ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.11.2012 11:02:06
ཡེ་ཤེས་ཆོས་བཟང་།

མཁྱེན་ཡངས་ཤམ་བྷ་ལའི་ཕོ་ཉའི་རྩོམ་པ་པོ་རྣམ་པ་སླར་ཡང་མཇལ་རྒྱུ་བྱུང་བར་ སྙིང་ཐག་པ་ནས་དགའ་བསུས་གུས་བཀུར་ཞུ་རྒྱུ་དང་ཆབས་ཅིག ད་བར་ཟླ་ཤས་རིང་དྲ་རྒྱའི་མ་ལག་འཇོག་སའི་ཡོ་རོབ་ཀྱི་དྲ་ཚོང་ཁང་དེ་སྐྱོན་ཤོར་ནས་དྲ་གནས་མང་པོ་ཞིག་དང་མཉམ་དུ་ ཤམ་བྷ་ལའི་ཕོ་ཉ་ཡང་སྐྱོན་ཤོར་བ་རེད།

དེ་རྗེས་དྲ་ཚོང་ཁང་གསར་པ་བརྟན་པོ་ཞིག་མ་བརྙེད་པར་རིང་པོར་ལུས་པ། བརྙེད་ཀྱང་ཤམ་བྷ་ལའི་ཕོ་ཉའི་མ་ལག་ཆ་ཚང་གནས་སྤོ་དང་ཡར་འཇུག་ཞུ་རྒྱུ་སོགས་རྒྱུ་མཚན་དུ་མ་ཞིག་ལ་བརྟེན་ནས་དེ་འདྲ་ལུས་པ་དེར་རྣམ་པ་ཚོར་ཤམ་བྷ་ལའི་ཕོ་ཉ་དང་ལས་མི་ཡོངས་གིས་སྙིང་དབུས་ནས་དགོངས་འགལ་མེད་པ་གནང་རོགས་གྱིས་ཞེས་ཞུ་རྒྱུ་ཡིན།
ཤམ་བྷ་ལའི་ཕོ་ཉའི་ངོས་ནས་རྣམ་པ་ཚོ་སྐུ་ཁམས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོད་པའི་རེ་སྨོན་ཞུ་བཞིན་ཡོད་ལ།
ཤམ་བྷ་ལའི་ཕོ་ཉའི་དྲ་གནས་དཀའ་ངལ་འཕྲད་པའི་སྐོར་གོང་དུ་ཟིན་བྲིས་སུ་གསུངས་པ་ལྟར་དྲ་བའི་རང་སྲོག་ལས་ཐར་ཐུབ་ཙམ་བྱུང་ཡོད་ལ་འབྱུར་འགྱུར་ལ་གཟབ་ནན་དགོས་པའི་ཉམས་མྱོང་གསར་པ་ཞིག་ཀྱང་ཐོབ་ཡོད། དེའི་བར་ལ་དཀའ་ངལ་རིམ་པ་དུ་མའི་ཁྲོད་ནས་ཡར་ལངས་ཏེ་བསྐྱར་དུ་རྣམ་པ་ཚོའི་ སྤྱན་ལམ་དུ་སླེབས་ཡོད་པ་དེ་ཡང་དྲ་གནས་འདིའི་རྩོམ་པ་པོའམ་ཟིན་བྲིས་པ་རྣམ་པ་ཚོ་དང་ཐུགས་ཁུར་གནང་མཁན་ཚོའི་སེམས་གསོ་དང་རྟག་ཏུ་ཆེ་མཐོང་གནང་བ་བཅས་ལས་གྲུབ་ཡོད།
ད་དུང་ཡོ་རོབ་དང་ཨ་རི། བལ་ཡུལ་སོགས་ནས་རྣམ་པ་ཚོས་གསུང་ཤུགས་ཆེན་པོས་ང་ཚོ་ལས་བྱེད་རྣམས་ལ་སྐུལ་འདེད་ཚ་ནན་གནང་བ་དང་མང་པོ་ཞིག་ནས་མཐའ་ན་དཔལ་འབྱོར་གྱི་དཀའ་ངལ་ཡིན་མིན་ལ་དགོངས་ཏེ་རོགས་སྐྱོར་གནང་རྒྱུ་ཡིན་ཞེས་ཡིག་ངག་གཉིས་ཀས་བཀའ་སློབ་ཕེབས་པར་གོ་སྐབས་འདི་བརྒྱུད་འབྲེལ་ཡོད་ཚང་མའི་ཚབ་ཞུས་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་མ་འོངས་པར་ཡང་དྲ་གནས་འདི་ཡར་རྒྱས་གཏོང་ཕྱོགས་སྐོར་རྣམ་པ་ཚོ་དང་འདི་ལས་མཉམ་རུབ་ཀྱིས་གྲོས་སྡུར་བརྒྱུད་ཐག་གཅོད་ཡོང་རྒྱུ་དང་དེ་སྔ་ཡང་དགོངས་ཚུལ་མང་པོ་ཞིག་ཡོད་པ་རྣམས་ད་ལྟའང་དྲ་གནས་སུ་ཡོད་པ་ལྟར་ལག་བསྟར་གང་ཐུབ་ཞུ་རྒྱུ།
དམིགས་བསལ་ཤམ་བྷ་ལའི་ཕོ་ཉ་རང་ཉིད་ཀྱི་ངོ་བོ་དང་ཐོག་མའི་དམིགས་ཡུལ་མ་དོར་བའི་སྒོ་ནས། དྲ་གནས་འདིའི་བཟོ་དབྱིབས་དང་བརྗོད་གཞིའི་སྤུས་ཀ དྲ་བའི་ངོས་ཟུར་གང་གི་ཚོན་དང་རྒྱན་རིགས། དེ་བཞིན་བརྗོད་གཞིའི་སྡེ་ཚན་ཆ་བགོས་ཞུ་སྟངས། ད་དུང་དྲ་བའི་བཟོ་དབྱིབས་དང་ སྡེ་ཚན་ཐད་གསར་གཏོད་ཀྱི་མ་ལག་ཆ་རྐྱེན་གང་ཚང་དགོས་མིན་སོགས་ཀྱི་ཐོག་ལ་དགོངས་ཚུལ་དང་ལམ་སྟོན་ཡོད་ཚེ་འདི་ག་གསར་ཁང་དུ་ཡིག་ངག་གཉིས་ཀྱི་ཐོག་ནས་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་དམིགས་བསལ་ཞུ་རྒྱུ་ཞིག་ལ། དྲ་རྒྱའི་མ་ལག་འཇོག་ས་གཞན་དབང་སྟབས་བསྟུན་ཡིན་པར་བརྟེན་སྤྱི་ཡོངས་ཀྱི་དཀའ་ངལ་རིགས་འཕྲད་སྲིད་པ་ལྟར། རྩོམ་པའམ་ཟིན་བྲིས་པ་སོ་སོས་སྤེལ་བའི་རྩོམ་ཡིག་གི་མ་དཔེ་རེ་ངེས་པར་དུ་རང་ཉིད་ཀྱི་སར་ཉར་རོགས་གནང་ཞེས་གལ་ནན་ཆེན་པོས་ཞུ་རྒྱུ་ཡིན།
བཀྲ་ཤིས་བདེ་ལེགས།
ཤམ་བྷ་ལའི་ཕོ་ཉས་༢༠༡༢ལོའི་༡༡ཚེས་༢༦ཉིན་གུས་བཏུད་དང་བཅས།

  
 

26.11.2012 14:07:36

ཤམ་བྷ་ལའི་དྲ་རྒྱའི་རྩོམ་སྒྲིག་པ་དང་རྩོམ་པ་པོ། ད་དུང་ཟིན་པ་རྣམས་ཀྱིས་ཐུགས་བསམ་ཞིབ་ཏུ་བཏང་ནས། ཤམ་བྷ་ལའི་ཕྱིའི་རྣམ་པ་དང་ནང་གི་བརྗོད་བྱ། ད་རུང་མཛེས་བཀོད་ཀྱི་རི་མོ་དང་ཚོན་ཁྲ་བཅས། སྡེ་ཚན་ཆ་བགོས་ཀྱི་བཟོ་དབྱིབས་སོགས་སྔ་ལས་ལེགས་སུ་གཏོང་དགོས་པ་མང་པོ་ཞིག་ཡོད་པ་ཤེས་པར་བྱས་ཏེ། ཁ་གསལ་གོ་བདེའི་ལམ་ནས་ཤམ་བྷ་ལའི་དྲ་ཁང་དུ་ངེས་པར་དུ་བརྗོད་དགོས། དེས་སྤྱི་དང་བྱེ་བྲག་ཚང་མ་ཕན་ཐོག་ཡོད་པ་སེམས།

 
 
27.11.2012 00:10:36

ཐོག་མར་ཁྱེད་རྣམ་པའི་འབད་འབུང་གནང་བར་ཐུགས་རྗེ་ཆེ་ལགས། འདིའང་ངེད་ཟིན་བྲིས་པ་ཚོགས་གཅིག་ཁོ་ནའི་དོན་མ་ཡིན་པར་ཕ་གཞིས་མ་སྐད་ཀྱི་ཁྱིམ་གཞི་ཞིག་སྲུང་སྐྱོར་གནང་བ་དང་གཉིས་སུ་མེད། དེ་མིན་རྒྱལ་སྤྱི་ཆ་འཕྲིན་ལྟེ་གནས་སྐད་ཡིག་གསུམ་ལྡན་དེའང་གཞན་གྱིས་འགྲན་པར་མི་ནུས་པའི་ཚད་ལྡན་གྱི་དྲ་གནས་ཤིག་ཡིན་སྟབས་དཔལ་འབྱོར་ཐད་དཀའ་ངལ་ཡོད་ངེས་ལ་བློ་རྩེ་སྤྲུགས་ཏེ་གདོང་ལེན་གནང་བཞིན་མུ་མཐུད་སྤོབས་པ་ཆེན་པོས་མདུན་སྐྱོད་གནང་རོགས།

 
 
27.11.2012 08:39:57

རྣམ་པ་ཚོས་ཐུགས་ཁུར་གནང་བར་འབྲེལ་ཡོད་ཚང་མའི་ཚབ་ཞུས་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 
 
27.11.2012 11:46:56

འགྲེལ་བཤད་རེ་གནང་བར་ཡག་བྱུང་། ངོ་མ་དགའ་བ་ཞིག་རེད། མུ་མཐུད་དེ་གང་ཐུབ་འབྲི་ངེས། ཐུགས་རྗེ་ཆེ།

 
 
27.11.2012 14:31:37

ཨ་རོག ཤམ་བྷ་ལ། ཕལ་ཆེར་ཟླ་ངོ་བདུན་བརྒྱད་ཙམ་ཡིན། ཁྱེད་རང་གཉིད་ལ་ཡུར་སོང་། ཁྱེད་རང་ང་ཚོའི་མིག་ངོགས་ནས་ཡལ་རྗེས། ས་ཕྱོགས་འདིའི་ཤ་ཉེ་ཉེ་ཅན་དང་། རུས་འཐད་འཐད་ཅན་གྱི་ཕུ་ནུ་མང་པོ་ཞིག་ཁེར་གཏམ་རེ་བྱས་ཏེ་དྲང་པོར་བཤད་ན་སྐྱོ་ལྷང་ལྷང་ལུས། འོན་ཀྱང་ཁྱེད་རང་ཅི་ཞིག་གིས་གཉིད་ལས་དཀྲོགས་པ་ལྟར་ཕེབས་བྱུང་། གཟི་མདངས་དང་བསོད་ནམས་རྒྱས་སེ། འགྱུར་ཁུག་དང་ཉམས་འགྱུར་ཤིག་ཤིག འོ་རེད། དེ་ནི་རི་ཕར་རྒྱབ་ཀྱི་དམར་ལམ་ལམ་དུ་འབར་བའི་མེ་ལྕེ་གསོན་པོ་འདིས་ཡིན་ངེས། གང་ལྟར་ཡང་ང་ཚོ་ལ་དེང་སང་མིག་ཆུ་མེད་མོད། ང་ཚོའི་སྙིང་ཤ་དམར་པོ་རབ་ཏུ་སྐྲང་ཟིན་པ་འདིའང་ཁྱེད་རང་གི་བྲང་ཀར་དཔྱོང་པར་འདོད་པས། ཅིས་ཀྱང་བྱོན་པར་ལེགས་སོ་ཞུ་བ་དང་འབྲེལ། གང་ལྟར་ཁྱེད་ལ་དགའ་བ་འབུམ་གྱིས་ཤི་བ་ལས་སླར་གསོན་པར་འཚམ་འདྲི་ཞུ།

 
 
27.11.2012 19:27:20

ངས་ཀྱང་ཤམ་བྷ་ལའི་དྲ་བ་གཉིད་དུ་ཡོལ་བའི་རྐྱེན་རྩ་མ་ཤེས་ནས་སྡུག་མོད་ཞེ་དྲགས་བྱས་པ་ཡིན། ཡེ་ཤེས་ལ་ཡི་གེ་ཞིག་ཀྱང་བསྐུར་ཡོད། ད་ངོ་མ་དཀའ་ལས་ཡུན་རིང་བརྒྱགས་ནས་སླར་གསོ་བྱས་ཐུབ་པས་དགའ་སྤྲོ་ཚད་མེད་སྐྱེས། དྲ་གྲོགས་གཞན་ཧ་མ་གོ་མཁན་ཚོ་ལ་ཡང་གཏམ་བཟང་དེ་བསྒྲགས་ཐུབ་པར་གནང་རོགས་གནང་།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -