ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

28.03.2012 07:08:02
འཆམ་ར་དྲི་མེད་རྒྱལ་མཚན།

༈ མེ་མདའི་འོག་གི་མེ་ལྕེའི་ཟུར་ནས་དགྲ་ནག་ལ་བཤད་པ།
_____འཆམ་ར་དྲི་མེད་རྒྱལ་མཚན།
ད་ལྟའི་ང་ཚོའི་མིག་མདུན་གྱི་བོད་ནི་ནམ་ཡང་དམར་ལྷམ་ལྷམ་དུ་འབར་གྱིན་པ་འདི་རེད། མེ་ལྕེ་འདི་ཚོའི་ནང་དུ་དེ་སྔོན་ཚེ་སྲོག་བཅུ་ཕྲག་གཉིས་ལས་བརྒལ་ཚར་སོང་། འོན་ཀྱང་ཁ་གཏད་ཀྱི་ཕྱོགས་ནས་གླེན་རྟགས་དང་། ཧམ་སེམས། ད་དུང་ཁྱད་གསོད་རྒྱུན་འཐུད་ཀྱིན་པ་ལས། དཀའ་རྙོག་འདིའི་མགོ་ཁུངས་འཚོལ་གྱིན་མི་འདུག་ལ།

དེའི་ཕྱོགས་གཅིག་ནས་བཤད་ན་དགྲ་ནག་གི་ད་ལྟའི་འགོ་བྱེད་ཚོས་དུས་བཅད་འཕྲལ་སེལ་གྱི་བྱེད་ཐབས་ཤིག་སྤྱོད་ཀྱིན་པ་ལས། དགྲ་ནག་རང་གི་མ་འོངས་པའི་བརྟན་ལྷིང་ལའང་བསམ་བློ་རྣལ་མ་ཞིག་གཏན་ནས་གཏོང་གིན་མེད་པས་ཡིན། ད་དུང་ཁོ་ཚོའི་ཁ་གཏད་དུ་ལངས་པའི་མེ་ལྕེ་འདི་དག་ལ་མཐོང་ཆུང་ཚ་དྲགས་པས་རེད་ལ། མེ་ལྕེ་འདི་དག་གིས་བོད་མི་རིགས་ཀྱི་ཚེ་སྲོག་གང་འདྲས་འཚིག་གིན་ཡོད་མེད་ཀྱི་མྱོང་ཚོར་རམ་རྒྱུས་ལོན་གཏན་ནས་བྱས་མེད་པས་རེད། བོད་ཀྱི་ཕྱོགས་ནས་བཤད་ན། མེ་ལྕེ་འདི་ལུས་ལ་བགོས་ན་ཚ་གདུང་གི་ན་ཟུག་གང་འདྲ་ཞིག་ཡོད་མེད་ཏག་ཏག་ཧ་གོ་གིན་ཡོད་ལ། དེའི་ཉམས་མྱོང་ཀྱང་གང་འཚམས་བསགས་ཟིན་པ་ཡིན།
ངོ་རྒོལ་བྱེད་སྟངས་འདི་ནི་གཞན་ལ་མ་འཚེ་བའི་ཞི་བའི་ངོ་རྒོལ་བྱེད་སྟངས་ཚད་མཐོ་ཤོས་དེ་ཡིན་ལ། འདི་ལས་ཡན་ཞིག་ན་ཞི་རྒོལ་བྱེད་སྟངས་ཀྱི་རིམ་པ་མེད། རྒོལ་སྟངས་འདི་ཉེ་ཆར་ཉེ་ཆར་ཞིག་མིན་པ་མ་ཟད་འདི་ལྟར་གྲངས་ཀ་འཕར་གྱིན་པ་འདིས་གང་ཞིག་སྟོན་གྱིན་ཡོད་མེད་ནི། དགྲ་ནག་ལ་མཚོན་ན་རྡོག་སྣེར་ཟག་པའི་སྔོན་བརྡ་ཁ་གསལ་ཅན་ཞིག་ཡིན། འདིའི་རྟགས་མཚན་ནི་དགོས་འདུན་གང་དེ་མ་འགྲུབ་བར་ཕྱི་གཤོལ་མི་བྱེད་པའི་དམ་བཅའ་བྲག་རི་ལྟར་བརྟན་པས་ཡིན་ལ། ས་ཡ་དྲུག་གི་ཚེ་སྲོག་གཅིག་ཏུ་འབྲེལ་ཞིང་ཁོང་ཚོའི་ན་ཟུག་མི་རིགས་ཤིག་གི་ན་ཟུག་ཡིན་པ་དང་། ཁོང་ཚོའི་དགོས་འདུན་མི་རིགས་ཤིག་གི་དགོས་འདུན་ཡིན་པས་ཀྱང་ཡིན།

ད་ལྟའི་དགྲ་ནག་གིས་མེ་སྲེག་གི་དོན་རྐྱེན་རེ་བྱུང་མ་ཐག་ཞི་མིས་སྐྱག་པ་སྦས་སྦས་བྱེད་ཀྱིན་འདུག་མོད། དེ་ནི་ཉི་ཤར་སྦར་མོས་མི་ཁེགས་པའི་དཔེ་རང་རེད། སྤྱིར་བཏང་བོད་མི་ནི་དཀའ་ངལ་དང་གདང་ཐུག་རྒྱག་དུས་འཕྲུལ་རྟའི་ཤུགས་ཚད་བཞིན་རིམ་པར་སྤར་ཡོང་རྒྱུ་ཡོད་པའི་མི་རིགས་ཤིག་ཡིན་ལ། མ་མཐའ་ནས་འཛམ་བུ་གླིང་གི་ས་ཆ་བཙན་ས་ཞིག་ན་ཁྱིམ་གཞིས་བཟུང་ནས་མི་རིགས་ཀྱི་ལོ་རྒྱུས་གྲུབ་ཡོད་པ་དེ་མ་བརྗེད་ན་འགྲིག་པ་ཡིན། དེ་བཞིན་མེ་མདའ་བྲང་གོག་ལ་ཟེད་ནས་མེས་པོའི་དུར་མཆོད་བྱས་མྱོང་ཡོད་ལ། འབར་རྫས་ལུས་སྟེང་དུ་ཟེད་དེ་དགྲ་བོ་ཁྱོད་རང་ཚོ་ལའང་ལན་གྲངས་མང་པོ་འཐབ་མྱོང་ཡོད་པ་ཞིག་ཡིན། དགྲ་ནག་གི་མི་སྤྱོད་ལས་འདས་པའི་ཆེས་གདུག་རྩུབ་ཅན་གྱི་སྤྱོད་པ་དག་ང་ཚོར་རྒྱུས་མྱོང་ཆ་ཚང་ཡོད་མོད་ད་དུང་བོད་མི་རིགས་འདི་འདི་ལྟར་ཁྱོད་ཚོའི་ཁ་གཏད་དུ་ལང་གིན་ཡོད།

དྲག་གནོན་དང་འཇིགས་སྐུལ་ནི་ང་ཚོར་ངར་ཆུ་ལྡུད་པ་ཡིན་ལ། བསླུ་བྲིད་དང་མགོ་སྐོར་ནི་ང་ཚོར་དྲན་བསྐུལ་བྱས་པ་ཞིག་ཡིན། བོད་མི་རིགས་འདི་འཇིགས་སྐུལ་དང་དྲག་གནོན་གྱིས་ཁུ་སིམ་མེར་འགྲོ་མཁན་ཞིག་ཡིན་ན་ད་ལྟའི་བོད་ནི་མི་ལོ་ལྔ་བཅུའི་སྔོན་ཞིག་ནས་གོ་རྒྱུ་མེད་ངེས་ཤིག་ཡིན་མོད། དེ་ལས་ལྡོག་པའི་ད་ལྟའི་བོད་ནི་མེ་ལྕེ་འབར་འབར། ཆུ་ལོག་འཕྱུར་འཕྱུར་རེད། ད་དུང་ཁྱོད་ཚོའི་གནོན་ཤུགས་དེའི་འོག་ནས་ང་ཚོ་ད་ལྟ་ནུས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་འགྲོ་གིན་ཡོད་ལ། ཁྱོད་ཚོའི་བྱིན་པའི་རྨ་ཁ་དེ་མི་རིགས་དང་ཆོས་ལུགས་ཤིག་གི་ངོ་བོར་ཇེ་གསལ་འགྲོ་གིན་ཡོད། ད་ནི་དུས་རབས་ག་ཚོད་ཀྱིས་བཅད་ཀྱང་མི་རིགས་འདིའི་རུས་རྐང་དུ་རྨ་ཁ་དེ་གཏན་ནས་གཏོད་ཟིན་སོང་། འདི་ནས་གསལ་ཁ་བྱེད་འདོད་པ་ཞིག་ལ། ཁྱོད་ཚོིས་དྲག་གནོན་དང་དམར་གསོད་དེ་ལྟར་རྒྱུན་འཐུད་དང་། ང་ཚོས་ཞེ་རུས་འདི་དང་རྒོལ་སྟངས་འདི་འདི་ལྟར་གངས་རྒན་བཞིན་འབེབ་ཡོང་།

དྲང་མོར་བཤད་ན། ང་རང་ལ་མཚོན་ན་ད་ལྟ་གྲ་ཆས་གྱོན་ཡོད་མཁན་ཞིག་ཡིན། སྔོན་མ་ཡིན་ན་འདི་ལྟར་རྩོམ་ཡིག་འབྲི་རྒྱུ་དང་བསམ་ཚུལ་ཤོད་རྒྱུའི་ཀུན་སློང་དེ་ཙམ་མེད། འོན་ཀྱང་ནང་ཆོས་ནི་དུག་རེད་ཅེས་པས་མཚོན་པའི་ཆོས་ལུགས་དད་པ་རང་དབང་མེད་པ་དང་། བོད་ཀྱི་སྣོད་བཅུད་གཉིས་པོ་དྲག་སྤྱོད་ཀྱིས་བཙན་བཟུང་བྱས་པ། ད་དུང་ཏཱ་ལའི་བླ་མ་ནི་ཆོས་གོས་གྱོན་པའི་སྤྱང་ཀི་ཞིག་རེད་ཅེས་པས་མཚོན་པའི་མཚན་སྨོད་བྱེད་སྟངས་སོགས་ཀྱི་གདུག་རྩུབ་མང་པོ་ཞིག་སེམས་ལ་གསག་པ་དང་། འགྲོ་བ་མི་ཞིག་ལ་སོ་སོའི་མི་ཚེ་སྐྱེལ་དབང་མེད་པའི་ཐོག་དམར་གསོད་ཀྱི་དོན་རྐྱེན་འདི་དག་མིག་མདུན་དུ་ལྷག་ཡོང་དུས་བསམ་བློ་ལ་དྲན་བསྐུལ་མང་པོ་ཡོང་གིན་འདུག  སྤྱིར་བཏང་ང་ཚོའི་ཆོས་གཞུང་ནང་དུ་ཞིང་བཅུ་ཚང་བའི་དགྲ་བོ་ཞིག་ཡིན་ན། དེ་ཉིད་ཡན་གར་དུ་གཏོང་མི་རུང་པའི་གཞུང་བཤད་བྱས་ཡོད་ལ། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་གདུང་ཐུང་བསད་ནས་ཚོགས་རྫོགས་སོང་བའི་ལོ་རྒྱུས་སོགས་ཀྱང་ཡོད།

ད་དུང་ “གཞན་ཕྱིར་ཕན་ན་ལུས་ངག་མི་དགེ་བདུན། །གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན་”ཞེས་པའི་གནས་ལུགས་ཅན་གྱི་ཉམས་ལེན་ཡང་བསྟན་ཡོད། སྐད་ཆ་འདི་དག་དེ་རིང་གསར་པ་ཞིག་ཏུ་མཐོང་སྲིད་མོད། སེམས་ཚོར་འདི་དག་དེང་སང་གི་གནམ་འོག་ན་ཆར་རྗེས་ཀྱི་ཤ་མོང་བཞིན་ཁྱེད་ཚོས་སྐྱེ་བཅུག་གིན་ཡོད་པས། སླད་མའི་དགྲ་བོད་བར་གྱི་ལོ་རྒྱུས་འདིའི་འགན་ཆ་ཚང་ཁྱོད་རང་ཚོའི་ལག་ནང་ཡོད་པ་ཤེས་དགོས། ཁྱོད་ཚོས་༡༩༤༩་ལོ་ནས་བོད་ལ་བཞག་པའི་ལོ་རྒྱུས་དང་། ད་ལྟའི་བོད་ལ་སྤེལ་བའི་བྱ་སྤྱོད་ཁྲོད་ཁོ་བོར་མིང་ཚིག་གསར་པ་ཞིག་ངོ་སྤྲོད་ཀྱིན་པ་ནི་“རྒྱ་ནག་”ཅེས་པའི་ཚབ་ཏུ་ “དགྲ་ནག་”ཅེས་པ་འདི་ཡིན་ལ། ད་དུང་མི་ཚིག་འདི་སྤྱོད་ཤུགས་ཆེ་རུ་གཏོང་འདོད་ཀྱི་བསམ་བློ་འགོག་མེད་སྤྲོད་ཀྱིན་འདུག་པས། ཁྱེད་ཚོར་མཚོན་ན་འདིའང་མཐུན་རྐྱེན་ཞིག་ཡིན་མི་སྲིད།  ད་ལྟའི་མིང་ཚིག་འདི་དགྲ་གཞུང་ལ་སྤྱོད་པའི་ཚུལ་ཞིག་ཡིན་མོད། གལ་སྲིད་དགྲ་གཞུང་གི་ལག་འོག་ན་འཚོ་བའི་མི་རིགས་ཆེན་པོ་འདིས་ཀྱང་ད་ནས་བརྩིས་པའི་མ་འོངས་པའི་ཕྱོགས་གཉིས་བར་གྱི་ལོ་རྒྱུས་ལ་བཟང་ཕྱོགས་ཀྱི་བདག་རྒྱག་མ་བྱས་ན། མིང་ཚིག་འདིའི་གོ་ཚད་ཀྱང་ཁྱབ་རྒྱ་ཆེ་རུ་མི་འགྲོ་བ་མི་སྲིད།

ངས་གསལ་བཤད་བྱ་འདོད་པ་ཞིག་ལ། ད་ལྟའི་དགྲ་གཞུང་གི་ཁ་འོག་ན་ཡོད་པའི་མི་རིགས་ཆེན་པོའི་མི་མང་ཚོས་སོ་སོའི་མགོ་བོ་གང་ཞིག་ན་ཡོད་མེད་བཙལ་ནས། ཁ་ནང་གི་ལྕེ་དེ་འགུལ་བཞིན། བྲང་འོག་གི་རྣམ་དཔྱོད་དེ་ཕྱུང་རན་བྱུང་། ད་ལྟའི་ཁ་ཐུག་གི་དགྲ་བོད་དཀའ་ངལ་འདི་གོང་རིམ་གྱི་མི་སྣ་འགའི་ཀླད་སྐྱོན་ཞིག་གིས་ཡོང་གིན་ཡོད་མོད། གོང་རིམ་གྱི་ལས་མི་རྣམས་ལོ་དུས་བཞིན་བརྗེས་པའི་ཤུལ་ནས་ང་ཚོའི་ལོ་རྒྱུས་འདི་ནི་དགྲ་ནག་གིས་བོད་ལ་བཞག་པའི་སྡིག་ཉེས་ཞེས་པ་ཙམ་ལས་འཇུ་ས་ཡན་གན་བ་ཞིག་རག་གིན་མེད། ད་དུང་ཞིབ་ཏུ་བཤད་ན། ད་ལྟའི་བོད་ནང་གི་དམག་མི་འབུམ་ཕྲག་མང་པོ་འདི་ཁྱེད་རང་ཚོའི་ཁྱིམ་གཞིས་ནས་ཡོང་གིན་ཡོད་ལ། ཁོང་ཚོས་གང་བྱུང་མང་བྱུང་། བོད་མི་རིགས་ཀྱི་ཚེ་སྲོག་བཅོམ་བཞིན་ཡོད།

ད་དུང་དེང་སང་འབར་གྱིན་པའི་ཁ་ཐུག་གི་གནས་སྟངས་ལ་ལྟོས་དང་། བོད་མི་ཞིག་ཚ་རླབས་དང་མེ་ལྕེའི་ཁྲོད་ན་ཟུག་གིས་འབར་བཞིན་ཡོད་ནའང་། ཁྱོད་ཚོའི་དམག་མི་ཚོས་དེའི་སྟེང་དུ་དབྱུག་པ་དང་མེ་མདའ་བཞུ་བཞིན་ཡོད། དེ་བཞིན་བོད་མི་དེ་ཤི་རྨས་གང་ཞིག་བྱུང་ཡང་བཙན་ཁྲིད་བྱས་ཏེ། རྨས་མ་ཡིན་ན་བཙིར་གནོན་དང་རྡུང་རྡེག་གིས་ཡ་ང་བའི་གནས་ལ་སྐྱེལ་གྱིན་ཡོད། གྲོངས་ཟིན་པ་ཞིག་ཡིན་ན་དེའི་སྐུ་ཕུང་ཡང་བཙན་ཁྱེར་བྱེད་ཀྱིན་འདུག་པས་ཕལ་ཆེར་ཟ་བཞིན་ཡོད་འགྲོ བོད་པ་མཚོན་ན་མི་ཞིག་གྲོངས་རྗེས་དེའི་སྐུ་ཕུང་འགྲམ་དུ་བླ་མཆོད་གདན་འདྲེན་གྱིས་གདུང་མཆོད་བྱེད་སྲོལ་ཡོད། ད་དུང་བུ་མོ་ཞིག་བཙན་ཁྲིད་བྱ་རྒྱུ་རག་པ་ཡིན་ན། ཧབ་ཐོབ་ཀྱིན་བཙན་གཡེམ་བྱ་རྒྱུར་བྲེལ་བཞིན་ཡོད་པ་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དག་བདེན་དཔང་ཏག་ཏག་ཡོད། ངས་འདི་དག་བསམས་ནས་ཡི་གེ་འདི་འདི་ལྟར་འབྲི་དུས་ཀྱང་ཁོང་ཁྲོ་ལང་ཡོང་གིན་འདུག་ལ། མིག་ཆུའང་ཤོར་ཡོང་གིན་འདུག ཁྱེད་ཚོའི་དམག་མི་ཞིག་ཡིན་ན་འདྲ། དེ་ཚོིའི་ནང་མི་ཚོ་ཡིན་ནའང་འདྲ་གནར་གཅོད་འདི་དག་ཁྱེད་རང་ཚོའི་སྲིང་མོ་དང་ཨ་མ། བུ་ཕྲུག་དང་དེ་བཞིན་ཕ་རྒན་དག་ལ་སྦྱར་ནས་སོམས་དང་། ལུས་པོའི་སྟེང་དུ་མི་ཞིག་གི་ཁྲག་དམར་པོ་ལྷོག་ལྷོག་རྒྱུ་བཞིན་ཡོད་ན་གསལ་གསལ་ཤེས་ངེས་ཡིན།

སྤྱིར་བཏང་གོང་དུ་ “དགྲ་ནག་”ཅེས་པའི་མིང་ཚིག་འདིའི་གོ་ཚད་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་གཏོང་དོན་ནི། ད་ལྟའི་དགྲ་གཞུང་གི་དབང་ཤུགས་འོག་དམག་མི་འབུམ་ཕྲག་མང་པོ་ཞིག་བོད་སར་བཙན་གཏོང་བྱས་ཡོད་མོད། དེ་དག་གིས་ཀྱང་རང་ཉིད་ཀྱི་ལམ་ཁ་གདམ་གསེས་བྱ་མི་ཆོག་པ་མིན། དཔེར་ན་དམག་ཁོངས་ནས་དགོངས་ཞུ་དང་། མི་སྤྱོད་ལས་འདས་པའི་དམྱལ་ཟངས་ཁའི་བྱེད་ལས་བོད་པའི་སྟེང་བཀོལ་དུ་བཅུག་དུས། དམག་མང་གིས་དེར་མི་འདོད་པའི་ངོ་རྒོལ་སོགས་ཀྱིས་མཚོན་པའི་ཐབས་ལམ་མེད་པ་མིན། དེ་བཞིན་མི་མང་དུང་ཕྱུར་མང་པོ་ཞིག་གི་མགོ་སྟེང་ན་རྙིང་ཞེན་དང་མཁྲེག་འཛིན། རང་གཙོ་དང་བག་འཁུམ་གྱིས་ལངས་ཡོད་པའི་མི་གོག་རེ་ཉིས་དེར་བསམ་ཚུལ་འདོན་པ་དང་གྲོས་སྣེ་འཐེན་པ། ད་དུང་སྡུག་ས་ནས་ཉེ་བའི་ལི་བྷེ་ཡའི་མི་མང་གི་དབང་ཤུགས་ལྟར་སྤྱོད་ས་མེད་པ་དང་། གོ་སྐབས་མེད་པ་དེ་འདྲ་རྩ་བ་ནས་མིན། དམར་ཤོག་དང་མང་གཙོ། དེ་བཞིན་དབང་ཆ་གཅིག་སྡུད་རིང་ལུགས་སོགས་གང་ཞིག་ཡིན་མིན་ལ་ལྟོས་མེད། མཐའ་མའི་སྲིད་གཞུང་བཙུགས་མཁན་མང་ཤོས་ནི་མི་མང་ཆགས་ཡོད། དེ་ནི་མང་ཚོགས་དེའི་དབང་རྩའི་ནུས་སྟོབས་དང་འབྲེལ་ཡོད་ལ། རྒྱལ་ཞེན་དང་ལྷག་བསམ་མེད་ས་ནས། ད་ལྟའི་དགྲ་ནག་བཞིན་ཇག་པ་དང་དམེ་ཕོ་རེ་ཟུང་གིས་ཁ་ལོ་བསྒྱུར་གྱིན་ཡོད།

མདོར་ན་དགྲ་ནག་མི་མང་གི་བདག་དབང་ཀྱང་བཙན་བཟུང་གྱིས་ཡོད་པའི་དགྲ་ནག་གི་འགོ་ཁྲིད་ཚོས་མ་འོངས་པའི་དགྲ་ནག་ལ་མ་སེམས་པ་དབང་ཤུགས་བག་མེད་ཀྱིས་སྤྱད་ནས་རང་གི་ལས་ཡུན་བུད་ཀྱང་། མ་འོངས་པའི་དགྲ་ནག་དེའི་མདུན་ནས་བོད་ཀྱི་འཐབ་རྩོད་འདི་ཡལ་མི་ཐུབ་པ་མ་ཟད། ཡར་ཀླུངས་གཙང་པོ་ལྟར་འཕྱུར་ངེས་རེད་ཅེས་ལབ་རྒྱུ་ཡིན་ལ། རྗེས་མའི་དགྲ་ནག་གི་བདག་པོ་ནི་མི་མང་དུང་ཕྱུར་མང་པོ་དེ་ཡིན་དུས། དམག་མིས་གཙོས་པའི་ཁྱེད་རང་ཚོས་མ་འོངས་པའི་ང་ཚོའི་བར་གྱི་ལོ་རྒྱུས་ལ་འགན་ཁུར་ཐོག་ད་ལྟ་ནས་གཞུང་འཛིན་པ་ཚོར་ཚད་བཀག་མེད་པ་འདི་མུས་བོད་ནང་དུ་དམར་གསོད་དྲག་གནོན་དང་། ཁེ་དབང་བཙན་འཕྲོག་སོགས་རྒྱུད་འཐུད་བཅུག་ཚེ་ང་ཚོས་ཀྱང་ “དགྲ་ནག་”ཅེས་པའི་མིག་ཚིག་སྤྱོད་སྟངས་ནས་བཟུང་བསམ་རྣོ་འདྲ་མིན་གཏོང་རྒྱུ་ཡོང་གིན་འདུག་ལབ་ཀྱིན་ཡོད།

༢༠༡༢་༢་༡༨་ཉིན། ཆིག་སྒྲིལ་ཞེས་པའི་མེ་བསྲེག་མྱ་ངན་དུས་དེབ་ནང་སྤེལ་ཡོད།


  རྡོག་རྩ་ཆིག་སྒྲིལ
 

28.03.2012 09:52:06

དཀའ་ལས་རྒྱབ་ནས་མང་པོ་དང་ཡག་པོ་བྲིས་འདུག་པས་དགའ་ནས་ཡོད། གནའ་བོའི་བོད་ཀྱི་གཏམ་དཔེ་ལ། བྱ་བ་གཅིག་ལ་བྱེད་ཐབས་བརྒྱ་ཟེར་བ་ལྟར་ཞི་རྒོལ་བྱེད་སྟངས་ནི་མེར་སྲེག་དང་སྐད་འབོད། ཟས་གཅོད། ཞུ་གཏུག སྙན་ཞུ། རྒོལ་ཡིག ཁྱབ་སྒྲགས། མཐའ་ན་དྲག་པོའི་ཐབས་ལམ་ཡང་ཡོད་ཆོག་ལ། ལྷག་པར་དུ་དེང་གི་དུས་སུ་དྲྭ་ཐོག་ནས་ཀྱང་ངོ་རྒོལ་དང་འཐབ་རྩོད་བྱེད་དགོས་ལ་དེ་ནི་དྲྭ་པ་ཚོར་འགན་གཙོ་བོ་ཡོད་རེད་བསམ་གྱི་འདུག

 
 
28.03.2012 14:24:04

གྲོགས་འཆམ་ར་བ་ཕེབས་པ་བཟང་།
རྒྱ་ནག་ལ་དགྲ་ནག་ཟེར་སྟངས་ལ་བསྟས་ན་སྐུ་ཉིད་རེ་དོག་མེད་པའི་གྲྭ་རྐྱང་རང་རེད་འདུག་ག
ཧཧཧཧཧཧ་རྗེས་སུ་འཇལ་ཡོང་།
བོད་དོན་བག་ཡོད།


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -