ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.04.2012 00:20:02
འཆམ་ར་དྲི་མེད་རྒྱལ་མཚན།

ད་དུང་ངོ་རྒོལ་འདི་དག་མུ་འཐུད་དགོས། བང་ཆེན་ཚགས་ཤོག་འདོན་ཐེངས་༣༧༩ པར་སྤེལ།
་                                                _____ཕྱི་གླིང་གི་མི་སེར་བོད་མི་ཚོ་མ་འཆུག་རོགས།
ད་ལྟའི་བོད་ཀྱི་འཐབ་རྩོད་འདི་ནི་༡༩༤༩ ལོ་ནས་འགོ་འབུས་པ་ཞིག་ཡིན་ལ། དེ་ནས་དགྲ་བོས་མགོ་སྐོར་དང་བསླུ་བྲིད་ཀྱི་རིགས་ལམ་འོག་ཏུ་བཙོན་འཇུག་དང་མུ་གེ དམར་གསོད་དང་སྡེབ་གསོད་སོགས་ཀྱི་མནར་གཅོད་རིམ་པ་བཏང་སྟེ།  བོད་ཀྱི་མུན་ནག་གི་ལོ་རབས་ཕྱེད་ལྷག་སོང་ཟིན།

དེ་ལས་ཀྱང་ཛ་དྲག་གི་གནས་སྟངས་ཤིག་ལྷགས་བཞིན་པ་ནི། ༡༩༩༨ ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེག་གིས་དགྲ་བོ་ལ་བརྒོལ་ནས་མེར་བསྲེག་གི་འཐབ་རྩོད་འདི་བཙན་བྱོལ་ནང་དུ་རྩ་བ་ཚུགས་ཡོད་ལ། ༢༠༠༩ ལོར་དཔའ་བོ་བཀྲ་བྷེ་ལགས་ཀྱིས་གཙོས་པའི་བོད་མི་སུམ་ཅུ་ཙམ་གྱིས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་གྱི་རྩེ་མོ་བོད་ནང་ནས་རྒྱས་བཞིན་པ་རེད།

དཀའ་རྙོག་འདི་དག་གི་མགོ་ཁུངས་ཐུག་ས་ངོ་མ་དེ་རྒྱ་ནག་གུང་ཁྲན་ཏང་ཡིན་སྟབས། དེ་སྔོན་བོད་ཀྱི་དཔའ་བོ་མང་པོས་དགྲ་འོག་ཏུ་སྐུ་སྲོག་བཏང་པ་རེད་ལ། ཛ་དྲག་གི་གནས་ཚུལ་འདིའི་འགན་ཁུར་རང་བཞིན་ཅན་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་ལ་ཡོད་དུས། ཉེ་ཆར་བཀུར་འོས་གཞོན་ནུ་ཚོགས་པའི་རྒྱལ་གཅེས་དཔའ་བོ་གསུམ་གྱིས་དྭངས་བླངས་ངང་རྒྱལ་ཚོགས་སྒོ་འགྲམ་དུ་ཟས་བཅད་ནས་ཉིན་སུམ་ཅུའི་རིང་ཞུ་འབོད་ཀྱི་ངོ་རྒོལ་བྱས་ཡོད། དཔའ་བོ་ཁོང་ཅག་གིས་བློས་གཏོང་འདི་དང་། མེས་པོ་དེ་དག་གི་རེ་སྨོན་དེ། ད་དུང་མི་རིགས་འདི་ཉིད་ཀྱི་དཀའ་སྡུག་འདི་དང། རྒྱལ་ཁབ་འདི་ཉིད་ཀྱི་ལོ་རྒྱུས་འདི་དག་གི་ཆེད་རྒྱལ་གཅེས་པ་ཁོང་ཅག་གིས་བློས་གཏོང་དང། དཀའ་སྡུག་མང་པོ་ཞིག་བརྒྱབ་ཟིན་པའི་རྗེས་སུ། ད་དུང་ང་ཚོའི་མཐར་ཐུག་གི་འབྲས་བུ་དེ་འགྲུབ་མེད་དུས། ང་ཚོས་མུ་འཐུད་ནས་ངོ་རྒོལ་བྱེད་དགོས་པའི་གནས་ལུགས་ཐོན་གྱི་ཡོད།

རྒྱལ་ཚོགས་ཀྱིས་ཟས་བཅད་པ་ཚོར་བོད་ནང་ཞིབ་འཇུག་གནང་རྒྱུའི་ཡིག་ཐོག་སྐད་ཆ་ཞིག་བྱུང་ཡོད་ཀྱང་། རྒྱལ་ཚོགས་ཀྱི་གཡོ་འགུལ་འདིའི་གྲུབ་ཆ་གལ་ཆེན་ཞིག་ནི་དགྲ་ནག་གུང་ཁྲན་གྱིས་བཟུང་ཡོད་དུས། ཡིག་ཐོག་སྐད་ཆ་འདི་གཏམ་བྱས་བྱས་དང། གྲི་གཡུག་གཡུག་ཅིག་ཡོང་རྒྱུར་བློ་འཚབ་ཡོང་གི་ཡོད། འདི་དག་ལག་ལེན་ཁེལ་བར་ང་ཚོས་ད་དུང་དུས་ནས་དུས་སུ་རྒྱལ་ཚོགས་ཀྱི་སྒོ་ཆེན་རྡུང་རྒྱུའི་མཚོན་པའི་ངོ་རྒོལ་བྱེད་དགོས་པ་སྟོན་གྱི་ཡོད། དེ་སྔོན་རྒྱ་གར་དང་བལ་ཡུལ་སོགས་ནས་རྒྱལ་སྒོ་སོགས་རྡུང་མཁན་མང་པོ་ཞིག་བྱུང་ཡོད་ཀྱང་། ཡུལ་ལུང་གི་གནས་སྟངས་འདྲ་མིན་འོག་གྲུབ་འབྲས་ཆེན་པོར་ཐོན་རྒྱུར་ཁག་པོར་བྱུང་ཡོད། 

ད་རེས་སྐྱ་སེར་གསུམ་གྱིས་བརྡུང་པའི་སྒོ་ཆེན་འདི་ནི་མིང་གྲགས་ཆེ་བའི་ཨ་རིའི་ཡུལ་དུ་ཡོད་སྟབས། ཕྱོགས་གང་ཐད་ནས་རེ་བ་ཡོད་པ་ལྟར་གྲུབ་འབྲས་ཀྱང་གང་འཚམས་ཐོན་ཡོད། ལྕགས་ཚ་ཐོག་ཏུ་རྡུང་དགོས་པའི་དཔེ་བཞིན། ད་ལྟའི་འཛམ་བུ་གླིང་གི་སེམས་པ་མང་པོ་ཞིག་བོད་པའི་ཐོག་གཏོང་བཞིན་པ་དང་། གུང་ཁྲན་གྱི་སྐྱག་རྫུན་ཤོག་བུའི་ནང་དུའང་མེ་ལྕེ་འདི་དག་འཐུམ་དཀའ་བ། དེ་བཞིན་བོད་མིས་ཀྱང་གནམ་འོག་ན་བྱུང་མ་མྱོང་པའི་འཐབ་རྩོད་གྲལ་འགྲིག་པོ་ཞིག་མ་བསྒྲིགས་རང་འགྲིག་གིས་བྱེད་བཞིན་པའི་དུས་སྐབས་འདིར། སྒོ་ཆེན་འདི་ཡང་རྡུང་དང། དྲན་བསྐུལ་དེ་ཡང་ཞུ། ད་དུང་ལག་ལེན་དེ་གང་མགྱོགས་དགོས་པའི་ཛ་དྲག་གི་ཞུ་རྒོལ་མུ་འཐུད་དགོས་ཀྱི་འདུག 

འདི་ལྟར་ཛ་དྲག་གིས་ལག་ལེན་ལ་བསྐུལ་དོན་ནི། བོད་མི་རིགས་འདིའི་འཐབ་རྩོད་འདི་ཛ་ཇེ་དྲག་ཏུ་འགྲོ་བཞིན་པ་འདི་ཡིན་དགོས། ངོ་རྒོལ་སྤེལ་ས་ནི་མང་གཙོ་དང་ཐོབ་ཐང་འབོད་རྒྱུར་དགའ་བའི་དེང་སང་གི་སྟོབས་ཆེན་རྒྱལ་ཁབ་ཡུ་རོབ་ཕྱོགས་དང་། ཨ་རི་སོགས་སུ་ཡིན་དགོས། དེ་ཚོའི་ནང་གི་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པ་རྒྱལ་ཁབ་དེ་དག་གི་ཁྲིམས་མཐུན་མི་སེར་དུ་གྱུར་ཟིན་པ་དང་། ངོ་རྒོལ་གྱི་རང་དབང་སོགས་གང་ཅིའི་ཁོར་ཡུག་བཟང་བས་རེད། བརྟག་པ་མཐའ་བཟུང་གི་དབང་དུ་བཏང་ན། གལ་སྲིད་མེ་ལྕེ་འདིའི་ཚ་རླབས་འཇགས་པ་ཡིན་ན་དེ་དུས་གོ་སྐབས་གཏན་ནས་མེད་སོང་བ་ལྟར་རེད་ལ། ཕམ་ཁ་དེའི་འོག་ནས་ད་ལྟའི་རྒྱལ་ཁབ་མང་པོའི་དོ་སྣང་འདི་བརླག་ངེས་པས། དེ་དུས་ང་ཚོའི་སྔོན་དུ་སྒོ་ཆེན་ཞིག་ཡོད་ཀྱང། སྒོ་ཆེན་དེའི་ནང་ན་རྣ་བ་ཞིག་ཡོད་མི་སྲིད་ལ། དེ་ནས་ང་ཚོས་སྒོ་རྡུང་ཐུབ་ཀྱང་ཁོ་ཚོས་གོ་ཐུབ་རྒྱུར་ཁག་པོར་གྱུར་ཡོད་པ་ནི་འདས་པའི་ལོ་རྒྱུས་ཀྱིས་བདེན་ཁ་བྱིན་ཡོད།།

(འདིའི་ནང་གི་དགྲ་ནག་ཅེས་པ་རྒྱ་ནག་ཅེས་བཅོས་ནས་ཚགས་ཤོག་ཐོག་གཏོང་འདུག མཆན།)


  རྡོག་རྩ་ཆིག་སྒྲིལ
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -