ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

29.12.2012 08:18:15
གངས་དཀར་སེམས།

སྟ་རེ་འཁྱེར་ཤོག་ཨེ།

མི་གཉིས་རི་རྩེར་རྔོན་རྒྱག་པར་སོང༌། ཁོ་གཉིས་བར་མཚམས་ངེས་ཅན་སར་གབ་ཡིབ་ཀྱིས་སར་ཉལ་ནས་རི་དྭགས་ངང་སྒུག་གིས་བསྡད་ཡོད་པ་རེད། སྐབས་དེར་ལག་ཏུ་མེ་མདའ་འཁྱེར་བའི་མི་དེས་ཁོའི་ཉེ་ས་ནས་གླ་བ་ཞིག་མཐོང༌།  འོན་ཀྱང་མི་གཞན་དེས་གླ་བ་མཐོང་མེད་པ་དང༌། མེ་མདའ་འཁྱེར་མཁན་གྱིས་ཁོའི་རོགས་པས་གླ་བ་དཀྲོགས་མི་ཡོང་ངམ་བསམ་ནས་མཛུབ་མོ་གཅིག་གིས་སོ་སོའི་ཁ་བཀག་ཏེ་རོགས་པར་སྐད་ཅོག་མ་རྒྱོབས་ཅེས་པའི་ལག་བརྡ་བྱས། རོགས་པས་ཁོའི་ལག་བརྡའི་དོན་མ་རྟོགས་པར་སྐད་ཆེན་པོས།


༼ ག་རེ་ཟེར་གྱི་ཡོད། མདིའུ་གཅིག་འཁྱེར་ཤོག་ཨེ།༽ ཞེས་ལན་སྤྲད། དེ་ནས་མེ་མདའ་འཁྱེར་མཁན་རྔོན་པས་རང་གི་མིག་མདུན་ལག་པ་ཤུགས་ཀྱིས་གཡུག་བཞིན་རོགས་པར་སླར་ཉེན་བརྡ་སྤྲད། འོན་ཀྱང་ཁོའི་རོགས་པས་ལག་བརྡའི་དོན་མ་ཤེས་ནས་སླར་ཡང་སྐད་ཤུགས་ཆེན་པོས།༼ག་རེ་ཟེར་གྱི་ཡོད་དམ། མདིའུ་ལྔ་འཁྱེར་ཤོག་ཨེ།༽ ཞེས་ལན་སྤྲད།

རྔོན་པ་སྔར་བའི་ཁོང་ཁྲོ་ཆེན་པོ་ལངས་བཞིན་སོ་སོའི་ལག་པ་འཕྲེད་བཅད་ཀྱིས་གང་ཐུབ་གཡུག་གིན་རོགས་པར་སྐད་ཅོག་མ་བརྒྱབ་མདོག་གིས་ལག་བརྡ་སྤྲད།  རོགས་པས་རྔོན་པའི་བྱེད་སྟངས་ལ་ལྟ་གིན་སྔར་བས་སྐད་ཤུགས་ཆེན་པོས།༼ག་རེ་ཟེར་གྱི་ཡོད་དམ།  སྟ་རེ་འཁྱེར་ཤོག་ཨེ།༽ཞེས་ཤུགས་ཀྱིས་འབོད་པར་བརྟེན།   སྐད་ཅོག་ཆེན་པོས་གླ་བ་དཀྲོགས་ནས་བྲོས་ཡོད་སྐད།

སྲུང་མ་ཉི་མ་ཚེ་རིང༌།

རྒྱ་ནག་གི་འཛིན་རིམ་བཅུ་པའི་སློབ་གྲྭར་འགྲོ་བཞིན་པའི་བུ་མོ་ལོ་ཆུང་གཉིས་ལྷ་སའི་བྲག་སྐྱིབས་ལྷ་ཁང་ནང་ཆོས་མཇལ་དུ་སོང༌། ལྷ་ཁང་ནང་གི་དཀོར་གཉེར་ལགས་ཀྱིས་བུ་མོ་གཉིས་ལ་འཚམས་འདྲིའི་ཚུལ་གྱིས་བུ་མོ་གཉིས་ཕ་ཡུལ་ག་ནས་ཡིན། ཞེས་དྲིས་པར། བུ་མོ་གཉིསཀྱིས་༼སྐུ་ཞབས་ལགས། ངེད་གཉིས་ཀྱི་ཕ་ཡུལ་ཆབ་མདོ་ནས་ཡིན།༽ ཞེས་ལན་འདེབས།

དཀོར་གཉེར་ལགས་ཀྱིས་སླར་ཡང༌། ༼ཡ་ཡ་། དེ་ཡིན་ན་ཆབ་མདོའི་དགོན་པའི་སྲུང་མ་སུ་རེད་དམ།༽ ཞེས་དྲིས་པར། བུ་མོ་སློབ་མ་གཉིས་ཕན་ཚུན་ལྟ་ཙམ་གྱིས་གཅིག་གིས་གཅིག་ལ༌། ༼མོ་རེ། ཁྱོད་ཀྱི་ཆབ་མདོ་དགོན་པའི་སྲུང་མ་སུ་ཡིན་ཨེ་ཤེས།༽ ཅེས་དྲིས་པར་བུ་མོ་གཞན་དེས་༼ངས་ཀྱང་མི་ཤེས་༽ཅེས་ཟེར།

དེ་ནས་བུ་མོ་དེས་བསམ་བློ་ཏོག་ཙམ་བཏང་རྗེས་ཕྱིར་ལྷ་ཁང་གི་དཀོར་གཉེར་ལགས་ལ། ༼རེད། ཉི་མ་ཚེ་རིང་རེད།༽ ཅེས་སྨྲས།

དཀོར་གཉེར་ལགས་ཀྱིས་དལ་བུའི་ངང་ནས། ༼ཨ་་་། འོ་ན་ཉི་མ་ཚེ་རིང་སུ་རེད།༽ ཅེས་དྲིས་པར།

བུ་མོ་དེས། ༼ཉི་མ་ཚེ་རིང་ངའི་ཨ་ཕ་རེད། ༽ཅེས་ལན་སྤྲད་སྐད།

དཀོར་གཉེར་ལགས་ཀྱིས་སྐད་མགོ་དམའ་མོས། ༼ཆབ་མདོ་དགོན་པའི་སྲུང་མ་ཉི་མ་ཚེ་རིང༌།༽ ཞེས་ཆིག་ལབ་བྱེད་བཞིན་ལུས།

 

ལྐོགས་རྔན་ཟ་རྒྱུར་སྐྱག་ལངས་ཤོར་བ།

ཉེན་རྟོག་པའི་བུ་ཆུང་ཞིག་སློབ་སྦྱོང་ཡག་པོ་བྱེད་ཀྱི་མེད་པར་བརྟེན།  ཉིན་ལྟར་ཨ་ཕས་ཉེས་རྡུང་རག་གི་ཡོད་པ་རེད། ཐེངས་ཤིག་བུ་ཆུང་གིས་ལམ་བར་ནས་སྒོར་མོ་ལྔ་བཅུ་རྙེད་ཡོད། བུ་ཆུང་དགའ་ཚོར་ཆེན་པོས་སློབ་གྲོགས་གཞན་ལ།༼ ད་ཡིན་ན་འགྲིག་སོང༌། དེ་རིངང་ཨ་ཕས་ཉེས་རྡུང་གཏོང་གི་མ་རེད། ༽ཅེས་བཤད།

སློབ་གྲོགས་གཞན་གྱིས་༼ག་རེ་ཡིན་ནམ།༽ ཞེས་དྲིས་པར།

བུ་ཆུང་གིས་༼དེ་རིང་ངའི་སྒོར་མོ་ལྔ་ཅུ་ཨ་ཕར་སྦྱིན་ན་དེ་གས་འགྲིག་གི་རེད།༽ ཅེས་བཤད།    དེ་ནས་བུ་ཆུང་ཁྱིམ་དུ་འབྱོར་མ་ཐག་ཨ་ཕས་སྔར་བཞིན་བུ་ཆུང་ལ་ཉེས་རྡུང་གཏོང་བརྩིས་ཡོད་སྐབས།  བུ་ཆུང་གིས་ལམ་སེང་སྒོར་ལྔ་བཅུ་དེ་ཨ་ཕར་སྤྲད། ་ཨ་ཕས་སྒོར་ལྔ་བཅུ་མཐོང་མ་ཐག་ངོ་ལ་འཛུམ་དང་བཅས་བུ་ཆུང་ལ་ཉེས་རྡུང་གཏོང་མེད་པ་རེད།  དེ་ནི་ཉེས་རྟོག་པའི་ཨ་ཕ་དེས་རྒྱུན་དུ་མི་གཞན་ས་ནས་དངུལ་དངོས་ཀྱི་ལྐོགས་རྔན་ལེན་ཏེ་སྐྱག་ལངས་ཤོར་ནས་རང་གི་བུ་ཆུང་ས་ནས་ཀྱང་ལྐོགས་རྔན་སྒོར་ལྔ་ཅུ་ལེན་ནས་བུ་ཆུང་ལ་ཉེས་རྡུང་མ་རག་པ་རེད་འདུག


  གངས་དཀར་སེམས།
 

30.12.2012 05:37:13

གངས་ལྷ་ལགས། ང་དང་ང་འདྲ་བའི་སློབ་ཆུང་སློབ་མའི་བོད་ཡིག་གི་ཤེས་ཚད་ལས་མེད་པ་རྣམས་ལ་སྒྲུང་ཐུང་དེ་ཚོས་ཕན་ཐོག་ཆེན་པོ་འདུག དེ་འདྲ་གང་མང་འགོད་རོགས།

 
 
30.12.2012 12:01:05

རེ་མིག་ཅེར་སའི་བཀུར་འོས་སྤྱི་འཐུས་ལྷ་མོ་ལགས་བོད་ཡིག་དག་ཆ་ཡག་པོ་འབྲི་རོགས་གནང་། ང་ཡང་ངོ་ཚ་ཡོང་འདུག

 
 
31.12.2012 05:35:41

རྒན་ལགས། དེ་འདྲ་མ་གསུངས། མོ་ལས་ཡི་གེ་དག་ཆ་ཡག་པ་ཞིག་དྲྭ་ཐོག་གང་ནའང་མཐོང་དཀོན་པོ་ཡིན།
བཙན་བྱོལ་ནང་དུ་བུ་མེད་རྩོམ་པ་པོ་མོ་ལས་ལྷག་པ་ཞིག་རག་ཁག་པོ་ཡིན།

 
 
09.01.2013 11:19:35

འཇམ་ནོར་ལགས། ཆོག་ཞེན་ཆེ་པོ་དེ་འདྲ་མ་གནང་བཙན་འབྱོར་སྤྱི་ཚོའི་ཁྲོད་། གངས་ལྷ་ལས་བརྡ་དག་སྙན་སུམ་ཧ་ཅང་ཡག་པོ་ཡོད་མཁན་མང་པོ་ཡོད་པས། སྤྱན་ཤེལ་མ་ལེན་ནས་ཕྱོགས་ཚང་མ་ལ་གཟིགས་རོགས་གནང་། མི་གཞན་ལ་དྲངས་པོ་མི་འདུག་ཟེར་མཁན་ཚོའི་རང་དྲངས་པོ་དགོས་པ་ཧ་ཅང་གལ་ཆེའོ།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -