ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

03.03.2013 21:22:41
འཆམ་ར་དྲི་མེད་རྒྱལ་མཚན།

གཙང་པོ་འདིའི་མིང་ལ་རྫ་ཆུ་ཟེར། རྫ་ཆུའི་ཕ་རོལ་ན་ཡོད་པ་ནི། བོད་མིའི་གཞིས་སྒར་ཏེ་ཛུ་དར་རྒྱས་གླིང་རེད། ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་ཁྲོད་འདི་གའི་ཏེ་ཛུ་དང་། མེ་ཧོལ། འབུམ་སྡེ་ལ། པདྨ་བཀོད་བཅས་གཞིས་ཆགས་གཞན་པ་ལས་ཧ་ཅང་གནས་སྟངས་སྐྱོ་ཚུལ་གྱི་གཏམ་རེ་ཐོས་རྒྱུ་ཡོད།


སྐད་ཆ་འདི་ཚོ་ལ་གནས་ལུགས་ཤིག་ཀྱང་ཡོད་སྲིད། གང་ཡིན་ཟེར་ན། བཙན་བྱོལ་གཞུང་གིས་ཁེ་ན་ཌ་རུ་བོད་མི་གཅིག་སྟོང་གཞུང་འབྲེལ་གནས་སྤོ་ཆོག་པའི་གོ་སྐབས་རག་དུས་ཀྱང་། འདིའི་གཡས་གཡོན་གྱི་གཞིས་ཆགས་ལ་ཁག་བགོས་གནང་སོང་། རེད། སྔོན་མ་ཞིག་ནས་གཞིས་སྒར་འདིར་སླེབས་དགོས་པའི་བསམ་འདུན་དམིགས་གསལ་བ་ཞིག་ཡོད་པ་བཞིན། ཏག་ཏག་གོ་སྐབས་དེ་(༢༠༡༣་༢་༢༡)ད་རེས་ཤར་སོང་།

ངའི་མིག་ལམ་ན་གཞིས་སྒར་འདི་གངས་དཀར་པོས་མཐའ་ནས་སྐོར་ཞིང་། རྩི་ཤིང་སྣ་ཚོགས་ཀྱིས་ནང་ནས་བཀང་འདུག་པས། ཤིང་ཐོག་རྣམས་ཀྱི་ཡལ་ག་དག་ཐུར་དུ་བཀུག་འདུག གཞིས་གྲོང་ཁག་ལམ་ངོགས་གཡས་གཡོན་གཉིས་ན་ནར་གྱིས་ཆགས་འདུག་པས། ངོ་མ་སྟབས་བདེ་དང་ཡིད་དུ་འོང་མོ་ཞིག་ཀྱང་རེད། གྲོང་སྡེའི་རྒྱབ་ལོག་ནས་གཙང་ལ་བསིལ་བའི་འབབ་ཆུ་འབྲིང་པོ་ཞིག་བཞུད་ཀྱིན་འདུག

འདི་ནི་ཁོང་ཚོ་ལ་མཚོན་ན་ཧ་ཅང་མཐུན་རྐྱེན་བཟང་པོ་ཞིག་རེད། ཁོང་ཚོས་འདིའི་ནང་གོས་ལོག་འཁྲུད་ཀྱིན་འདུག ལམ་ཁ་འདིར་བརྒྱུད་ནས་བོད་མིའི་སྒེར་འཁོར་ཙམ་ལས་རླངས་འཁོར་རིགས་མང་པོ་ཡོང་མཁན་མི་འདུག་པས། ཧ་ཅང་ཁ་ཁུམ་སིམ་ཞིང་། རང་བྱུང་ཁོར་ཡུག་གཙང་པས་མ་ཚད་མཁའ་དབུགས་ཀྱང་ཅི་འདྲའི་དྭངས་མ་ཞིག་རེད།

གཞིས་སྒར་འདིར་གྲོང་སྡེ་ཁག་ལྔ་དང་། དགོན་སྡེ་གསུམ་བཅས་ལས་གྲུབ་འདུག འདི་གའི་གཞིས་མི་ཚོའི་འཚོ་ཐབས་གཙོ་བོ་ནི། མ་རྨོས་ལོ་ཐོག་དང་། འབྲས། ཏིལ། ལྡ་ལི། ལྒ་སྐྱ་བཅས་འདེབས་ལས་བྱེད་ཀྱིན་འདུག་ལ། དགུན་ཚོང་འགྲོ་མཁན་ཀྱང་མང་པོ་ཡོད་ཚོད་འདུག དེ་མིན་བུ་ཕྲུག་དག་ཕྱི་རྒྱལ་དུ་ཡོད་མཁན་ཀྱང་གང་འཚམ་ཡོད་རེད་ཟེར། ཏན་ཏན་ཡིན་ཚོད་འདུག ཁང་པ་རྣམས་སྐྱར་བཅོས་དང་གསར་རྒྱག་བྱེད་མཁན་མང་པོ་འདུག་ལ། སྒེར་འཁོར་ཆེ་ཆུང་ཡང་མང་པོ་ཞིག་གཏོང་ཡོང་གིན་འདུག་པས། ངས་མཐོང་བ་ནི་གཞིས་ཆགས་འདི་གཞིས་ཆགས་གཞན་ལས་ཁས་ཞེ་མ་ཡག་ནའང་སྡུག་པའི་ཚོད་ཅིག་ཅང་རིག་མ་སོང་།

འདི་ཕྱོགས་ཀྱི་གཞོན་སྐྱེས་མང་པོ་ཞིག་ས་གནས་གཞན་དུ་སློབ་སྦྱོང་ལ་བསྐྱོད་ནས་རྒྱུན་དུ་སྡོད་མཁན་ནི་མང་ཤོས་རྒན་གོག་འདྲ་རེད་འདུག སྤྱིར་ས་ཆ་འདིར་རྒྱ་གར་ལྡི་ལི་ནས་མེ་འཁོར་ནང་སོང་ན་ཉིན་མཚན་ལྔ་ལྷག་འགྲོ་དགོས་པ་དང་། དེ་ནས་སྤྱི་སྤྱོད་རླངས་འཁོར་ནང་ཆུ་ཚོད་ལྔ་ཙམ་འགྲོ་དགོས་པའི་རྒྱ་བོད་མཐའ་མཚམས་ཅན་གྱི་ས་ཁུག་ཅིག་རེད། ཡིན་ནའང་མཚམས་རེར་ཕོ་གསར་འདམ་སེང་འདྲ་རེས་འཕྲུལ་རྟ་རྒྱ་སྟག་འདྲ་རེ་ཞོན་ནས་ཡོང་གིན་འདུག་ལ། བུ་མོ་ལོ་མ་འདྲ་རེས་ཁ་པར་དུང་ཕྲུག་འདྲ་རེ་མཉན་ནས་ལྡེམ་ཡོང་གིན་འདུག་པས། སྐབས་འདི་ཚོར་ང་ལ་བསམ་བློ་མང་པོ་གཏོང་བཅུག

ལྷིང་འཇགས་པའི་ས་ཆ་འདིར་ཧ་ཅང་དངས་བ་འདྲེན་པ་འགའ་མཐོང་ཐོས་ཡོང་རྒྱུ་འདུག་པ་ནི། རྒྱུན་དུ་རྒན་རྒོན་ཚོས་དགོན་སྡེ་ཁག་ལ་མ་ཎི་པད་དབྱངས་ཀྱིས་བསྐོར་བ་གསོག་གིན་འདུག་པ་དང་། ལོ་གཞོན་ཕོ་རྒོད་ཤ་རྒོད་ཅན་དང་། མོ་རྒོད་ཁ་རྒོད་ཅན་འགའ་རེས་ཀྱང་། ཕྲེང་བ་རེ་མཛུབ་རྩེར་བགྲངས་ནས་སྐོར་བ་རྒྱག་པ། ཕྱག་འཚལ་བ་བཅས་བྱེད་ཀྱིན་འདུག མཚམས་རེར་ཁོང་ཚོའི་གྱོན་གོས་གོན་སྟངས་འདིས་རང་ཉིད་ས་ཁུག་འདི་འདྲ་ཞིག་ལ་ཡོད་སྣང་མི་ཤར་བ་བྱེད་ཡོང་། དེ་ནི་སྐྲ་ལོ་གསེར་མདོག་ཅན་དེ་རླུང་ཁ་ན་སྨྱོས་པ་ལྟར་སྤུར་ཞིང་། དོ་མ་ལུས་འབྱར་མ་རེ་བརླ་རྩ་ནས་ཆད་པ་ལྟར་བཅད་ཡོད་པ་འདི་དག་གིས་ཡིན་པས་མ་ཚད། སྟོད་གོས་ཡོད་ལ་མེད་ལ་དེ་ཚོས་ཀྱང་རེད་ཡ་ཡ་ཡ།

འོ་རེད། ཡང་འདི་གའི་བོད་གཞུང་ལས་ཁུངས་ཁག་གི་ནང་དུ་སྐྱེས་མ་ཚོ་ལས་དོན་ཕྲན་ཚེགས་ཆེད་ཁྱུག་ཙམ་རེ་བཅར་དགོས་ནའང་ངེས་པར་དུ་བོད་ཆས་གྱོན་དགོས་པའི་སྒྲིག་སྲོལ་ཞིག་བཟོས་འདུག འོན་ཀྱང་བུ་མོ་ཚོས་ལྐོག་ལབ་ཏོག་ཙམ་རྒྱག་གིན་འདུག དེ་ནི་བུ་ཚོ་ལ་ག་རེ་བྱས་ནས་ཁྲིམས་འདི་མ་བཞག་པ་རེད་དམ་ཟེར།

ཨ་ཨ་ཨ། ལོ་ཆུང་བྱིས་པ་ཚོས་ལྕགས་རྟ་རེ་ཞོན་ནས་སློབ་ཆུང་ལ་འགྲོ་བཞིན་འདུག དེའང་ཁག་ཅིག་གིས་རང་གི་འོག་མ་བྱིས་པ་རེ་རྒྱབ་ཏུ་བཞག་ནས། ཁྱུ་དང་ཁྱུ་བྱས་ཏེ་གླེང་མོལ་བྱེད་ཞོར། གད་མོ་ཤོར་ཞོར་བག་ཕེབས་པོའི་ངང་ལམ་ལ་གཤར་འགྲོ་བཞིན་འདུག་པས། ངོ་མ་སེམས་ལ་སྤྲོ་སྣང་ཆེན་པོ་བྱིན་བྱུང་། ད་དུང་མཚམས་རེར་ཁོང་ཚོ་མཚན་མོའི་ཆུ་ཚོད་བརྒྱད་པ་ཙམ་ན་ལམ་གཞུང་ནས་གཤར་ཡོང་བ་མཐོང་གིན་འདུག དེ་ནི་མཚན་མོ་ཟུར་སྦྱོང་བོད་ཡིག་འཛིན་གྲྭ་གྲོལ་ནས་ལོག་འགྲོ་གིན་ཡོད་རེད་ཟེར། ཨེ་མ། ཅི་འདྲའི་ཡ་རབས་པོ། བློ་བདེ་བོ། སེམས་དགའ་བ་ཞིག་རེད་ཨང་།

ས་ཆ་འདིར་དགུན་དུས་སུ་གྲང་མོ་ཡོད་རེད་ཟེར། དེ་ནི་མཐའ་སྐོར་གྱི་རི་དག་གངས་ཀྱིས་བཟུང་འགྲོ་བས་ཡིན་ལས་ཆེ། འོན་ཀྱང་དབྱར་ཁ་ཧ་ཅང་ཚ་བ་ཆེ་ཟེར། དེ་ནི་གཞིས་སྒར་འདི་གངས་རི་ལས་ཧ་ཅང་ས་ཞོད་དམའ་མོ་ཞིག་ན་ཆགས་འདུག་པས་ལོས་ཡིན། ཡིན་ནའང་ཕྱི་ཟླ་༢ པའི་ནང་ས་འདིར་དྲོ་གྲང་སྙོམས་པོ་ཞིག་འདུག དེ་ནི་གངས་དཀར་པོས་རི་རྩེའི་ལ་རྒྱག་གྲབས་བྱེད་ཀྱིན་འདུག་པས་རེད།

གཞིས་ཆགས་ཆུང་ཆུང་འདིར་སྐད་རིགས་མ་འདྲ་བ་ཧ་ཅང་མང་པོ་ཞིག་འདུག དཔེར་ན་པདྨའི་བཀོད་པའི་སྐད་(འབྲུག་སྐད་དང་འདྲ་) ཙ་རའི་སྐད། དྭགས་པོའི་སྐད། རྫ་ཡུལ་སྐད། སྨན་ཆུ་ཁའི་སྐད། ཁམས་སྐད། དབུས་སྐད། ད་དུང་གཡས་གཡོན་ན་བལ་པོའི་སྐད་དང་། ལྷོ་པའི་སྐད། རྒྱ་གར་གཞུང་སྐད་བཅས་རེད། ཡིན་ནའང་བོད་སྒར་དུ་ནམ་རྒྱུན་པད་བཀོད་སྐད་རྒྱག་མཁན་མང་པོ་ཞིག་རེད།

འདི་གའི་སྡོད་ཁང་རྒྱག་སྟངས་ནི་ཨ་བསམ་ཁང་པ་ཟེར་དུས་རྒྱག་སྟངས་དམིགས་བསལ་ཞིག་འདུག དཔེར་ན་ཁང་པ་ཚང་མ་གཅིག་ཐོག་གི་ཟོལ་འདྲ་འདུག་མོད། འོག་ཐོག་དམའ་མོ་རེ་ངེས་པར་དུ་ཡོད་དགོས་འདུག འོག་ཐོག་དམའ་མོ་དེའི་ནང་ཤིང་ཆ་འདྲ་བཞག་པ་ཙམ་ལས་གཞན་བེད་སྤྱོད་མི་འདུག ཁོང་ཚོས་ཟེར་ན། དེ་ནི་སྦྲུལ་གྱི་ཉེན་ཁ་མེད་པ་དང་། ཚ་བའི་དཀའ་ངལ་སེལ་ཆེད་རེད་ཟེར། སྐད་ཆ་འདི་ཚོས་ཀྱང་ས་ཆ་འདིར་དུག་སྦྲུལ་ཧ་ཅང་མོད་པ་ཤེས་ཡོང་།

ས་གནས་འདིར་སྟབས་བདེ་བ་ཞིག་ལ་བོད་གཞུང་གི་ལས་ཁུངས་ཚང་མ་གྲོང་སྡེ་གཉིས་པའི་ནང་མཉམ་གཅིག་ཏུ་བཟོས་འདུག དཔེར་ན་གཞིས་འགོའི་ལས་ཁུངས། སྨན་རྩིས་ཁང་། འཕྲོད་བསྟེན་ལས་ཁང་། མཉམ་འབྲེལ་སོགས་རེད། རྒན་གསོ་ཁང་ཀྱང་འདིའི་ཟུར་ན་འདུག ད་དུང་འདི་གའི་དགོན་སྡེ་ཆེ་ཤོས་རྫོགས་ཆེན་དགའ་ནོར་རིན་པོ་ཆེའི་གདན་ས་ལྷ་དགོན་བྱང་ཆུབ་ཆོས་གླིང་ཀྱང་འདི་རང་ན་འདུག

འདི་བའི་ཐོན་བསྐྱེད་ལ། འབྲས། མ་རྨོས་ལོ་ཐོག ལྡ་ལི། ངང་ལག ཏིལ་སོགས་རེད། དེ་ནས་མར་ཙམ་ཡོང་ན་ཨ་བསམ་ཇ་ཞེས་པའི་སྐད་གྲགས་ཅན་གྱི་ཇ་དེའི་ཞིང་ཁ་མང་པོ་འདུག འདིར་དམིགས་བསལ་བྱེའུ་མཆིལ་པ་དང་། ཉ་འཛིང་རྒྱལ་མོ་བཅས་རིག་རྒྱུ་འདུག་ལ། མེ་ཏོག་སྣ་ཚོགས་སྐྱེས་པས་མ་ཚད་རྩྭ་ཀུ་ཤའང་སྐྱེས་འདུག

འདི་གའི་གྲོང་མི་ཚོའི་ལྕོག་རྩེའི་སྟེང་ན་བོད་གཞུང་གི་ཤེས་བྱ་དུས་དེབ་དང་སྐྱར་བཅོས་ཟིན་པའི་བཅའ་ཁྲིམས་ཁག་བཞག་འདུག ཁོང་ཚོས་ཟེར་ན་འདི་ཚོ་མང་པོ་ཞིག་གཏོང་གིན་འདུག་སྟེ་ཀློག་ཤེས་ཀྱི་མི་འདུག དེང་སང་༸གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་བཅས་ཀྱི་CD ཟེར་སྡེར་དེ་འདྲ་སྐུར་ཡོང་གིན་འདུག་པས་དཔེ་ཡག་པོ་འདུག་ཟེར།

དེ་བཞིན་ཁོང་ཚོས་ས། ཆ་འདིར་ང་ཚོ་མི་ཚང་མ་སྐྱིད་སྡུག་གཅིག་གི་ངོ་བོའི་ཐོག་དཔེ་ཡག་པོ་ཡོད། ཚོགས་པ་སྐྱིད་སྡུག་ཟེར་ནས་ཛ་རེ་ཛོར་རེ་དེ་འདྲ་གཏན་ནས་ཡོད་མ་རེད་ཅེས་ཡིད་ཚིམས་ནས་སྡོད་འདུག

ད་ནི་མཐའ་མ་དེ་ཡིན། ཁྱེད་རང་གལ་སྲིད་ས་ཆ་འདིར་ཕེབས་ན། ཏེ་ཛུ་ན་སྐྱོན་ཚོད་མི་འདུག་ཀྱང་། པདྨ་བཀོད་དང་། མེ་ཧོལ་གཞིས་ཆགས་བཅས་ནས་ཟས་དུག་རག་གི་རེད་ཟེར། དེ་ནི་གཞིས་སྒར་འདི་བར་ལ་ལས་ངན་དེ་འདྲ་གནང་མཁན་རེ་ཟུང་ཡོད་པས་ཡིན་ཚོད་འདུག ད་དུང་ཁྱི་ཤ་མཆོད་མཁན་དག་ཀྱང་ས་ཆ་འདི་ཚོ་དང་ཁ་ཐག་ཉེ་ཚོད་ཟེར།

ངོ་མ་བསམ་ན་འདི་གའི་རྒྱ་གར་དག་ངང་རྒྱུད་འཇམ་པས་མ་ཚད། ང་ཚོ་སྣ་ལེབ་ཚོ་དང་ལྟ་ཚུལ་གཅིག་པ་ལས་ཁྱད་གསོད་དང་། མཐོང་ཆུང་ལྟ་བ་དེ་འདྲ་མི་འདུག་དྲན་སོང་།

ད་ནི་ཁྱེད་ཀྱི་ལས་ཀ་ཡིན། ངའི་ད་ཐེངས་ཀྱི་འགྲུལ་བཞུད་འདིར་ཁྱེད་ཀྱིས་བསམ་ཚུལ་བརྗོད་འདོད་པ་གང་བྱུང་ངམ།

༢༠༡༣་༣་༡ ཉིན་ཏེ་ཛུ་ནས་ལྡི་ལིར་བསྐྱོད་པའི་ལམ་བར་དུ་བྲིས།ཨ་བསམ་ཁང་པའི་བཟོ་དབྱིབས་ཅན་གྱི་བོད་པ་ནང་ཚང་ཞིག་གི་ཁང་པ།རྫ་ཆུའི་འགྲམ་གྱི་ས་མཐའི་མགྲོན་པོ་ཁེར་རྐྱང་ཞིག་འཆམ་ར་བ།ལྷ་དགོན་བྱང་ཆུབ་ཆོས་གླིང་ནང་གི་ལྷ་འབྲང་སྤྲུལ་སྐུའི་སྐུ་གདུང་མཆོད་རྟེན།གྲྭ་ཆུང་འགས་ལས་ཀ་བྱེད་ཀྱིན་པ།
༼ཏེ་ཛུ་དར་རྒྱས་གླིང་ནི། བྱང་ཤར་ཁུལ་དུ་ཡོད་པའི་བོད་མིའི་གཞིས་སྒར་རྙིང་པ་ཞིག་ཡིན།
རྒྱ་གར་གྱི་ཨ་རུ་ན་ཅལ་པ་སྡེ་ཕྱི་ཞེས་པའི་མངའ་སྡེའི་ནང་གི་ཨ་བསམ་ཟེར་བའི་ནང་ཆགས་ཡོད།༽


  རྡོག་རྩ་ཆིག་སྒྲིལ།
 

04.03.2013 01:55:59


 
 
04.03.2013 02:10:31

གནས་ཚུལ་དཔེ་ཡག་པོ་བཀོད་འདུག གསར་འགོད་པ་རྒན་པ་ཞིག་དང་འདྲ། ཁྱེད་ཀྱི་འགྲེལ་བརྗོད་དང་པར་རིས་དེ་ཚོའི་ནང་བལྟས་ན། ས་ཆ་དེ་ནི་དེ་འདྲའི་ཉམས་ཐག་དང་ཐོན་ཁུངས་སྐྱོ་པོ་ཞིག་མིན་པ་འདྲ། སྔོ་ལྗངས་ཅན་དེ་ཚོར་བལྟས་པ་ཡིན་ན་ཐོན་ཁུངས་འཛོམས་པོ་བོད་ཀོང་པོ་འདྲ་པོ་ཞིག་མཐོང་བྱུང་། ས་ཆ་དེ་འདྲའི་སྐྱིད་པོ་དང་། ཁུངས་སིམ་པོ། ཐོན་ཁུངས་འཛོམས་པོ་ཞིག་ཡོད་ཚེ་བོད་གཞུང་གིས་ཁོང་ཚོ་ཕྱི་རྒྱལ་ལ་གཏོང་ཐབས་མི་བྱེད་ན་ལེགས། དེ་ལས་ས་ཆ་དེར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་གཏོང་ཐབས་ཀྱི་མཐུན་རྐྱེན་སྦྱར་ན་ལེགས་སྙམ། མ་རེད་པེ། འཆང་རའི་འགྲེལ་བརྗོད་དེ་ཉན་དུས་ངོས་ཀྱང་རྗེས་མར་ས་ཆ་དེ་ཐེངས་གཅིག་བསྐྱོད་རྒྱུ་བྱུང་ན་བསམས་ཀྱི་འདུག་གོ།

 
 
04.03.2013 06:50:11

སྐུ་གཟུགས་གསལ་ཐང་ངང་ཡོད་པར་དགའ་པོ་བྱུང་། ཡུལ་ལྗོངས་མཛེས་པ་ལ་ཚད་ཤིག་མི་འདུག ཧམ་སེམས་ཅན་གྱི་རྒྱ་དཀར་ནག་གཉིས་ཀྱིས་རྩོད་པར་ཁག་མི་འདུག་་

 
 
04.03.2013 08:07:47

ཨ་ཕོ་དྲི་མེད་ལགས། སྡེ་དགེ་དྲ་བ་དཔེ་འདྲ་གྲུབ་པར་ཁ་གཡང་སྒྲོག་ཡོད།

 
 
04.03.2013 21:50:33

གུས་ཤིང་བརྩེ་བའི་དྲ་གྲོགས་རྙིང་པ་མང་པོ་ཞིག་གནས་འདི་ནས་སླར་ཡང་མཇལ་བར་དགའ་པོ་བྱུང་། ས་གནས་འདིའི་ཐད་ནས་ད་དུང་འབྲི་དགོས་མང་ས་ཞིག་འདུག་སྟེ། ཡིག་ཚོགས་ཀྱིས་འབྲི་མ་ཕོད། འོན་ཀྱང་ཁོར་ཡུག་ནི་རང་བྱུང་ཁོར་ཡུག་རེད། ཐོན་སྐྱེད་ཕུན་སུམ་ཚོགས་པ་འདུག རྫ་ཆུ་དང་རྩམ་པ་ཞིམ་པོ་འདུག སྔོ་ཚལ་དང་སྔོ་མདོག་འབེལ་པོ་འདུག

 
 
07.03.2013 00:16:11

སྔོ་ལྗང་གི་གཡུ་ལོས་ཀུན་ནས་བསྐོར་བའི་གནས་མཆོག་དེ་ན་ཧ་ཅང་ལྷིང་འཇགས་ཀྱི་གཞིས་སྒར་སྐྱིད་པོ་ཞིག་བདེ་ཞིང་སྐྱིད་པའི་ངང་འཚོས་ཡོད་ཀྱང་། མི་རིང་བར་གཞིས་སྒར་འདིའི་མི་བུ་ལས་ངན་ཆིག་སྟོང་ཐམ་པ་དམྱལ་བའི་ཡུལ་དུ་ལྷུང་རྒྱུ་རེད། སྙིང་རེ་རྗེ། འབྲོག་མོས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -