་ཕྱོགས་ཀྱི་སྐྱོན་བརྗོད་བྱེད་གཞི་ཐལ་དྲགས་པ་མི་འགྱུར་བའི་ལས་གཞི་གསར་སྒྲིག་དང། གཞིས་ལུས་སྤུན་ཟླ་རྣམས་ལ་རེ་བསྐུལ་གྱི་ཐོག་ནས་ལས་གཞི་གསར་པ་མཁོ་སྤྲོད་གནང་ཐབས་ལ་འབད་དགོས་པ་ལས་རྒྱ་དམར་གྱིས་སྐྱོན་བརྗོད་ཁོ་ནའི་ངག་ཐོག་གི་ལོག་སྨྲ་ལ་འཛེམས་ཟོན་དང་འཇིགས་སྐྲག་ཁོ་ནས་གནད་དོན་ལ་གཡོལ་ཐབས་བྱེད་པ་ནི་དུས་ཡུན་རིང་པོའི་ཐབས་ཇུས་མིན།

དྲུག་པ།  ཤེས་ཡོན་པས་དམིགས་བསལ་གྱི་རྣམ་དཔྱོད་འདོན་སྟངས།

སྤྱི་བཤད་ལྟར་ན་ཤེས་ཡོན་པ་ནི་སྣ་མང་ཡིན་ཞིང།   རྣམ་དཔྱོད་ཀྱི་ངོ་བོའང་སྣ་ཚོགས་ཡིན་སྟབས་གཅིག་གྱུར་གྱི་སྟངས་འཛིན་ཡོང་ཐབས་མེད། འོན་ཀྱང་རང་མི་རིགས་ཀྱི་དམིགས་བསལ་ཛ་དྲག་གནས་སྟངས་ཀྱི་ཕྱིའི་ཁོར་ཡུག་ལ་བརྟེན་ནས་བཙན་བྱོལ་ནང་གི་ཤེས་ཡོན་པ་ཚོ་མིག་སྔར་སྤྱི་ཚོགས་གཅིག་གི་འཐབ་རྩོད་པའི་སྣེ་ཤན་པ་ཡིན་དགོས་པ་དེ་བདེན་པ་རེད་། དེ་དག་ལ་ངེས་པར་དཀྱུས་མང་དང་མི་འདྲ་བའི་རྣམ་དཔྱོད་ཅིག་འདོན་དགོས་པ་ཤིན་ཏུ་གལ་ཆེ་བ་ལས།  དཀྱུས་མང་ཚོར་ཚོར་བ་གཅིག་པུར་བསྐྲུན་རྒྱུ་ནི་ཤེས་ཡོན་པའི་རྣམ་དཔྱོད་ག་ལ་ཡིན།  འོན་ཀྱང་དུས་ད་ནས་བཟུང་ལངས་ཕྱོགས་ཅི་འདྲ་ཡིན་ཡང་མཉམ་འཛོམས་ཀྱི་སྒོ་ནས་ལྷག་བསམ་རྣམ་དག་གིས་བོད་དོན་བདེན་མཐའ་གསལ་ཕྱིར་གྲོས་གཞི་འདོན་ཐབས་ལ་འབད་བརྩོན་བྱ་དགོས་པ་རེད།  ད་བར་ཕྱོགས་མང་གི་ལྟ་གྲུབ་ལྡན་ཞིང་མ་འོངས་བོད་ཀྱི་གནས་སྟངས་སོགས་ལ་ཐབས་ཇུས་རང་བཞིན་གྱི་བསམ་འཆར་དང་བློ་རིག་སྟོན་མཁན་མེད་པ་ནི་གནས་སྟངས་ངན་པ་ཞིག་ཡིན།  གལ་ཏེ་གནས་སྟངས་ངན་པ་འདི་མ་འོངས་པར་རྒྱུན་གནས་སོང་ན་དེ་ནི་གུན་གསབ་དཀའ་བའི་གྱོང་རྒུད་ཚབས་ཆེན་ཞིག་རེད།   དེར་བརྟེན། བཙན་བྱོལ་དུ་གནས་པའི་གང་ན་སུ་ཡོད་ཀྱི་ཤེས་ཡོན་པ་ཚོས་དུས་ཚོད་སྟབས་བསྟུན་གྱིས་གཞུང་མང་གཉིས་ལ་བསམ་འཆར་དང་ལས་གཞི་གསར་པའི་རིགས་མཁོ་འདོན་བྱ་རྒྱུ་ནི་དོར་ཐབས་མེད་པའི་འོས་འགན་གཙོ་བོར་འཛིན་དགོས་པར་མཐོང།།

རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་ལྟ་བ།

༡།   རང་ལུས་མེར་སྲེག་གནང་མཁན་ཚོའི་ཞལ་ཆེམས་འཇོག་སྟངས།

ཤེས་གསལ་ལྟར་ད་བར་བོད་དོན་ཆེད་དུ་མེར་སྲེག་གཏོང་མཁན་གྲངས་སུམ་ཅུ་སོ་བརྒྱད་ཀྱིས་ཞལ་ཆེམས་ཀྱི་ལམ་ནས་སྒེར་གྱི་འདོད་དོན་ཕྱིར་མངོན་འགྱུར་གནང་ཡོད་པ་དང།  ད་ཆ་ཕྱི་ནང་གཉིས་སུ་མེར་མཆོད་ཀྱི་ལས་འགུལ་སྤེལ་མཁན་བསྡོམས་ ༡༠༨ ཟིན་ཚར་ཡོད་པ་རེད།  སྤུན་ཟླ་ཁོང་ཚོའི་རང་སྲོག་བློས་གཏོང་གི་ངོ་རྒོལ་ལས་འགུལ་འདིས་བོད་ཕྱི་ནང་གཉིས་སུ་གནས་པའི་རིགས་མཐུན་རྣམས་སྔར་བས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་ལ་བསྐུལ་འདེད་ཀྱི་ཕན་རླབས་ཆེན་པོ་ཐོན་ཡོད་པ་དུས་མཚུངས་སུ།  རྒྱལ་སྤྱིའི་ཐོག་ལའང་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་བརྗོད་ཡོང་ཕྱིན་གོ་རྟོགས་གང་མཚམས་སེལ་ཐུབ་པ་བྱུང་ཡོད། དེའི་སྐོར་༸གོང་ས་རྒྱལ་བ་རིན་པོ་ཆེས་རང་ལུས་མེར་སྲེག་གི་ལས་འགུལ་འདི་ལ་གྲུབ་འབྲས་ཐོན་མིན་ཐེ་ཚོམས་ཀྱི་གནས་ཡིན་པ་དང།  དེ་བཞིན་སྐབས་བབ་དེར་༼ཆོས་ཕྱོགས་ནས༽གང་ཟག་སྒེར་གྱི་བསམ་བློའི་རིན་ཐང་གི་སྨིན་ཚད་ལ་གཙོ་བོར་རགས་ལས་པའི་སྐོར་སོགས་གསལ་པོར་གསུང་འདུག དེ་ལྟར་བཙན་བྱོལ་གཞུང་མང་ཕྱོགས་གཉིས་ནས་དར་གཞོན་གཙོས་ཚེ་སྲོག་རེ་རེས་ཡོངས་རྫོགས་བློས་གཏོང་གནང་སྟངས་འདིས་དོན་ཕན་ཇི་ལྟར་ཡོང་མིན་ཐད་མི་རིགས་འཐབ་རྩོད་ཀྱི་བྱུང་རིམ་ལས་འདི་ཆོས་ཕྱོགས་ཀྱི་འགྲེལ་བརྗོད་གཅིག་མཚུངས་བྱ་ན་ང་ཚོར་བརྒྱ་ཆ་བརྒྱ་ཐམ་པ་གདེང་ཚོད་ཡོད་པའི་བསྒྲགས་གཏམ་སྤེལ་ཆོག་ཆོག་ཅིག་མ་རེད་སྙམ།   དེའང་གཞིས་ལུས་སྤུན་ཟླའི་ལས་འགུལ་པ་ཚོས་༸གོང་ས་མཆོག་གིས་གསུངས་པ་ལྟར་ད་བར་བཟོད་སྒོམ་དང་སྡུག་རུས།  སྙིང་སྟོབས་དང་ལ་རྒྱ་ཆེན་པོའི་སྒོ་ནས་འཚེ་མེད་ཞི་བའི་ལས་འགུལ་གྱི་རྒྱ་ལས་མ་བརྒལ་བར་གནང་ཡོད་པ་ལས་འ་ཆད་འུ་ཐུག་གི་བྱ་བ་ཞིག་གཏན་ནས་མིན་པ་ཧ་ཅང་གསལ།

༢།   ལས་འགུལ་གྱི་ཁྱབ་ཚད།

མིག་སྔར་བོད་ནང་གི་ལས་འགུལ་གང་ཡིན་ཡང་ས་གནས་ཀྱི་གལ་ཆེའི་རང་བཞིན་ལ་བལྟས་ན་རྒྱ་མི་རིགས་དང་མཉམ་འབྲེལ་ཐོག་ནས་སྤེལ་རྒྱུ་ཧ་ཅང་གལ་ཆེ། བོད་མི་རིགས་ཀྱི་བརྩོན་ལེན་བྱེད་བཞིན་པའི་སྙིང་པོའི་ནང་དོན་མང་ཆེ་བ་ནི་རྒྱ་འོག་མི་མང་དུང་ཕྱུར་བཅུ་གསུམ་ཡོངས་ཀྱི་འབད་ཕྱོགས་གཅིག་མཚུངས་ཡིན་སྟབས།  རྒྱ་དམར་ཕྱོགས་ཀྱིས་མིག་སྔར་བོད་རང་བཙན་དང་ཐེ་ཝན་རང་བཙན།  ཤར་ཏུ་ཀི་སི་ཐན་རང་བཙན་དང།  སོག་པོ་རང་བཙན་ངན་འབྲེལ་ཞེས་བདེན་མིན་གྱི་ལོག་བཤད་སྣ་ཚོགས་སྤེལ་ཡང་། དོན་དངོས་ཐོག་གོང་གསལ་མི་རིགས་གཙོས་མི་མང་ཡོངས་ཆིག་སྒྲིལ་གྱི་ཐོག་ནས་དམར་ཤོག་གི་སྲིད་དབང་དྲག་པོ་འདི་དོན་དམ་དམངས་གཙོ་དང་རང་དབང་ལ་བསྒྱུར་ཐབས་བྱེད་པ་ནི་ལས་འགུལ་ཡོངས་ལ་དགོས་ངེས་ཀྱི་སྔོན་འགྲོ་ལྟ་བུ་ཞིག་ལ་མཐོང་གི་འདུག   དེ་ལྟར་གོ་རིམ་དང་འཆར་གཞི་ལྡན་པའི་སྒོ་ནས་རང་མི་རིགས་ཀྱི་བདེན་དོན་བརྩོན་ལེན་བྱེད་པ་ཡིན་ན།  རྒྱ་མི་ཤེས་ལྡན་པ་གྲགས་ཅན་ཞིག་གིས་བཤད་མྱོང་བ་ལྟར།   གལ་ཏེ་རྒྱ་ནག་མང་གཙོར་བསྒྱུར་རྗེས་ཉུང་མཐའ་ཡང་གྲངས་ཉུང་མི་རིགས་ཁག་གིས་སོ་སོའི་ཁེ་ཕན་དང་རང་དབང་རྩོད་ལེན་གྱི་ཁོར་ཡུག་ཅིག་ཡོད་པ་རེད་།  རྒྱ་དམར་མང་གཙོར་མ་བསྒྱུར་བར་ང་ཚོའི་ངོས་ནས་ཞི་བའི་ཐབས་ལམ་ཐོག་རྒྱ་ཁོངས་ནས་མི་རིགས་ཀྱི་ཆབ་སྲིད་ཐོབ་ཐང་ཞིག་རྩོད་ས་མེད་པར་མངོན་སུམ་ཡིན།  དེར་བརྟེན་རྒྱ་འོག་གི་ཆབ་སྲིད་ལས་འགུལ་ག་རེ་སྤེལ་ཡང་རྒྱ་བོད་དབར་ཕན་ཚུན་འབྲེལ་ཟམ་བཟོ་དགོས་པ་ལས་ནང་འགལ་གྱིས་ད་ལྟའི་བོད་ནང་གི་ལས་འགུལ་ཐ་དད་ཁེར་རྐྱང་དང་གཞན་གྱིས་སྣང་མེད་བསྐྱུར་བ་ཡིན་ན་ཕན་འབྲས་ཆུང་ཞིང། མིག་སྔར་བོད་རྒྱ་མི་རིགས་དབར་འགལ་ཟླར་བསྒྱུར་རྒྱུའི་ངན་སྤྱོད་ཐད་ངེས་པར་དུ་དོ་ནན་དང་འཛེམ་ཟོན་ཚད་མཐོན་པོ་དགོས་གལ།

༣།  མ་འོངས་པའི་འཆར་གཞིའི་སྐོར་གླེང་རན།

ཤེས་ཡོན་པའི་སྡེ་ནི་སྤྱི་ཚོགས་ཀྱི་སྣེ་ཤན་དང་ལམ་སྟོན་པ་ཡིན་ཞེས་པ་ལྟར།  བཙན་བྱོལ་ནང་གི་ཤེས་ཡོན་ཅན་ཚོས་ཀྱང་ངེས་པར་དུ་སྤུན་ཟླ་ཚོས་རང་ལུས་མེར་སྲེག་གཙོས་བོད་དོན་ལས་འགུལ་ཁག་གིས་རང་གཞན་ཕྱོགས་གཉིས་ལ་ཤུགས་རྐྱེན་གང་འདྲ་ཐོན་མིན་ཕྱོགས་ལ་ཉམས་ཞིབ་རྒྱུད་སྔོན་དཔག་དགོས་པ་དང།   དེའི་སྐོར་ནང་མོལ་བགྲོ་གླེང་གང་མང་འཚོགས་རྒྱུ་གལ་ཆེ།  དེར་བརྟེན་ལས་འགུལ་དེ་དག་གི་དགེ་སྐྱོན་དང།   རྒྱལ་མདུན་གང་ལའང་ལྟ་ཐུབ་པའི་སྒོ་ནས་བློས་གཏོང་ཆེན་པོས་ལས་འགུལ་དེས་རྒྱལ་སྤྱི་དང་རྒྱ་ནག་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་སྐོར་གླེང་སློང་དགོས་པ་ནི་ཤེས་ཡོན་པའི་འོས་འགན་ཡིན་སྟབས།  གཞིས་ལུས་སྤུན་ཟླ་རྣམས་ཀྱི་རེ་སྨོན་འགྲུབ་ཐབས་ཐད་འོས་འགན་འཁྱེར་དགོས།  དཔེར་ན་མིག་སྔར་རྒྱལ་སྤྱིའི་ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚོགས་སུ་བོད་དོན་ཛ་དྲག་གནས་སྟངས་དང་འབྲེལ་བའི་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ཚོའི་མངོན་འདོད་གསལ་འདོན་དགོས་པ་དང།   དེར་གྲུབ་འབྲས་མངོན་སུམ་མ་ཐོན་བར་བསྐུལ་འདེད་ཤུགས་གནོན་རྒྱུན་མཐུད་དགོས་པ་རེད།  རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་དང།   རྒྱ་ནག་གཞུང་ལ་འབོད་བསྐུལ་དང་གནོན་ཤུགས་སྤྲད་ཐབས་སྐོར་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱབ་སྐྱོར་འཚོལ་དགོས་པའང་ཧ་ཅང་གལ་ཆེན་རེད་འདུག  རང་རིགས་ཤེས་ཡོན་པའི་སྡེ་ནས་རྡོག་རྩ་ཆིག་སྒྲིལ་གྱི་སྒོ་ནས་མ་འོངས་པའི་ཆབ་སྲིད་འཐབ་རྩོད་ཀྱི་ལས་འཆར་སྐོར་བཙན་བྱོལ་སྤྱི་ཚོགས་ནས་བོད་ནང་གི་ལས་འགུལ་དང་འཚམ་པའི་རྒྱབ་སྐྱོར་གྱི་ལས་འགུལ་ཚད་ལྡན་རིགས་གཞུང་དམངས་ཕྱོགས་གཉིས་ཀར་ངོས་སྦྱོར་དགོས་རྒྱུ་ལས་རང་རིགས་གྲངས་ཉུང་ལས་མེད་པའི་སྤྱི་ཚོགས་འདིར་ནང་གལ་གྱི་བྱ་ངན་རིགས་ལ་དོགས་ཟོན་ཚད་མཐོན་པོ་བྱ་རྒྱུ་མགོ་བརྩམས་དགོས།

 

 


  གངས་དཀར་སེམས།
 

16.03.2013 10:23:17

ང་དུས་རྒྱུན་ཁྱེད་ཀྱི་ཕྱག་རྩོམ་ལ་ལྟ་རྒྱུར་ཤིན་ཏུ་དགའ།

 
 
17.03.2013 10:22:34

དྲ་གྲོགས་ཁྱོད་ཀྱིས་ངའི་ཚིག་སྙོག་འདི་ཚོ་ལ་ལྟ་རྒྱུ་སྤྲོ་བ་དགའ་བྱུང་ལགས།

 
 
22.03.2013 06:36:50

སྤྱི་འཐུས་མཆོག་གི་དོན་ཚན་ལྔ་ཅན་གྱི་རྩོམ་ཡིག་ཞིག་སྤེལ་འདུག་དྭ། ཡག་པོ་འདུག

 
 
23.03.2013 02:10:45

ང་ཚོའི་བོད་ནང་གི་དཀའ་ངལ་ཆེཤོས་དེ་ནི་ཆོས་ཕྱོགས་ལམ་ལུགས་ལ་ལྟ་སྟངས་ཆེ་དྲགས་པའི་སྐྱོན་འདུག རྩོམ་པོ་ཡིན་ན་རེད། དེ་བཞིན་ཉམས་ཞིབ་པ་ཡིན་རེད། སློབ་བརྩོན་པ་ཡིན་ན་རེད། སྲིད་ཕྱོགས་ཀྱི་ལམ་ལུགས་པ་ཡིན་རེད། སོ་སོ་ལམ་ལུགས་གང་ཡིན་པ་དེ་འཛིན་ནས་ལས་ཀ་བྱེད་ན་ཚད་མཐོ་སླེབས་ཐུབ་ཀྱི་རེད། དེ་མིན་སྡིག་པ་་དང་དགེ་བའི་ལམ་བུ་ཁོ་ནར་གཞི་བཅོལ་ན་མ་ལེགས་པ་རེད། སོ་སོའི་རང་དབང་ངང་ཐབ་རྩོད་དང་ཞིབ་འཇུག་བྱེད་མཁན་ལ་ང་ཚོའི་སྐྱོན་བརྗོད་མང་པོ་བྱེད་མི་ཉེན་པ་རེད།
ཆོས་བྱེད་མཁན་གྱི་ཆོས་བྱེད། དེ་དང་འབྲེལ་བའི་ཐོས་བསལ་སྒོམ་གསུམ་པ་བརྩོན་པ་བྱེད། སྲིད་བྱེད་མཁན་གྱི་སྲིད་ཆོས་དང་མ་འབྲེལ་བའི་ཐོག་བྱེད་ཆབ་སྲིད་ཕུ་ན་སུམ་ཚོགས་པ་ཡོང་ཐུབ་ངེས་རེད། སྲིད་དོན་གྱི་དོན་དག་ལ་ཆོས་དང་འགལ་འདུག་ཟེར་ནས་ཆགས་མོས་བྱེད་ན་མ་འགྲིག་པ་རེད།

 
 
24.03.2013 08:05:17

དྲ་གྲོགས་བུ་ཆུང་བློ་བཟང་ལགས། ངའང་ཁྱོད་ཀྱིས་གསུང་བའི་ཆོས་ལུགས་ཆབ་སྲིད་དང་མ་འབྲེལ་ཞིག་དགོས་ཅེས་པའི་་བསམ་ཚུལ་ལ་མོས་མཐུན་ཡོད་ལགས།  

 
 
08.11.2013 23:22:24

བོད་ཀྱི་མཛངས་མ་གངས་ལྷ་གང་ཕེབས་པ་ཡིན་ནམ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -