ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.03.2012 13:20:42
མཁར་སྒང་བསོད་ནམས་དབང་ལྡན།

----བོད་སྡེ་ཚན།
བཀྲ་ཕུན།   ༼བོད་ཀྱི་བརྙན་ཡིག་ཚོགས་པའི་ཤིང་རྟ་པ།༽
སྲོང་བཙན་སྒམ་པོ།
གངས་ཅན་ལྗོངས་འདི་གཅིག་གྱུར་མཛད་ཅིང་། དཔའ་བོའི་མངའ་ཐང་མཐའ་བཞིར་བསྐྱེད།
གདོང་དམར་བོད་པའི་དཔའ་རྩལ་མཛམ་གླིང་ཕྱོགས་བཞིར་ངོམས།

གླང་དར་མ།
ཆེན་པོ་བོད་ཀྱི་ཡུལ་འདི་ཆོས་གཅིག་པུར་འཇུག་རྒྱུའི་སྲོལ་ཆགས་ཤིང་། འཚོ་གནས་ཀྱི་རྒྱབ་རྩ་བརྟན་པོ་སྲིད་དབང་ཐོར་ཞིག་འགྲོ་ཉེ་བའི་དུས་ལ། སྲོལ་རྒྱུན་གྱི་བཀག་རྒྱ་དང་སྤྱི་འབངས་ཀྱི་སྣོན་ཤུགས་ཀྱིས་བཅིངས་མེད་ལ། ཧོལ་རྒྱུག་གི་གཏོར་བཤིག་གསར་བརྗེས་ཀྱང་བཟི་མེད་ངང་རླབས་ཆེ་བའི་གསར་བརྗེ་མཛད་རུང་། མངའ་འབངས་རྣམས་ཀྱིས་མིག་རྒྱང་ཐུང་ངུའི་རྐྱེན་པས་ཁོང་བཀྲོངས།
  • ཕྱོགས་ལྷུང་དང་ཧོལ་རྒྱུག་གི་སྐྱོན་མ་ཞུགས་ཤིང་། དངོས་ཡོད་ལ་བརྩི་འཇོག་དང་འཚོ་གནས་ལ་མཐོང་ཆེན། རིག་གནས་ཀྱི་རིན་ཐང་མཁྱེན་ཅིང་རྒྱལ་སྐྱོང་སྲིད་ཀྱི་གོ་རྟོགས་ལྡན་པ། བཀག་རྒྱས་བཅིགས་མི་ཐུབ་པར་ཉེན་མཆོངས་ཀྱི་བློ་སྟོབས་ལྡན་པའི་བོད་བཙན་པོ་གསར་བརྗེ་བ་ཞིག
རྗེ་བཙུན་མི་ལ།
དགྲ་ཤ་ལེན་ལ་གཉེན་ལའང་ལག་མི་འཁུམ། འགྱོད་བཤགས་ལས་ལ་བློ་གཅིག་ཆོས་ལ་བཞུགས།
  • བྱ་བ་གང་བྱས་རུང་མཐའ་སྐྱེལ་ཁུངས་འཁྱོལ་ཐུབ་མཁན་གྱི་སྐྱེས་ཆེན་དམ་པ་ཞིག
ཐང་སྟོང་རྒྱལ་པོ།
དགུང་ལོ་བརྒྱད་བཅུར་ལྕགས་ཟམ་ཆུ་བོ་ཁ་ནས་གླ་ཆ་མེད་རྐྱེན་གྲུ་བདག་གིས་འགྲམ་ལྕགས་གཅིག་གཞུས་པར་བརྟེན། སྙིང་རྗེ་དང་གུས་ཞབས་མེད་ལ་བརྙས་བཅོས་ལ་དགའ་བའི་མི་ལ་མི་བུའི་སྒལ་ཚིགས་ར་སྤྲོད་བྱ་ཕྱིར། ཀུ་རུ་ཟམ་པ་སྟེ་གྲུ་པའི་ཁ་ལ་ཀུ་རུ་བཏབ་པ་ལྟར་ཁོར་གླ་ཆ་དང་བརྙས་བཅོས་བྱས་པའི་རྟེན་ས་མེད་པ་བཟོས། དེ་ནི་ལྷ་སའི་སྐྱིད་ཆུའི་སྟེང་གི་ཀུ་རུ་ཟམ་པའི་ལོ་རྒྱུས་རེད། དེ་མིན་བོད་ཡུལ་ཡུལ་གྲུ་ཀུན་ལ་ལྕགས་ཟམ་གྱི་བཟོ་སྐྲུན་རྒྱ་ཆེར་མཛད།
  • སྒལ་ཚིགས་ཅན་གྱི་བཟོ་སྐྲུན་ཆེན་མོ་བ།
རྒྱལ་བ་ཐུབ་བསྟན་རྒྱ་མཚོ།
རང་ཡུལ་གྱི་རྗེས་ལུས་དང་གཞན་གྱི་བཙན་གནོན་རྡོག་རོལ་འོག་མགོ་མི་བསྒུར་དཔའ་མི་ཞུམ་པར། རང་ཉིད་ནས་དབུ་བརྩམས་ཏེ་ནོར་འཁྲུལ་ཁས་ལེན་དང་ཡོ་བསྲང་བྱས་ཤིང་། བོད་ལ་བསྒྲགས་སྲིད་དང་སྨན་རྩིས་ཁང་ཐོག་མར་བཙུགས་གནང་མཛད།
  • ཡར་རྒྱས་ལ་ཕྱོགས་ཤིང་བཅོས་བསྒྱུར་ལག་ཏུ་བསྟར་བའི་འགྲོ་བའི་མགོན་པོ་ཞིག
པན་ཆེན་སྣང་བ་མཐའ་ཡས།
སྨྱོན་འཛུགས་དང་སྡུག་གཅོད་ལ་ཅི་མི་བསམ་པར། རང་རེའི་གངས་ཅན་ཡུལ་གྱི་གཅེས་ནོར་ཕ་སྐད་དེ་སྐུ་ངལ་འཛེམ་མེད་ངང་ས་ཕྱོགས་ཀུན་ཏུ་ལ་ལུང་བརྒལ་ཏེ་ཕེབས་ནས། ཕ་སྐད་ལ་རྒྱུད་འཛིན་དང་ཤེས་རིག་ལ་དམ་འཛིན་གནང་དགོས་སྐོར་བསླབ་བྱ་བསྩལ་བ་དང་ལག་བསྟར་མཛད།
  • རང་གི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་མི་བྱ་བའི་དམ་བཅའ་འབུལ་གནང་མཛད་མཁན། གངས་ཅན་བོད་པའི་ཡུལ་ལ་བཀྲིན་དཔག་ཏུ་མེད་པའི་པཎ་ཆེན་རིན་པོ་ཆེ།
དགེ་འདུན་ཆོས་འཕེལ།
དཀའ་བ་ཚད་མེད་སྤྱད་ནས་བོད་ཁམས་ཞབས་ཀྱིས་བསྐོར་ནས༼དེབ་ཐེར་དཀར་པོ༽བརྩམས་གནང་མཛད། ཆོས་སྲིད་ཀྱི་དབྱེ་མཚམས་གསལ་པོར་ཕྱེས། རང་ཡུལ་ཕ་མེས་ཀྱི་ལོ་རྒྱུས་མི་རྨོངས་གསལ་བོར་ཞིབ་འཇུག་གནང་ཞིང་གཏན་ལ་ཕབ། བོད་ཀྱི་ཚགས་པར་དང་པོ་གཉེར། སྐད་རིགས་བཅུ་གཉིས་ལ་བྱང་ཞིང་ཆུབ། རང་ས་རང་ཡུལ་དང་རང་རིགས་ཀྱི་སྐྱོན་མཛུབ་བྱ་རྒྱུ་གཙོ་བོར་མི་འཛིན་པར། ཁོང་རང་ཉིད་ཀྱི་ཞིབ་འཇུག་དང་བྱ་སྤྱོད་བརྩམས་ཆོས་ལས་ཁ་ཡོད་ལག་ཡོད་ཀྱི་མིག་དཔེ་ལམ་སྟོན་མཛད་པ་དང་ཆབས་ཅིག་ནོར་འཁྲུལ་དང་སྐྱོན་ཤུགས་སུ་བསྟན་ཏེ། ཤུགས་དང་ལྡན་པའི་སྒོ་ནས་བཅོས་བསྒྱུར་གྱི་ར་སྤྲོད་བྱས།
  • འཛམ་གླིང་ཡུལ་གྲུ་ཀུན་ལ་ངོམས་ཆོག་པའི་བོད་ཀྱི་མཁས་ཆེན་ཞིག
དུང་དཀར་བློ་བཟང་འཕྲིན་ལས།
མཁས་པ་ཁོང་གིས་བརྩམས་ཆོས་སྤུས་དག་དཔེ་ཚོགས་མང་པོ་དེ་དག་ལས༼དུང་དཀར་ཚིག་མཛོད༽ཁོ་ནས། ད་བར་བོད་ཀྱི་རིག་གནས་ལ་བསྐྲུན་པའི་ཕན་ནུས་བཤད་མི་ནུས།
  • ཁོང་གིས་ཡིག་འབྲུ་རེ་རེ་བཞིན་བྲིས་ཏེ་རྩོམ་སྒྲིག་མཛད་པའི་ཚིག་མཛོད་ཀྱི་ཕྱག་བྲིས་མ་མཐོང་ཚེ། བཤད་མི་ཤེས་པའི་སྙིང་སྟོབས་ཤིག་སླེབས་སྲིད། དེ་ནི་རླབས་ཆེན་མི་བུའི་རང་གཤིས་ཏེ་མི་ལ་ཡར་སྐུལ་གྱི་ནུས་པ་རང་ཤུགས་སུ་ལྡན།
དོན་གྲུབ་རྒྱལ།
སྨྱུག་མིང་རང་གྲོལ་འབོད་ཅིང་། དུས་རབས་ཀྱི་དཀྱོག་མཚམས་ན་གཉིད་ལ་ཡུར་བཞིན་པའི་དཔའ་བོའི་རིགས་རྒྱུད་ཁ་བ་བོད་པ་ཚོར། ཐོག་མར་རང་ཉིད་ནས་མགོ་བརྩམས་ཏེ་ནང་སེམས་ནས་བཀག་རྒྱ་དང་བཀྱིགས་བསྡོམས་རྨོངས་མུན་སོགས་ལས་གྲོལ་བར་བྱས་ཏེ། དུས་རབས་གསར་བའི་ལང་ཚོའི་དཔའ་སྤོབས་དང་རྟོགས་སད་ཀྱི་ཉིང་འབྲས། དོགས་སློང་གི་སྙིང་སྟོབས་འཁུར་ཏེ་ཡར་རྒྱས་དང་སྔོན་ཐོན་གྱི་ལམ་བུར་སྐུལ་བའི་དེད་དཔོན་ཆེན་མོ།
  • ༼ལང་ཚོའི་རྦབ་ཆུ༽ནི་ཁོང་གི་སྙིང་སྟོབས་གསོན་པོ་དེ་དང་རྩོམ་ཐབས་ཀྱི་ནུས་རྩལ། གསར་གཏོད་ཀྱི་སྙིང་སྟོབས། ལ་རྒྱའི་དཔུང་པ་ཡིན།
སྡེ་རོང་ཚེ་རིང་དོན་གྲུབ།
རྒྱ་ཡིག་གི་ཡིག་འབྲུ་ཁྲི60ཡོད་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར༼吉祥宝瓶༽བརྩམས། ལོ་རྒྱུས་ཀྱི་ནང་དོན་ཡང་དག་པའི་སྒོ་ནས་སྡེ་ཚན་ཁག་སོ་སོར་དབྱེ་ཞིང་། རིག་གནས། ས་ཁམས། ཡུལ་སྲོལ། སྲིད་དབང་། དཔལ་འབྱོར། ལུས་རྩལ་སོགས་མི་འཛོམས་སྣ་ཅིག་མེད་པའི་ལོ་རྒྱུས་དེབ་ཐེར་དེ་འདྲ་ཞིག་ནི་སྔ་ན་མཐོང་མ་མྱོང་། བོད་ཀྱི་ས་མིང་མི་མིང་ཚང་མར་བོད་རྒྱ་ཤན་སྦྱར་བ། བོད་ཀྱི་ཆོལ་ཁ་གསུམ་པོའི་ལོ་རྒྱུས་ཚང་མ་ཆ་ཚང་པོ་ཧ་ལས་དཔེ་མེད།
  • ཁ་ཞེ་མི་མཚུངས་ཤིང་ཁ་ཡོད་ལག་མེད་ཀྱི་དུས་རབས་འདིར། ཁོང་འདྲ་བའི་ཆེད་ལས༼ཡིག་ཚགས་དོ་དམ༽ལ་བྱང་ཤིང་། ལོ་རྒྱུས་ལ་མཁས་པ། དངོས་ཐོག་བདེན་འཚོལ་ལ་ཕོད་མཁན། མི་རིགས་རིག་གནས་ལ་ལེགས་སྐྱེས་འབུལ་མཁན་ཆེས་ཉུང་ཤས་སོ། །དེབ་འདིས་གསར་སྐྱེས་ཚོར་སྦྱིན་པའི་སྙིང་སྟོབས་ཁོ་ན་བརྗོད་ཀྱིས་མི་ལང་།
ཤེར་བསྟན།
སྒྲ་སྙན་གཅིག་དང་སྐད་གདངས་སྙན་པོ་གཅིག་ལ། འགྱུར་བ་མེད་པའི་ལྷག་བསམ་དཀར་པོ་གཅིག་སྣོན་པས། སྒྱུ་རྩལ་གྱི་ལམ་ནས་འཆི་ལ་ཉེ་བའི་ཤ་རུས་གཅིག་པའི་ཕུ་ནུ་མིང་སྲིང་ཚོར། ལ་རྒྱའི་ཀིར་སྒྲ་སྒྲོག་གིན་མདུན་སར་མཆོངས།
  • ཁྱེད་ཀྱི་ལ་རྒྱ། ཁྱེད་ཀྱི་རིགས་ཞེན། ཁྱེད་ཀྱི་ལྷག་བསམ། ཁྱེད་ཀྱི་བློ་སྟོབས་རྣམས་ངས་བུ་རབས་ཚ་རྒྱུད་ལ་བསྟན་པར་བྱ་བའི་མིག་དཔེ་གསོན་པོ་ཡིན།
རིག་འཛིན་སྒྲོལ་མ།
སེམས་བཟང་གི་མཛེས་སྡུག་མ། སྙན་དབྱངས་ཀྱི་འགྱུར་ཁུག་ལྷང་ལྷང་སྒྲོག་གིན། ཕ་སྐད་ཀྱི་རང་མདངས་གསལ་བར་མངོན། ལྷག་བསམ་དཀར་པོའི༼ཕ་སྐད་འཛིན་གྲྭ༽བསྟུད་མར་སྐྱོང་།
  • ཁ་དྲོ་རྒྱུ། ཚེ་རིང་རྒྱུ། ནད་མེད་རྒྱུ།
ཁྱེད་ཀྱིས་ངོ་ཚ་མི་ཤེས་པའི་བོད་ཀྱི་སློབ་ཆེན་པ་ང་ཚོར་ཚར་ལྕགས་ཡང་ཡང་གཞུས་ཀྱིན་འདུག
གྲྭ་པ་སྨོན་ལམ།
ནང་གོས་མཆོད་མཁན་ཞིག་གིས་ལོ་ངོ་གཉིས་གསུམ་ནང་གློག་ཀླད་དང་འབྲེལ་འདྲིས་བྱས་རྗེས། དུས་རབས་ཀྱི་འགྲོས་དང་བསྟུན་ནས་བོད་ཡིག་སྨོན་ལམ་ཡིག་གཟུགས་དང་གཏག་ཆས། དེ་མིན་སྨོན་ལམ་ཚིག་མཛོད་སོགས་བསྟུད་མར་བཟོས་ལ། དེས་མི་ཚད་ད་ཆ་འཛམ་གླིང་ཀུན་ལ་སྙན་གྲགས་དང་སྤྱོད་ཁྱབ་ཆེ་བའི་ཀུ་ཤུའི་ཁ་པར་ནང་བོད་ཡིག་བླུགས། དེ་རྗེས་ཡངAndroidམ་ལག་གི་ཁ་པར་ནང་བོད་ཡིག་བླུགས་ཐུབ་པ་བཟོས།
  • ཁྱེད་རང་གིས་གྲྭ་པས་ཀྱང་བོད་ཀྱི་རིག་གནས་དང་ཆོས་ལུགས་ཕུད་པས་བོད་ཀྱི་ཁྱིམ་པ་བའི་འཚོ་བར་ཕན་བདེ་བསྐྲུན་པའི་ལམ་གསར་པ་ཞིག་གཏོད། བོད་ཡིག་ཆ་འཕྲིན་ཅན་གྱི་ལམ་བུའི་ཐོག་བསུབ་ཏ་མེད་པའི་བྱས་རྗེས་ཡོད་ལ། ཕ་སྐད་རྒྱུད་འཛིན་བྱ་བའི་ལག་ཆ་ཆེས་གཙོ་བོ་ཞིག་མཁོ་འདོན་གནང་།
ཕ་ཡུལ་དཀར་མཛེས་རྫོང་། པེ་ཅིན་ཡིག་ཟམ་གློག་འཕྲིན་སློབ་ཆེན། དངོས་ཟོག་འཁོར་རྒྱུག་ཆེད་ལས། ༠༩ལོའི་དངོས་གཞིའི་སློབ་མ།     (འདི་ནི་བོད་ནང་གི་༼རྨུ་ཐག་དུས་དེབ་༽ཐོག་བཀོད་གནང་ཡོད་འདུག)

  བོད་འབྱོར་རྩོམ་ཡིག
 

25.03.2012 16:19:16

དཔེ་ཡག་པོ་བྲིས་འདུག་སྐུ་ཞབས་ལགས

 
 
26.03.2012 02:01:46

རྒན་བསོད་ནམས་དབང་ལྡན་གྱིས་འདིར་བཀོད་པར་ཐུགས་རྗེ་ཆེ་ཞུ།
གླང་དར་མ་དང་།དོན་འགྲུབ་རྒྱལ།ཤེར་བསྟན་གསུམ་གྱི་ཐོག་ནས་བཀྲ་ཕུན་ལགས་དང་ངེད་གཉིས་བསམ་ཚུལ་གཅིག་པ་སྡོད་ཀྱི་མི་འདུག
གླང་དར་མས་རང་གི་ནུ་བོ་༼འདི་ཕུ་བོ་རེད་ཟེར་མཁན་ཡང་ཡོད༽ལ་དགྲ་ཤ་བླངས་པ་ཙམ་ལས་གོང་དུ་བཀོད་པ་ལྟར་གྱི་གསར་བརྗེ་ཞིག་བྱས་མེད་ལ།ཡར་རྒྱས་ནི་དེ་བས་བཏང་མེད།དེ་དང་བསྡུར་ན་ཁྲི་སྲོང་ལྡེ་བཙན་གྱིས་སྲོང་བཙན་སྐབས་ཀྱི་ས་ཆ་ལས་རྒྱ་བསྐྱེད་པ་དང་།ཁྲི་རལ་པ་ཅན་གྱིས་་ནང་ཆོས་དར་རྒྱས་བཏང་བ་བཅས་ཁོ་ལས་རླབས་ཆེ་བའི་ཕྱག་ལས་གནང་ཡོད།
དོན་འགྲུབ་རྒྱལ་འུ་ཚང་ཉམ་ཐག་པའི་སྐབས་སུ་སྐྱེས་པས་ཁོ་ལ་མིང་གྲགས་ཤིག་རག་ཡོད་མོད།དོན་དུ་ཁོང་རྩོམ་རིག་གི་རུ་འདྲེན་ནམ་དེད་དཔོན་ཞིག་མ་རེད།སྲོལ་རྒྱུན་དང་དེང་རབས་གང་དུ་བལྟས་ཀྱང་ཁོ་ལས་རླབས་ཆེ་བའི་སྐྱེས་བུ་མང་པོ་ཡོད།
ཤེར་བསྟན་ལ་དེ་འདྲ་ཆེ་བསྟོད་བྱས་པ་དེ་ངོ་མ་ངས་མགོ་ཚོས་མ་སོང་།སྐད་ངག་ཁོང་ལས་ལྡབ་འགྱུར་གྱིས་ཡག་པ་ཀུན་དགའ་དང་ཡར་དོང་།གངས་བཞུགས།གཡུ་འབྲུག་ཚན་སྡེབ་སོགས་བགྲང་གིས་མི་ལངས་ལ།ལ་རྒྱའི་གླུ་བ་ནི་སྨོན་ལམ་དང་ནམ་མཁའ།ཀུན་དགའ།ཚེ་དབང་ལྷ་མོ་སོགས་བརྗོད་པས་མི་ཚར།རྡུང་ལེན་པ་ནི་རྡོ་རེད་དང་མགོན་པོ་དོན་འགྲུབ་སོགས་ཁོང་ལས་གྲུབ་འབྲས་ལྡབ་འགྱུར་གྱིས་བཟང་བའི་གླུ་བ་མང་པོ་ཡོད།

 
 
26.03.2012 06:45:52

གཡང་སྒྲོལ་དང་། ཤ་ཀླན་རྣམ་གཉིས་ཕཻབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། ངས་རྩོམ་པ་པོ་ལ་ལན་ཐག་ཅིག་འཕྲོད་ངེས་བྱ་ཆོག གནད་ཀ་གཅིག་ལ་མི་རེའི་ལྟ་ཚུལ་རེ་བཟུང་ནས་ཕན་ཚུན་བགྲོ་གླེང་ལྷུག་པོ་བྱེད་ན། གྲུབ་པའི་མཐའ་བཟང་པོ་འབྱུང་ཐུབ་པས། ལྟ་ཚུལ་འདྲ་མིན་དགོས་པ་གལ་ཆེན་རང་རེད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -