ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.04.2012 11:25:58
འཆམ་ར་དྲི་མེད་རྒྱལ་མཚན།

༈ སྐར་མ་འཚོལ་གྱིན་པའི་ང་ཚོ།
ཆུང་ཆུང་ཆུང་ཆུང་ཞིག་གི་དུས་ནས
རང་གི་རྣ་བར་སྐར་ཚོགས་མང་པོ་དེའི་གཟུགས་བརྙན་གྲགས་ཞིང
རང་གིས་ཀྱང་སྐར་ཚོགས་དེ་དག་གི་རྣམ་པར་ཡིད་ལ་བཞེངས
ཉི་འོད་དང་ཁ་འཐབ་པའི་སྔོན་པོ་གནམ་གྱི་ངོས་ན

སྐར་ཚོགས་ཀྱི་བྱད་བཞིན་དག་རང་ཉིད་ལ་ངོ་ཚ་བ་ལྟར་གནས་ཀྱང
རྙིང་ཧྲུལ་དུ་སོང་བའི་འདུན་པ་དེ་དྲོད་ལམ་མེར་རྡོ་ཐོག་བཏབ
ཆོས་གཞུང་དང་འགྲོགས་ཤེས་པ་ནས
ཡིག་འབྲུ་རེ་རེས་སྐར་ཚོགས་ཀྱི་དཀྱིལ་འཁོར་ཞིབ་པར་བསྟན་ཅིང
རང་ཉིད་ཀྱང་སྐར་ཚོགས་ཀྱི་འགྲམ་དུ་ཇེ་ཉེར་བཅར་བ་དང
མུན་པས་འཇིག་རྟེན་ཟོས་པའི་ཚེས་པ་བཟང་དུས་རེར
རང་སྔུན་ནས་ཟླ་བས་ཀྱང་སྐར་ཚོགས་འབོད་ཀྱིན་པ་མཐོང་བས
འཇིག་རྟེན་ནི་སྐར་ཚོགས་ཀྱི་བྲང་ངོར་ཆགས་པར་བདེན་ཁར་བྱིན
རྨི་ལམ་གྱིས་རང་ཉིད་འབོད་ཀྱིན་པ་ནི
རང་ཉིད་ཀྱི་ཞིང་ཁམས་རྨི་ལམ་ཡིན་སོང་བས་རེད་ལ
འཚུབ་ལྷོང་མང་པོ་ཞིག་ཁྲག་གི་ཟེགས་མའི་སྟེང་ན་འཕྱོ་བ་དང
གླུ་དབྱངས་ཀྱི་སྒྲ་གདངས་ཆོ་ངེའི་ཀློང་དུ་བསྡམས་ཞིང
ངོ་གདོང་དམར་པོ་རྣམས་མིག་ཆུས་འཁྲུ་བཞིན་འདུག
མུན་ནག་གི་ཞིང་ཁམས་གསོན་འདྲེས་ཟོས་པ་ནས
ངས་ཡིད་ངོར་བཞེངས་པའི་སྐར་ཚོགས་དག་བྲོས་སོང་བ་ལྟར་རེད་ལ
ངས་མཐོང་བ་ནི་སྙིང་དམར་པོ་རྣམས་སྟ་རེས་བཙགས་ཀྱིན་པ་དང
མིག་རིལ་རིལ་རྣམས་གྲི་རྩེས་བརྐོ་བཞིན་པ་འདི་རེད
དེ་བཞིན་རེ་བས་མ་གཏོང་པའི་ངའི་ཕུ་ནུ་ཚོས
སྐར་ཚོགས་ལ་ཁ་གཏད་ནས་རྒྱུན་རིང་རྒྱུན་རིང་ཞིག་བོས་ཀྱང
སྐར་ཚོགས་ཀྱིས་ཡ་ལན་མེད་པའི་དགུན་ཁ་ཞིག
མེ་ལྕེ་དམར་པོ་རེ་གྱོན་ནས་སྐར་མ་འཚོལ་བར་ཆས
རྨི་ལམ་ནང་གི་ང་ཚོས
ད་དུང་གནམ་སྔོན་པོའི་གདོང་ལ་ལྟ་ཐེངས་རེར
སྐར་ཚོགས་ཀྱི་འོད་སྣང་ཁྲ་ཚུབ་ཚུབ་ཡིན་པའི་སྨོན་ལམ་འདེབས་ཀྱིན་ཡོད་མོད
ནམ་མཁའི་ཁ་དོག་འགྱུར་སོང་བ་དེས་སམ
འོད་པོ་ཆེ་འདིར་ནམ་མཁར་དབང་ཟིན་པ་གང་ལྟར
སྐར་མ་དངོས་གནས་ཤིག་ད་ལྟ་ཡོད་དམ་སྙམ་པ་འདི་རེད
རང་ཉིད་སྐྱེས་པ་ནས་སྐར་མའི་ལོ་རྒྱུས་གླེང་པ་ཙམ་ལས
ཁྲག་དམར་པོའི་འོད་ཁ་ནས་རྙེད་མི་འདུག་ལ
མེ་དམར་པོའི་འོད་ངོགས་ནས་ཀྱང་རག་གིན་མི་འདུག་པས
ད་ལྟའི་ངས་ཅི་ཞིག་གི་ལྟ་གོན་བྱས་ན་ལེགས་སམ
༢༠༡༢་༤་༢ ཉིན་མིག་ཆུ་ཁྱོ་བ་གང་གིས་བྲིས།

  རྡོག་རྩ་ཆིག་སྒྲིལ
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -