ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.12.2012 04:47:22
གངས་དཀར་སེམས།

images/stories/45/164555_10150128813706609_5577414_n.jpgདམར་ཤོག་བཙུགས་ནས་ལོ་དགུ་བཅུ་འཁོར་བའི་དུས་སུ་བྲིས། རྩོམ་པ་པོ། ཧུའུ་ཕིང་། འདི་ལོའི་ཟླ་ ༧ ཚེས་ ༡ ཉིན་དམར་ཤོག་བཙུགས་ནས་ལོ་ངོ་དགུ་བཅུ་འཁོར་བའི་དུས་དྲན་རེད།   དམར་ཤོག་ཚོགས་པས་ཁོ་ཚོར་དཔྱ་ཕྲལ་མཇལ་མཁན་གྱི་མི་དམངས་རྣམས་མོས་མཐུན་རྩ་བ་ནས་མེད་པའི་ཐོག་ནས་དེ་དག་གི་དངུལ་གང་བྱུང་བེད་སྤྱོད་གཏོང་ཞིང་།  འུར་སྒྲོག་ཁོ་ནས་སོ་སོའི་སྐྱེས་སྐར་གཏོང་བ་དང།  སོ་སོར་བསྟོད་གླུ་འབུལ་བཞིན་ཡོད།


དུས་རབས་  ༢༡  སླེབས་ཚར་ཡང་ད་དུང་རྒྱ་ནག་གི་བྱེད་སྟངས་འདི་འདྲ་རེད།  བརྟེན་འབྲེལ་མཛད་སྒོའི་ནང་༼ དམར་ཤོག་ཚོགས་པ་བཙུགས་པའི་རླབས་ཆེན་གྱི་བྱ་བཞག ༽ཅེས་པའི་གློག་བརྙེན་ཞིག་བཏོན་པ་དེའང་ཚུད་ཡོད།  འོན་ཀྱང་མི་རྣམས་ཀྱིས་ཟུར་ཟ་རང་བཞིན་གྱིས་གློག་བརྙེན་དེའི་ནང་ནས་ལྡོག་ཕྱོགས་ཀྱི་ནང་དོན་བཀླགས་ཐུབ་པ་བྱུང་བ་རེད།  དེའང་གློག་བརྙེན་བཟོ་བསྐྲུན་མཁན་གྱིས་དམིགས་སུ་བཀལ་ནས་སྲོལ་རྒྱུན་གྱི་ལུགས་བེད་སྤྱོད་དེ་དེང་རབས་ལ་ཟུར་ཟ་བྱས་པས་ཡིན་སྲིད་པ་དང།   བོང་བུར་མཛུབ་མོ་བཙུགས་བཞིན་རྟ་ལ་ཟུར་ཟ་བྱས་པ་དང་མཚུངས་ཆོས་མིན་པར་དེ་ནི་དེང་དུས་ཀྱི་དམར་ཤོག་དང་གནའ་སྲོལ་གྱི་དམར་ཤོག་གཉིས་ཀྱི་གནས་སྟངས་ལྡོག་ཕྱོགས་ཡིན་པས་རེད།

 

དམར་ཤོག་གི་ལོ་རྒྱུས་ནི་སོ་གཉིས་ཅན་གྱི་རལ་གྲི་ཞིག་དང་མཚུངས་།   ཕྱོགས་གང་ནས་འཆང་ཡང་ལག་པར་རྨ་བཟོ་བའི་ཉེན་ཁ་ཡོད།  ཟུར་གཅིག་ནི་གསར་བརྗེ་དང་ཟུར་གཞན་ནི་བཅོས་བསྒྱུར་ཡིན།   དམར་ཤོག་བཙུགས་ནས་ལོ་ ༩༠  ཡི་རིང་བྱ་བ་གཉིས་བསྒྲུབ་པར་གཅིག་ནི་གསར་བརྗེ་དང་གཞན་དེ་ནི་བཅོས་བསྒྱུར་རེད།   གལ་ཏེ་གསར་བརྗེ་བྱས་པའི་བྱ་བ་དེ་འགྲིག་པའི་དབང་དུ་གཏོང་ན་དེར་བཅོས་བསྒྱུར་བྱས་པར་ནོར་འཕྲུལ་རེད།    གལ་ཏེ་དེ་ལས་ལྡོག་ན་དེ་དེ་བཞིན་ནོ།   ཕལ་ཆེར་གསར་བརྗེའང་ནོར་ཡོད་པ་དང་བཅོས་བསྒྱུར་ཡང་ནོར་ཡོད་སྲིད་༼  དོན་དངོས་ཐོག་གཉིས་ཀ་ནོར་ཡོད། ༽འོན་ཀྱང་གསར་བརྗེ་འགྲིག་ཡོད་ལ་བཅོས་བསྒྱུར་ཡང་འགྲིག་ཡོད་ཟེར་མི་ཤེས་པ་རེད།   ད་ནས་བཅོས་བསྒྱུར་ནི་རླབས་ཆེན་ཡིན་ཟེར་བར་འུར་སྒྲོག་མ་བྱེད།    དྲུག་བཞི་དོན་རྐྱེན་རྗེས་ནས་བཟུང་རྒྱ་ནག་གི་བཅོས་བསྒྱུར་དེ་ལོག་ལམ་དུ་སོང་ཚར་བ་རེད།  རྒྱུ་ནོར་དབང་ཤུགས་སྒེར་བདག་ཅན་དག་ཕྱིར་བཅོས་ཐབས་མེད་པའི་མཚམས་སུ་སླེབས་ཟིན།

དམར་ཤོག་གིས་ཐོག་མར་གསར་བརྗེའི་མིང་ཐོག་ནས་ཁྲག་དྲི་བྲོ་བའི་དྲག་ཤུགས་ལ་བརྟེན་ནས་མི་དམངས་ཡོངས་ཀྱི་སྒེར་གྱི་རྒྱུ་ནོར་༼  དམངས་ཡོངས་ ༽ཟེར་བ་དེའི་སྤྱི་རྫས་སུ་བསྒྱུར།    དེ་རྗེས་ཀྱང་བཅོས་བསྒྱུར་གྱི་མིང་ཐོག་ནས་སྲིད་དབང་སྒེར་གཅོད་ཀྱི་དྲག་ཤུག་ལ་བརྟེན་ནས་དམངས་ཡོངས་ལ་དབང་བའི་སྤྱི་རྫས་ཡོངས་དཔོན་པོའི་སྒེར་གྱི་རྒྱུ་ནོར་དུ་བསྒྱུར།   ཚོགས་པ་གཅིག་གིས་ལོ་བཅུ་གྲངས་རིང་ལྡོག་ཕྱོགས་ཀྱི་ངན་ལས་ཚང་མ་བྱས་ཚར་བ་རེད།  དམར་ཤོག་ལྟ་བུ་སྔ་ཕྱི་གོ་ལྡོག་དང་གནམ་ས་གཏིང་འོག་བསྒྱུར་བའི་ཐོག་གདུག་རྩུབ་ཀྱི་རང་གཤིས་ཁ་གསབ་བརྒྱབ་ན་ཁྱོད་ཚོས་རིང་ལུགས་ཅི་འདྲ་ཞིག་ལ་དད་འདུན་བཅང་ཞིང་།   རྩ་དོན་གང་འདྲ་ཞིག་ལ་ངོས་ལེན་བྱས་ཀྱང་ཁྱོད་ཀྱིས་དེ་དག་ཐོག་མཐའ་བར་གསུམ་དུ་བདེན་པ་གང་འདྲ་ངོས་འཛིན་ཡང་ཁོ་ཚོར་ངོ་རྒོལ་བྱས་ཚུལ་གྱི་མཇུག་འབྲས་ཤིག་ལ་གཡོལ་ཐབས་མེད་པ་རེད།    དེ་ནི་འདི་ཕྱོགས་ནས་ངོ་རྒོལ་མ་བྱས་ཀྱང་གཞན་ཞིག་ནས་ངོ་རྒོལ་བྱེད་རྒྱུ་རེད།   དམར་ཤོག་ཆེད་དུ་ཡག་བཤད་བྱེད་མཁན་ཚོའི་རྒྱུ་མཚན་དེ་ཚོ་ནི་དགོད་བྲོ་བ་ཞིག་རེད་ལ།   ཁོ་ཚོས་དེ་བས་གཏན་ཚིག་རིག་པར་བརྩི་སྲུང་བྱེད་མི་དགོས།   དེའང་ཁག་མི་འདུག་སྟེ་གལ་ཏེ་གཏན་ཚིག་རིག་པ་བཤད་པ་ཡིན་ན་ཁོ་ཚོས་མུ་མཐུད་ཡག་བཤད་བྱེད་རྒྱུ་ཁག་པོ་ཆག་ཚར་བ་རེད།

ཟླ་བ་བདུན་པའི་ཚེས་གཅིག་ཉིན་གྱི་སྔོན་དུ་རྒྱ་ནག་དབུས་གཞུང་གི་འགན་གཙོས་དགའ་མདོག་ཆེན་པོའི་ངང་ནས་༼ དམར་ཤོག་ཚོགས་མིའི་གྲངས་འབོར་ཁྲི་བརྒྱད་སྟོང་བརྒལ་ཡོད་།  ༽པའི་སྐོར་ཁྱབ་བསྒྲགས་བྱས།   དེར་ཧང་སང་དགོས་པ་ག་རེ་ཡོད་དམ།  ཤེས་དགོས་པ་ཞིག་ལ་གལ་ཏེ་ཚོགས་མིའི་གྲངས་དང་གྲངས་འབོར་སྤྱི་དང་བསྡུར་དགོས་ན་རྒྱ་ནག་གིས་ཆཱི་ཝོ་ཟེ་ཁུ་ས་ཆ་དབང་སྒྱུར་འོག་གི་ལཱོ་མ་ཉི་ཡའི་རྒྱལ་ཁབ་ལ་འགྲན་ཟླ་མི་འཁྱོག་ལ།   དེ་མིན་ཁྱོད་ཀྱིས་ཚོད་དཔག་ཅིག་བྱོས་དང།   དམར་ཤོག་ཚོགས་པ་ཆེ་ཤོས་དེ་སུ་རེད་དམ།   དེ་ནི་བྱང་ཀཱོ་རི་ཡ་རེད།

རྒྱ་ནག་དབུས་སྒྲིག་འཛུགས་སྡེ་ཚན་གྱི་འགན་འཛིན་གྱིས་ཁྲི་བརྒྱད་སྟོང་གི་ཚོགས་མིའི་ནང་ལོ་ ༣༥  མས་ཀྱི་གཞོན་ནུ་ཚོགས་མི་བརྒྱ་ཆ་  ༢༤  ཟིན་པ་དང་།  ཚོགས་མི་གསར་པའི་ནང་སློབ་གྲྭ་ཆེན་མོ་བ་བརྒྱ་ཆ་  ༣༨ ། ༥  ཟིན་ཡོད་ཟེར།   ང་ཚོས་གནས་སྟངས་དེའི་ཐོག་ནས་གནད་དོན་ཞིག་མཐོང་ཐུབ་པ་བྱུང་བ་དེ་ནི།   དང་པོ་ནི་གཞོན་ནུ་དང་སློབ་གྲྭ་ཆེན་མོ་མང་པོ་དེ་ཚོས་དམར་ཤོག་ནང་བཞུགས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་པ་དེ་རེད།  གནད་དོན་དེ་ནི་ལས་སྟབས་བདེ་ཞིག་ཡིན།   གང་ཡིན་ཟེར་ན་དམར་ཤོག་གི་དབང་འཛིན་འོག་དེའི་ཚོགས་མི་ཡིན་ན་ཁེ་སང་ཡོད་པར་བརྟེན་མི་མང་པོས་ལས་སྟབས་བདེ་ཡོང་ཕྱིར་དམར་ཤོག་གི་ཚོགས་མིར་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རེད།

གནད་དོན་གཉིས་པ་ནི་དམར་ཤོག་ཚོགས་མིའམ་གཞོན་ནུ་འདི་དག་གིས་དམར་ཤོག་རིང་ལུགས་ལ་དངོས་གནས་ཡིད་ཆེས་ཡོད་དམ།   དེས་ག་རེ་མཚོན་གྱི་ཡོད་དམ།  གལ་ཏེ་ཡིད་ཆེས་མེད་བཞིན་དུ་ཚོགས་བཞུགས་བྱས་པ་ཡིན་ན་གནས་སྟངས་དེས་ག་རེ་མཚོན་གྱི་ཡོད་དམ།  བཤད་མི་དགོས་པ་ཞིག་ནི་གལ་ཏེ་དེ་དག་གིས་དམར་ཤོག་ལ་དངོས་གནས་ཡིད་ཆེས་བྱེད་ན་དེ་ནི་རྔང་འཚབ་དགོས་པའི་གནས་ཚུལ་ཞིག་ཡིན།  དམར་ཤོག་རིང་ལུགས་ལ་ཡིད་ཆེས་ཡོད་པ་དེས་གྲལ་རིམ་འཐབ་རྩོད་དགོས་པར་མཚོན་གྱི་ཡོད་ལ་སྒེར་ལ་རྒྱུ་ནོར་སོགས་བདག་དབང་དེ་རྩ་མེད་བཟོ་བར་མཚོན།

སྲོལ་རྒྱུན་དང་མཐའ་གཅིག་ཏུ་ཁ་བྲལ་ཏེ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ལག་ལེན་བསྟར་ཏེ།   འགྲོ་བ་མི་ཡོངས་སམ་འཛམ་གླིང་ཡོངས་སུ་གསར་བརྗེ་སྤེལ་དགོས་པ་སོགས་རེད།   སྲིད་ཇུས་དེ་དག་ཡོངས་རྫོགས་དུས་རབས་སྔོན་གྱི་ལོ་མཇུག་ཏུ་ལག་བསྟར་ཐེངས་གཅིག་བྱས་ཚར་ཞིང།   འཛམ་གླིང་ཡོངས་ནས་དེའི་འཇིགས་སུ་རུང་བའི་མཇུག་འབྲས་དེ་ཤེས་བཞིན་ཡོད་པ་རེད།    དེང་གི་དུས་འདིར་རྒྱ་ནག་ནང་གཞོན་ནུ་ཁག་ཅིག་གིས་ངར་ཤུགས་ཆེན་པོས་ལས་འགུལ་དེ་དག་མུ་མཐུད་ཀྱི་ཡིན་ཟེར་ན་དེ་ནི་འཇིགས་སུ་རུང་བའི་གནས་ཚུལ་ཞིག་མ་རེད་དམ།   གལ་ཏེ་དེ་དག་གིས་དོན་དངོས་ཐོག་དམར་ཤོག་ལ་ཡིད་ཆེས་མེད་པ་ཡིན་ན་དེ་ནི་འཇིགས་མི་དགོས་པ་ཞིག་མིན་པར་དེ་ལས་ལྡོག་སྟེ་སྔར་བའི་ཞེད་སྣང་ཆེ་བ་སྐྱེ་དགོས་པ་ཞིག་རེད།

དེ་སྔོན་ཨཱོ་རུ་སུག་ནང་ཆབ་སྲིད་སྐོར་གྱི་དགོད་གཏམ་ཞིག་ཡོད་པ་དེ་ནི།   དྲང་བདེན་དང་སྤྱང་གྲུང།   དེ་བཞིན་དམར་ཤོག་གི་ཚོས་མི་བཅས་དོན་དག་དེ་གསུམ་དུས་གཅིག་ཏུ་རག་ཐབས་མེད་།   ཅེས་པ་དེ་ཡིན་།   གལ་ཏེ་ཁྱོད་རང་དྲང་བདེན་དང་སྤྱང་གྲུང་འཛོམས་པའི་མི་ཞིག་ཡིན་ཚེ་ཁྱོད་རང་དམར་ཤོག་གི་ཚོགས་མི་ཡིན་མི་སྲིད།   གལ་ཏེ་ཁྱོད་རང་དྲང་ལྡན་དང་དམར་ཤོག་ཚོགས་མི་ཞིག་ཡིན་ཚེ་ཁྱོད་རང་སྤྱང་གྲུང་འཛོམས་པ་ཞིག་མིན།  ཡང་གལ་ཏེ་ཁྱོད་རང་དམར་ཤོག་ཚོགས་མི་ཡིན་ལ་སྤྱང་གྲུང་འཛོམས་པ་ཞིག་ཡིན་ཚེ་ཁྱོད་རང་མི་དྲང་བདེན་ཞིག་ཡིན་མི་སྲིད།  ཅེས་པའི་མུ་སྣ་ཚོགས་བརྩི་སྲོལ་ཡོད་པ་རེད།

གནས་ཚུལ་དེས་ག་རེ་བཤད་ཀྱི་ཡོད་ཅེ་ན།   གལ་ཏེ་ཁྱོད་ནི་དམར་ཤོག་ལ་དད་པ་ཡོད་ཅིང་ཚོགས་པར་བཞུགས་ཚར་བ་ཞིག་ཡིན་ཚེ་ཁྱོད་ནི་སྤྱང་གྲུང་མ་འཛོམས་པའི་མི་གླེན་ལྐུགས་ཤིག་དང་མི་བསམ་བློ་མེད་མཁན་ཞིག་རེད།   གལ་ཏེ་ཁྱོད་ཀྱིས་དམར་ཤོག་ལ་ཡིད་ཆེས་མེད་བཞིན་དུ་ད་དུང་དམ་བཅའ་འབུལ་ནས་དེར་བཞུགས་ན་ཁྱོད་ནི་དྲང་ལྡན་ཅན་གྱི་མི་ཞིག་མིན་ལ་མ་རབས་དང་བསམ་བློ་མེད་པའི་མི་ཞིག་ཡིན་པ་གསལ་པོ་རེད།   གལ་ཏེ་ཁྱོད་ཀྱིས་དམར་ཤོག་ལ་ཡིད་ཆེས་མེད་བཞིན་དུ་དེར་བཞུགས་པ་ཡིན་ན་ཁྱོད་ནི་དྲང་བདེན་མིན་ལ་ཀུན་སྤྱོད་འཆོལ་ཞིང་སེམས་བཟང་ཅན་ཞིག་ཀྱང་མིན།  ཀུན་སྤྱོད་འཆོལ་བའི་གནས་སྟངས་དེ་གླེན་ལྐུགས་ལས་ཚབ་ཆེ་བ་ལུས་ཡིན་དགོས།   སེམས་བཟང་མིན་པ་དེའང་སྤྱང་གྲུང་མ་འཛོམས་པ་ཞིག་མིན་པ་ལོས་ཀྱང་སྡུག

དོན་དངོས་ཐོག་དུས་རབས་སྔོན་གྱི་ལོ་རབས་བརྒྱད་བཅུའི་ནང་མི་རྣམས་དམར་ཤོག་ལ་དད་སྨོན་བརླགས་ཚར་བ་རེད།   འོན་ཀྱང་སྐབས་དེར་ད་དུང་མི་འགས་གཞོན་ནུ་དང།    དམིགས་བསལ་དུ་སློབ་གྲྭ་ཆེན་མོ་བ་ཚོར་དམར་ཤོག་ནང་བཞུགས་དགོས་པའི་འབོད་བསྐུལ་བྱེད་ཀྱི་ཡོད།  ཁོ་ཚོས་དམར་ཤོག་ནང་བཞུགས་པ་དེ་ནི་དམར་ཤོག་བཅོས་བསྒྱུར་གཏོང་ཕྱིར་རེད་།  ཅེས་བཤད་ཀྱི་ཡོད།  རེད་ཡ།   གལ་ཏེ་དམར་ཤོག་ནང་བཞུགས་དགོས་ན་ཁྱོད་ཀྱིས་རྫུན་བཤད་དགོས་པ་དང་མི་ཚེ་རྫུན་མ་བསྐྱེལ་དགོས་པ་རེད།  འོན་ཀྱང་དུས་དེར་གསར་བརྗེ་བ་རྒན་རབས་རྣམས་ཀྱིས་དམར་ཤོག་ཚོགས་པར་དབང་བསྒྱུར་བྱས་ཡོད།   ཁྱོད་ཀྱིས་ངེས་པར་དུ་རྫུན་གཏམ་གྱིས་ཐོག་ནས་དེ་དག་ལ་མགོ་བསྐོར་གཏོང་དགོས་པ་དང་།   དེ་རྗེས་ཚོགས་པར་སིམས་འཛུལ་བྱེད་དགོས།

དེ་ནས་རྗེས་སུ་གསར་བརྗེ་བ་རྒན་རབས་འདི་དག་ཡོངས་རྫོགས་ཆབ་སྲིད་ཀྱི་སྡེངས་ཆ་ནས་ཕྱིར་བུད་རྗེས་དམར་ཤོག་ཚོགས་པ་འདི་ང་ཚོའི་མི་རབས་འདིའི་གནམ་འོག་གྱུར་བ་རེད་ལ་དམར་ཤོག་ཚོགས་པའང་ཞི་བའི་སྒོ་ནས་འགྱུར་བཅོས་སོང་བ་རེད།   ལོ་ངོ་ཉི་ཤུ་སུམ་བཅུ་སོང་རྗེས་རྒན་རབས་ཀྱི་གསར་བརྗེ་བ་དེ་དག་ཆབ་སྲིད་ཀྱི་སྡེངས་ཆ་ནས་ཕྱིར་དོན་ཚར་བ་རེད།  ད་ལྟའི་ཆར་གྱི་དམར་ཤོག་ཚོགས་པ་ནི་བཅོས་བསྒྱུར་སྒོ་དབྱེ་རྗེས་ཀྱི་མི་རབས་གསར་པའི་གནམ་འོག་རེད།  དེ་མིན་ཨཱོ་རུ་སུག་ཤར་མར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་དཔལ་འབྱོར་བཅོས་བསྒྱུར་གཏིང་ཟབ་བྱུང་རྗེས་།    དམར་ཤོག་ཚོགས་པའི་ཕྱི་ནང་གང་སར་དམར་ཤོག་ལ་ཡིད་ཆེས་མེད་མཁན་ཤ་སྟག་རེད།   རྒྱལ་ཡོངས་ནས་ཀྱང་དམར་ཤོག་གི་རིང་ལུགས་དེ་དག་ག་སོང་ཆ་མེད་དུ་བོར་ཚར་བ་རེད།

དོན་དངོས་ཀྱི་གསང་བ་འདི་གཏོར་མ་ཐུབ་པ་གང་ཡིན་ནམ།  ད་དུང་མུ་མཐུད་རྫུན་གཏམ་བཤད་དེ་དམ་བཅའ་རྫུན་མའི་འོག་ནས་དམར་ཤོག་ལ་དད་མོས་ཡོད་ལུགས་བཤད་དགོས་སམ།    གལ་ཏེ་ད་ལྟའི་ཆར་རྫུན་བཤད་དགོས་པའི་དབང་དུ་བཏང་ཡང་གང་ཟག་སུ་ལ་རྫུན་བཤད་དགོས་ཀྱི་རེད་དམ།   དེ་ནི་ར་མགོ་བཀལ་ཏེ་ཁྱི་ཤ་བཙོང་པ་དང་རྒྱུ་མཚན་གཅིག་རེད།   དོན་དངོས་ཁྱི་ཤ་ཚོང་ས་ཡིན་ཡང་ཟ་ཁང་སྦྱིན་བདག་གིས་ར་མགོའི་མིང་བྱང་ཞིག་བཟོས་ཡོད།   སྐབས་དེར་སྦྱིན་བདག་དེས་ཁོའི་གཡོག་པོ་ཚོར་མགོ་བསྐོར་གཏོང་ཕྱིར་མིན།   དོན་དངོས་ཐོག་ཁོའི་གཡོག་ལས་བ་ཚོས་ཟ་ཁང་ནས་ཁྱི་ཤ་བཙོང་བཞིན་པ་ལོས་ཀྱང་ཤེས།   དེ་མིན་སྦྱིན་བདག་གིས་ཟས་ཟ་མཁན་ཚོར་མགོ་བསྐོར་གཏོང་ཕྱིར་ཡང་མིན།

སྦྱིན་བདག་ནས་ཟས་ཟ་མཁན་ཚོས་དེ་ཁྱི་ཤ་ཚོང་ས་ཡིན་པར་ཤེས་སུ་བཅུག་འདོད་ཡོད།   དེ་བཞིན་ཟ་མ་ཟ་མཁན་ཚོས་ཀྱང་དེ་ནི་ཁྱི་ཤ་ཚོང་ས་ཡིན་པ་ལས་ར་ཤ་ཚོང་ས་མིན་པར་ཤེས་ཡོད།   གནས་སྟངས་འདི་ནི་ཁྱད་མཚར་བ་འདྲ་རེད།    སྦྱིན་བདག་དང་ཟས་ཟ་མཁན་ཡོངས་ཀྱིས་དེ་ནི་རྫུན་ཡིན་པར་ཤེས་བཞིན་དུ་ད་དུང་ཡང་ཁྱི་ཤ་ཚོང་སའི་ཟ་ཁང་མདུན་ར་མགོ་ཞིག་མཐོན་པོར་བཀལ་དགོས་དོན་གང་ཡིན་ནམ།    དོན་དངོས་ཐོག་དེའི་ནང་གི་གསང་བ་དེའང་ལས་སྟབས་བདེ་ཞིག་ཡིན།   གང་ཡིན་ཟེར་ན་རྒྱ་ནག་གི་ལུགས་སྲོལ་ནང་༼ ཁྱི་ ༽ཟེར་བ་དེ་རྒྱུན་དུ་མི་ལ་སྐྱོན་བརྗོད་བྱེད་སའི་མིང་ཚིག་ཅིག་རེད།  ཁྱི་ཤ་ཟ་བ་དེ་ནི་བྱ་བ་འདྲ་ཆག་པོ་ཞིག་མིན།   གལ་ཏེ་ཁྱི་མགོ་དེ་ཟ་ཁང་གི་སྒོ་བྱང་དུ་བཀལ་ན་དེ་ནི་མཛེས་པའི་བྱ་བ་ཞིག་མིན་ལ་ཟ་ཁང་སྦྱིན་བདག་ལགས་དང་ཟས་ཟ་མཁན་ཚོའང་ངོ་གདོང་བཏོན་ཕོད་པའི་གནས་སྟངས་ཤིག་མིན་ལ་ཅུང་ངོ་ཚ་དགོས་པ་ཞིག་རེད།

དམར་ཤོག་གི་རང་བཞིན་དེ་ནི་མི་དམངས་ལ་མཐོང་ཆུང་བྱ་རྒྱུ་དེ་རེད།   དམར་ཤོག་གིས་མི་མང་རྣམས་ལ་བརྩི་མཐོང་གང་ཡང་མེད།   དམར་ཤོག་ནས་བཙན་དབང་གི་ཐོག་ནས་མི་མང་རྣམས་ལ་དམར་ཤོག་ཅིའང་མིན་པར་ཤེས་སུ་འཇུག་གི་ཡོད།   འོན་ཀྱང་སྐད་ཆ་དེ་ཕྱི་གསལ་ནང་གསལ་གྱིས་སྤྱི་བསྒྲགས་བྱེད་ཕོད་ཀྱི་མེད།   གང་ཡིན་ཟེར་ན་མི་ཚང་མར་ངོ་གསོ་དགོས་པས་རེད།

སོ་སོ་ཅིའང་མིན་པའི་གནས་སྟངས་སྤྱི་བསྒྲགས་ཀྱི་ཐོག་ནས་ངོས་ལེན་བྱེད་པའི་བྱ་བ་དེ་ནི་མ་རབས་ཀྱི་ཚད་གཞིར་སླེབས་པ་ཞིག་མིན།  གལ་ཏེ་དམར་ཤོག་གིས་མི་མང་ཚགས་པར་དང།CCTVཐོག་དེ་མིན་དམར་ཤོག་ཚོགས་འདུ་ཐེངས་ག་གེ་མོ་དང་སྐབས་ག་གེ་མོའི་ཐོག་སོ་སོ་གང་ཡང་མིན་པའི་གནས་ཚུལ་སྤྱི་བསྒྲགས་བྱས་ན་དེ་ནི་མི་མང་རྣམས་ཀྱིས་ཁོ་ཚོར་ངོ་རྒོལ་བྱ་བར་བསྐུལ་བ་རེད།   གང་ཡིན་ཟེར་ན་གལ་ཏེ་མི་ཚོས་སྐབས་དེར་ངོ་རྒོལ་མ་བྱས་ཚེ་སོ་སོས་རང་ནི་ཅིའང་མིན་པར་ངོས་ལེན་བྱས་པ་མ་ཡིན་ནམ།    གང་ཟག་སུས་དེ་འདྲའི་ངོ་ཚ་འཁྱེར་ཐུབ་བམ།  དེར་བརྟེན་དམར་ཤོག་གིས་སོ་སོའི་ཁྱི་ཤ་ཟ་ཁང་ལ་ར་མགོ་སྦྱར་ཡོད་པ་རེད།

དེ་ནི་ངོ་རྒོལ་བྱེད་མི་ཕོད་མཁན་ཚོར་ངོ་ཚ་བཀབ་བྱེད་ཀྱི་མགོ་རས་ཤིག་གཡོག་ནས་དམར་ཤོག་ལ་མགོ་བོ་སྒུར་བཅུག་པ་དུས་མཚུངས་སུ་གཞན་ཕྱོགས་ནས་ཀྱང་ངོ་ཚ་དེ་ཙམ་ཉོ་མི་དགོས་པར་བཟོས་ཡོད།   དམར་ཤོག་རང་ངོས་ནས་ར་མགོའི་ཁ་བྱང་ཞིག་སྦྱར་དགོས་པ་གལ་ཆེན་པོར་གྱུར་ཡོད།   གལ་ཏེ་གཡོ་འགེབས་འདི་ཙམ་ཡང་མེད་སོང་བ་ཡིན་ན་དམར་ཤོག་གི་གདུག་རྩུབ་དེར་ཚོགས་མི་རང་ངོས་ནས་བལྟས་ཀྱང་སྐྱུག་བྲོ་ཞིང་ཧ་ཅང་ཡིད་མུག་དགོས་པ་ཞིག་ཚོར་སྲིད་པ་རེད།  སྐབས་འདིའི་༼  ཕྱི་འབྲེལ་སྲིད་ཇུས།  ༽དུས་དེབ་ཐོག་(Foreign Policy)ཨ་རིའི་ཁེ་ལས་ཞིབ་འཇུག་ཁང་གི་མཁས་པ་ལཱེ་ཝང་ཨ་རོམ་(Leon Aron གྱི་རྩོམ་ནང་༼  ཨོ་རུ་སུག་ཐོར་ཞིག་སོང་བའི་སྐོར་ཁྱོད་ཀྱི་ཤེས་གསལ་ལྟར་གནས་ཚུལ་ཡོངས་རྫོགས་ནོར་འཕྲུལ་རེད།  ༽ཅེས་དང་།   རྩོམ་ཡིག་ནང་ཨཱོ་རུ་སུག་ཐོར་ཞིག་སོང་བ་དེ་དོན་དངོས་ཐོག་ཀཱ་ཨར་པ་ཆོ་ཧྥུའུ་དང་དེར་རྒྱབ་སྐྱོར་བྱེད་མཁན་ཚོ་རྫུན་གཏམ་ནང་འཚོ་འདོད་མེད་པའི་རྐྱེན་གྱིས་རེད།  གནས་སྟངས་གཞན་མིན་པར་དེ་ནི་རྒྱལ་ཁབ་ཀྱི་འདས་སོང་དང་ད་ལྟའི་བསམ་བློའི་ཀུན་སྤྱོད་ལ་ལྟ་ཞིབ་ནན་པོ་དང་མིའི་ལ་རྒྱར་འཚོལ་བསྙེག་བྱས་པའི་སྒོ་ནས་སྟོབས་ཆེན་གྱི་ཨཱོ་རུ་སུག་སྲིད་དབང་སྒེར་གཅོད་གཞུང་རྩ་སྟོང་བཟོས་པ་ཞིག་རེད།

རྫུན་གཏམ་ནང་འཚོ་བར་བཟོད་བསྲན་བྱེད་དགོས་པ་ལས་གཞན་ཅིའང་མ་རེད།   དེ་ནི་རྒྱལ་ཁབ་ཀྱི་འདས་སོང་དང་ད་ལྟའི་གནས་སྟངས་ཡ་ང་བའི་བསམ་བློར་རྟོག་དཔྱོད་དང་ལ་རྒྱ་འཚོལ་བསྙེག་བྱས་ཏེ་ཨཱོ་རུ་སུག་དང་དམར་ཤོག་གྱི་སྲིད་དབང་སྒེར་གཅོད་རྩ་གཏོར་བཏང་བ་དེ་རེད།   དམངས་ཁྲོད་ཀྱི་འཐབ་རྒོལ་དེ་ཀཱི་ཨར་པ་ཆོ་ཧྤུའུ་ཐོག་མའི་ཚོད་དཔག་བྱས་པ་ལས་བརྒལ་ནས་སོ་སོར་རྡུང་རྡེག་ཕོག་པ་དང།   ཁོས་ཟཱི་ཏ་ལིང་གི་ལུགས་ལྟར་གཉའ་གནོན་ལ་ངོ་རྒོལ་དེ་ཁོའི་དམག་དཔུང་སྲ་བརྟེན་མེད་པར་སེམས་འཕྲལ་བྱས་པ་མིན་ལ་དེ་ནི་སོ་སོའི་སེམས་ནང་གི་ངོ་གསོའི་བསམ་བློར་ངོ་ལོག་འདོད་མེད་པས་ཡིན།

དེ་དང་མཚུངས་པར་ལ་རྒྱའམ་ལུགས་མཐུན་གྱི་འོས་ལངས་དེ་འདྲ་རྒྱ་ནག་ཏུ་  ༡༩༨༩  ལོའི་དམངས་གཙོ་ལས་འགུལ་གཞུང་གི་སྒྲིག་འཛུགས་འོག་གི་མི་སྣའང་ཚུད་ཡོད།  དཔེ་ན་ཟླ་ ༥ ཚེས་ ༤ ཉིན་རྒྱ་ནག་གི་གྲོང་ཁྱེར་པཱེ་ཅིང་དུ་མི་བརྒྱ་ཕྲག་ཁ་ཤས་ཁྲོམ་གཞུང་ནས་ངོ་རྒོལ་བྱས་སྐབས།༼  རྒྱལ་ས་གྲོང་ཁྱེར་གྱི་གསར་འགོད་ལས་རིགས་ནས་ངོ་ཚ་དག་ཐབས་བྱེད་དགོས། ༽ དང། ༼ ང་ཚོར་མ་ཉེས་ཁ་གཡོག་བྱ་བར་མ་བསྐུལ་རོགས།  ༽ཅེས་འབོད་སྒྲ་བསྒྲོགས་ཡོད་པ་རེད།  དཔེར་ན་ཀྲཱོ་ཙི་ཡང་གིས་ཆབ་སྲིད་ཚོགས་པའི་འགོ་གཙོའི་དབང་ཆའི་ཁྲི་དང་བཟང་བཙོན་གྱི་འོག་ཏུ་མཐར་མ་ཤི་བར་བཙོན་དུ་ཚུད་པའི་ཉེ་ཁར་མ་འཛེམས་པར་སྐབས་དེར་འོས་ལངས་བྱེད་མཁན་མི་མང་ལ་དྲག་གནོན་བྱ་བར་མོས་མཐུན་བྱས་མེད།

དེང་གི་རྒྱ་ནག་ཏུ་དམར་ཤོག་རིང་ལུགས་ཀྱི་ར་མགོ་དེ་ད་དུང་ཡང་མཐོན་པོར་བསྒྲེངས་ཡོད་པ་དང།   ལ་ལས་ད་དུང་ཡང་དེར་འཇིགས་བསྐུལ་བྱེད་པར་བརྟེན།    གནས་སྟངས་སྔར་བས་འཇིགས་སྣང་ཆེ་བར་གྱུར་ཡོད།   དེ་སྔོན་དམར་ཤོག་ཚོགས་མི་གྲངས་མང་ཚོའི་སེམས་ཀྱི་སྨོན་འདུན་བཅངས་པའི་དབང་གིས་ཁོ་ཚོས་འཇིགས་སུ་རུང་བའི་ནག་ཉེས་བསགས་ཡོད།   འོན་ཀྱང་ཁོ་ཚོ་སྐྱོབས་ཐབས་ཡོད་པ་རེད།  གང་ཡིན་ཟེར་ན་ང་ཚོས་ཁོ་ཚོར་སློབ་གསོ་སྤྲད་དེ་དེ་མུར་ནོར་འཕྲུལ་ཡོ་བསྲང་ཡོང་སྲིད་པ་རེད།   འོན་ཀྱང་དེང་དུས་དམར་ཤོག་ལ་ཡིད་ཆེས་མེད་མཁན་ཚོར་མཚོན་ན་དེ་དག་བཅོས་བསྒྱུར་གཏོང་བ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་རེད།   གང་ཡིན་ཟེར་ན་ཁྱོད་ཀྱིས་གཉིད་ཁུག་མེད་ཀྱང་རྫུན་མཁན་ཞིག་གཉིད་ལས་བསློང་ཐབས་མེད་པས་རེད།

ལ་ལས་དམར་ཚོགས་ནང་བཞུགས་པ་དེ་ནི་ཟས་གོས་སོགས་ཁེ་སང་རག་ཕྱིར་ཁོ་ནར་ཡིན་ན་ཅུང་ལས་སྟབས་བདེ་རེད།  ཚབ་ཆེ་བའི་གནས་དོན་ནི་དམར་ཤོག་ནང་གདུག་རྩུབ་དང་ཧམ་སེམས་ཅན་མི་ཉུང་བ་ཞིག་གིས་ད་དུང་ཡང་དབང་ཆར་བརྩོན་བཞིན་ཡོད།   ཁོ་ཚོ་ནི་རང་འགུལ་གྱིས་ལས་ངན་སྤེལ་མཁན་ཡིན།ང་ཚོ་ནི་སོ་སོའི་སྒེར་གྱི་ལ་རྒྱ་དེ་འདྲེ་ལག་ཏུ་བཞག་འདོད་པའི་མི་ཚོས་དབང་བསྒྱུར་བྱས་ནས་བསྡད་ཡོད།    ང་ཚོར་ཁ་གཏད་གཅོག་མི་ཆོག་པ་དང།  དོ་དམ་མེད་པའི་དབང་ཤུགས་ཀྱིས་དབང་བསྒྱུར་བྱས་ཡོད།

ཁོ་ཚོས་ད་དུང་གནས་སྟངས་འདི་རྒྱུན་མཐུད་དང་སྲ་བརྟེན་འཛུགས་དགོས་བསམ་བཞིན་ཡོད།    དེ་ནི་གང་འདྲའི་འཇིགས་སུ་རུང་བའི་རྣམ་པ་ཞིག་རེད་ཨང།   དམར་ཤོག་རྩ་མེད་མ་སོང་ན་།   གནམ་འོག་བདེན་དོན་མེད་པ་ཡིན།    སྐད་ཆ་འདི་ནི་ལས་སྟབས་ བདེའི་ངན་སྔགས་ཤིག་མ་ཡིན་པར་།    གཏན་ཚིགས་ཟེར་བ་དེ་ནི་མི་སེམས་ལ་གོ་དགོས།   མིའི་སེམས་ནང་ལེགས་ཉེས་འབྱེད་པའི་ནུས་པ་ཡོད་ན།   བཟང་པོ་བརྩོན་ལེན་དང་ངན་པར་སྐྱུག་མེར་བའི་ལེགས་ཉེས་རྣམ་འབྱེད་དང་དགའ་སྐྱོ་སྡང་སེམས་ཤིག་ཡོད་པ་དེ་ནི་སྤྱི་བཏང་བ་ཞིག་རེད།  དོན་དངོས་ཀྱི་འཚོ་བའི་ནང་ང་ཚོས་རྒྱུན་དུ་ངན་པའི་གཉའ་གནོན་ལ་མགོ་སྒུར་བཞིན་ཡོད།

འོན་ཀྱང་ང་ཚོའི་སེམས་གཏིང་ནས་ངན་པར་ངོས་ལེན་མི་བྱེད།   ང་ཚོས་ཤེས་གསལ་ལྟར་ན་ ངན་པར་དུས་ཡུན་གྱི་རྒྱལ་ཁ་ཐོབ་སྲིད་ཀྱང་ངན་པར་རྒྱུན་དུ་རྒྱལ་ཁ་ཐོབ་མི་སྲིད་པར་ཡིད་ཆེས་སྲ་བརྟེན་ཡོད།    ངན་པ་ཕམ་པར་གྱར་དགོས་ན་ལས་སྟབས་བདེ་ཞིག་རེད།  དེ་ནི་ང་ཚོའི་སེམས་ནང་གི་བཟང་པོ་དར་སྤེལ་གཏོང་ཏེ་སེམས་ནང་གི་བཟང་པོའི་ཆ་འཐུས་ཚང་སྒོ་ནས་ཕྱིར་མངོན་དགོས་པ་དེ་རེད།   རྩ་བའི་ཆ་ནས་བཤད་ན།    དྲག་པོའི་དམར་པོའི་གཞུང་ལ་ངོ་རྒོལ་བྱེད་པ་དེ་ནི་དྲང་བདེན་གྱི་འཐབ་རྩོད་ཅིག་རེད།    ང་ཚོས་རྒྱལ་ཁར་ཕྱོགས་པར་སྤོབས་པས་ཁེངས་ཡོད་པ་དེ་ནི་ང་ཚོས་མིའི་གཤིས་སྤྱོད་ལ་སྤོབས་པ་སྐྱེ་བཞིན་པའང་ཡིན།
སྒྱུར་མཁན་གངས་ལྷ་མོ། དྲ་འབྲེལ་ཁ་བྱང་།  http://biweekly.hrichina.org/article/1079


  
 

12.12.2012 05:53:28

སྤེལ་མཁན། ལོག་སྨྲ་ཚར་གཅོད། དམར་ཤོག་བཙུགས་ནས་ལོ་ངོ་ཇི་ཙམ་སོང་ཡང་འདི་ནི་གོ་ལའི་ས་སྒང་འདིར་ད་དུང་ཡུན་རིང་གནས་ངེས་རེད། འོན་ཀྱང་ལུང་པ་གང་ཞིག་ནང་དམར་ཤོག་ཚོགས་པ་ཡོད་པ་ཙམ་གྱིས་མིའི་སྤྱི་ཚོགས་ལ་གནོད་པ་དེ་ཙམ་སྐྱེལ་མི་་ཐུབ། དམར་ཤོག་ཚོགས་པ་ཡིན་ན་འདྲ། ཚོགས་པ་བྱེ་བྲག་པ་གཅིག་གིས་ཡུལ་གྲུ་གང་ཞིག་ནང་སྲིད་དབང་སྒེར་སྤྱོད་བྱས་པའི་ལམ་ལུགས་འདི་ནི་སྐུ་ཚེ་རིང་པོ་མི་གནས་པ་མངོན་འགྱུར་ཐུབ་པ་བྱུང་ཟིན་ཡོད། དཔེར་ན་རྒྱ་ནག་གི་དམར་ཤོག་ཚོགས་པ་བཞིན་རེད། རྒྱ་ནག་གི་དམར་ཤོག་ཚོགས་པ་ཡང་རྒྱ་ནག་ནང་མེད་པར་མི་འགྲོ་བ་སྟོབས་དང་དབང་ཤུགས་ཆེ་ཆུང་ལ་མ་ལྟོས་པ་ད་དུང་ཡུན་རིང་གནས་ངེས་ཀྱང་ཚོགས་པ་དེས་རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་བྱེད་རྒྱུའི་ནུས་པ་མཇུག་རྫོགས་ལ་ཉེ་བ་་ཞིག་རེད། རྒྱ་ནག་གི་དམར་ཤོག་ཚོགས་པ་ནི་དམར་ཤོག་གི་ལྟ་བ་ངོ་མ་སྔ་མོའི་མི་རྣམས་ཀྱིས་ཡིད་སྨོན་བྱེད་ས་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་ཟེར་བ་དང་སྤྱི་ཚོགས་རིང་ལུགས་ཀྱིས་དར་ཆ་མཐོན་པོར་བསྒྲེང་དགོས་པ་སོགས་ནི་མིང་ཙམ་ལས་དོན་སྙིང་ཚང་མ་བརླགས་ཟིན་པ་ཡིན་པས་དམར་ཤོག་ངོ་མ་དེ་མ་རེད་འདོད། དགོངས་དག གངས་ལྷའི་རྩོམ་ཡིག་དེས་ཟིན་བྲིས་འགག་ནས་གཙང་བཅོས་ཐོག་སྐུ་ཉིད་ཀྱི་མཆན་དེ་བསྐྱར་བཀོད་བྱེད་དགོས་ཐུགས་སོང་བས་དགོངས་འགལ་མེད་པ་ཞུ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -