ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

24.03.2012 06:23:31
འཆམ་ར་དྲི་མེད་རྒྱལ་མཚན།

བྱང་ཤམ་བྷ་ལའི་དེང་སང་གི་གསར་འགྱུར་གལ་ཆེན་འགའ།
ཁ་སང་དེ་རིང་གི་ངའི་མདུན་རྒྱབ་ཚང་མ་སྟོན་རླུང་གྲང་མོ་ཞིག་གི་གསེང་ནས་འདབ་ལོ་སེར་པོ་རྣམས་རླུང་བུས་དལ་གྱིས་ཁྱེར་ཀྱིན་པ་ལྟར་རེད། མིག་ཆུ་རེས་བྲང་སྒོ་རྡུང་ནས་སྙིང་ནད་གཡག་རྭ་འདྲ་འདི་སེལ་ཐབས་མི་འདུག་ལ། དྲྭ་ངོས་སུ་ཅེར་བའི་མིག་མཐའ་ན་མེ་ལྕེ་དེ་ཆད་དུས་མི་འདུག་པས་ངའི་ལས་དབང་ལ་ངས་སྡོམ་ཁ་ཞིག་ལས་སླ་མོས་རྒྱག་ཐུབ་ཀྱིན་འདུག

དེ་བཞིན་མིང་ཚིག་སྙན་པའི་དྲྭ་ངོགས་འདི་ན། དེང་སང་ནི་ཁ་བས་མནན་པའི་མཚན་མོ་རེར་ཁྱི་རྒན་ཚོའི་ཟུག་སྐད་གཉོམ་པོ་ཞིག་རྒྱག་གིན་པ་ལྟར་གྱུར། མཚན་མོའི་ཟླ་ངོགས་ནས་ངས་མནའ་སྔ་མོའི་གཏམ་རྒྱུད་དག་སྐྱར་ཀློག་བྱེད་དུས། མཚམས་རེར་ས་འདི་ནས་ཁེར་རྐྱང་གི་ཚོར་སྣང་ཞིག་གམ། ལན་རེར་ས་འདི་ནི་ཡུགས་ས་མོ་ཞིག་གི་སྣང་བ་ཡང་ཡང་འཆར།

ན་ནིང་དང་ན་ནིང་གི་ལོ་ཟླའི་ནང་སྙིང་བྲུས་ནས། ང་ཚོ་མང་པོ་ཞིག་གིས་ས་འདི་ནས་ཁ་རྒོད་བཤད་མྱོང་ལ། ས་འདི་ནས་ཁ་རྒོད་ཀྱི་སྙིང་རུས་གསེར་གྱིས་བྱས་མྱོང་། འོན་ཀྱང་ཁ་སང་དེ་རིང་། ས་འདི་ནས་སེམས་ཅན་མང་པོ་ཞིག་བྱོལ་སོང་བ་ལྟར་རེད་ལ། འདབ་ཆགས་མང་པོ་ཞིག་ཅི་ཞིག་གིས་ལྐུགས་སོང་བ་ལྟར་རེད།

ཁ་མཉམ་ཁོག་མཉམ་གྱི་དུས་ཚོད་དེར་ངས་ཀྱང་ཤམ་བྷ་ལའི་ལམ་ཁྲིད་བྱས་ནས་ལམ་འགྲོ་བ་༣༠ ཡན་མན་འདིར་འབོད་མྱོང་ལ། ངའི་ཉེ་ས་ན་ཤ་རྒོད་ཤུགས་ཅན་དེ་འདྲའང་རེ་ཉིས་ཡོད། འོན་ཀྱང་ཡོད་ཚད་རྒྱུན་རིང་ཞིག་གི་བརྟན་ཆ་མེད་པ་ནི་ནངས་སྔ་མོའི་བ་མོ་ལྟར་གྱུར་སོང་བས། ལན་རེར་རང་ཉིད་ཀྱིས་ལྐུགས་ལས་ཤིག་བྱེད་ཀྱིན་པའི་དོགས་པ་ཆེ་རུ་གྱུར།

དེང་སང་གི་ང་ཚོའི་ཁ་ཁོག་གཉིས་སུ་ཁྲག་གི་ཆར་པ་འབབས་ནས། ཁོང་ཁྲོས་མེ་སྟག་མཆེད་ཀྱིན་ཡོད་མོད། མང་པོ་མང་པོ་ཞིག་གནས་སོས་བདེ་ས་རུ་ཡང་སྐྱར་ཉལ་གྱིན་པ་ལྟར་རེད། སྙུ་གུ་དཔུང་པས་སྒུལ་མཁན་ཚོར་མཚོན་ན། གནས་ལུགས་ཀྱི་དུང་སྒྲ་མཉན་ནས་དུས་རབས་ཀྱི་དཔང་པོར་བཞེངས་དགོས་ལ། རིག་ཤེས་ཀྱིས་སོ་ཉུལ་བྱས་ནས་ཇག་རྐུན་རྣམས་བཙན་རྡུང་བྱ་དགོས་མོད། རྣ་རྒྱབ་ན་འདམ་འབག་གིས་ལྷན་པ་དགུ་བརྩེགས་རྒྱག་པ་ལྟར་འདུག

སངས་རྒྱས་དང་པདྨ་མཚོའི་ཟིན་བྲིས་ཆུ་མིག་སྐམ་སོང་ལ། འབའ་པ་དང་བེ་རི་ཡི་སྙན་ངག་བུ་མོ་རྒས་སོང་། ལྕོག་རི་དང་འཆི་མེད་ཀྱི་སྙན་ཚིག་མེ་ཏོག་ཡལ་སོང་ལ། ཤ་ཀླན་དང་བེ་ཕྲུག་གི་དཔྱད་བརྗོད་མེ་ལོང་ཆག་བྱུང་། གངས་དགའ་འཁྱམ་པོ་ནི་ན་ནིང་ནས་དགྲ་ནག་གི་ལྕགས་སྒམ་ཆུང་ཆུང་ནང་མཚམས་ལ་བཞུགས་ཟིན་པ་ཡོངས་གྲགས་རེད་ལ། མཚམས་རེར་འདི་ནས་མིག་ཆུའི་རྒྱགས་ཕྱེ་ཙམ་བསྐྱལ་ནས་ཡོད།

བསྟན་པ་ཡར་འཕེལ་གྱི་རྩོམ་རིག་ནི་གྲོགས་ཚོགས་ནང་ཐིམ་སོང་ལ། སྨོན་ལམ་མཐར་ཕྱིན་གྱི་གསར་འགྱུར་ནི་ཟླ་ངོ་ལྟར་འགྲིབ་བྱུང་། བྲག་མགོའི་བུ་ཆུང་དེ་དང་དཔལ་འབར་གླེན་རྒན་དེ་ཚོ་ནི་དེང་སང་གཉིད་སྨན་ཕྲན་ཚེགས་རེས་བཟི་ནས་འདུག་ལ། བསྟན་པ་ཉི་མས་ཕྲུ་གུའི་སྐྱག་པ་འཕྱི་མ་ཐུབ་ནས་སྡོད་འདུག གངས་ལྷ་བུ་མོ་དེ་ཚོགས་གཙོ་མེད་པའི་ཚོགས་པ་ཞིག་གི་སྒྲོ་སྟོང་བརྡབས་ནས་འདུག

ཡེ་ཤེས་ཆོས་བཟང་ནི་རྒྱང་ཤེལ་དེའི་ནང་ད་དུང་ལུས་འདུག་སྟེ། དུད་ཞགས་ཤིག་འཁྲིགས་པ་འདིས་དངོས་པོ་རྣམས་གསལ་གསལ་ཞིག་མཐོང་ཁག་ཚོད་འདྲ། གཅན་ཡུ་མོ་ཟེར་བའི་ལུས་རྩལ་ཡོད་མདོག་ཅན་དེ་རྒྱ་ཁ་ཆེས་མནའ་མ་ཁྲིད་སོང་བ་དང་ཀུན་ནས་མཚུངས་སོང་། གོ་ཐོས་གཏན་ནས་མི་འདུག ད་དུང་གཅན་གྱི་སྲིང་མོ་འགའ་ཡང་དེ་བཞིན་རེད།

ནགས་ཕྲན་པ་དང་འཇིགས་བྲལ་བ་ནི་སེམས་ཅན་ཕྱི་བ་ལྟར་རེད། དབྱར་ཁ་ཟོས་ནས་དགུན་ཁ་ཉལ་གྱིན་འདུག ངས་རྒྱ་གར་ལ་དབྱར་དགུན་མེད་པའི་གནས་སྟངས་འདི་ཁོང་ཚོས་ཤེས་ན་དྲན་མོད། སེམས་པ་ན་རོགས་ཙམ་རེད། བོད་དུང་དང་བློ་བརྟན་ནི་ཕྱུགས་རྫི་བུ་མོ་ཞིག་ལྟར་ཅི་ཞིག་འཚོས་ནས་གཡེང་ཡོད་ཚོད་འདྲ། མཚམས་རེར་ཀི་སྒྲ་རེར་བརྒྱབ་ནས་ཡལ་འགྲོ་བཞིན་འདུག

ལི་སྨྱོན་དང་ཨ་ཀ་སོགས་ནི་ངར་ངར་ངེར་ངེར་གྱིས་ནམ་མཁར་འཕག་གིན་འདུག་སྟེ་བསྟན་འཕགས་ཀྱིས་ཏོག་ཙམ་བཀའ་བཀྱོན་རག་གིན་ཡོད་ས་རེད། ད་དུང་འཕར་བ་རྐང་གཅིག་དང་། སྤྱང་ཀི་རྔ་རིང་། སེང་ཕྲུག་ཁ་ཤོ་སོགས་ནི་གླེང་ཚོད་མི་འདུག་ཡ།

ད་ལྟའི་མཚན་སྲུང་དམག་དཔོན་ནི་དྭངས་བླངས་པ་ཁྱི་རྒན་ཞོན་པ་ཅན་དེ་རེད་མོད། ཁྱི་རྒན་གྱི་གོམ་སྟབས་ལ་ས་ཆོད་དེ་ཙམ་ཡོད་ཚོད་མི་འདུག བན་དེ་དམག་དཔོན་ཅན་དང་། བོད་དོན་བག་ཡོད་ཅན་རྣམས་ནི་ཐ་ཚིག་དང་དམ་རྒྱ་ཞིག་གི་འོག་ནས་འབའ་བཞིན་པ་ལྟར་སྒུར་ནས་འདུར་གྱིན་འདུག་སྟེ། རྔུལ་ནག་དེའི་རིན་བབ་གཏན་ནས་རག་གིན་མི་འདུག་གོ


  རྡོག་རྩ་ཆིག་སྒྲིལ
 

24.03.2012 12:31:22

དྲ་གྲོགས་འཆམ་ར་བ་དྲ་ཐོག་ཕེབས་པ་དགའ་བསུ་ཞུ།
འཆམ་ར་བས་བྱ་ར་གནང་ནས་ཡུན་རིང་སོང་རྗེས་དེ་རིང་དངོས་སུ་མཉམ་ཞུག་གནང་བ་དགའ་བསུ་ཞུ།
འོན་ཀྱང་ད་ལེན་དུས་དེབ་ག་འདྲ་དོན་ཡོད་མེད་བསྐོར་ལ་གང་ཡང་གསུང་འདུག་པས་དེབ་ཀྱི་གྲངས་ག་ཚོད་དོན་ཡོད་མེད་
ཀྱི་གྲངས་ཀ་རྗེད་ཡོང་།དྲི་མེད་རྒྱལ་མཆན་ལགས་ཀྱི་མཚན་དཔེ་ཙམ་གྱི་རྡོག་ཐོ་རེ་བཞུས་འདུག་ག
ཧཧཧརྗེས་སུ་ཞུ་རྒྱུུ་ཡོད་ད།
བོད་དོན་བག་ཡོད།།

 
 
24.03.2012 12:47:48

འོ་ཅི་ལབ་ཡིན་ཤེས་མ་ཐལ། ངོ་མ་ཡིན།

 
 
24.03.2012 13:11:14

དེ་རིང་ནི་ཕྱི་ལོ་༢༠༡༢ལོའི་ཟླ་བ་༣ཚེས་༢༤རེད། ངས་འདིར་དུས་ཚོད་ཅུང་ཙམ་བཏང་ནས་དྲ་སྒོ་ཞིག་ཕྱེས། དྲ་སྒོ་ཕྱེ་མ་ཐག་ཏུ་རིག་པའི་གྲོགས་མཆོག་འཆམ་ར་བ་ཤམ་བྷ་ལའི་ཞིང་ཁམས་སུ་ཁེར་རྐྱང་དུ་ལུས་ནས་བསྡད་ཡོད་པ་མཐོང་བྱུང་། ཤམ་བྷ་ལའི་ཞིང་ཁམས་ཀྱི་སྐུ་མགྲོན་གསར་རྙིང་ཚང་མས་གྲོགས་འཆམ་ར་བར་རོགས་འདེགས་ཀྱིས་ཞིང་ཁམས་འདིར། སྤྲོ་འཆམ་དུ་ཕེབས་ནས་གནའ་དེང་གི་རིགས་པའི་འགྲོས་ལ་ལྟོས་ཏེ། སྙན་ཚིག་ཐར་ཐོར་རེ་དང་། དཔྱད་བརྗོད་ཐུང་ངུ་རེ། ཡང་ན་གསར་འགྱུར་མདོར་བསྡུས་རེ། དེ་མིན་ན་རང་ཉིད་གང་དུ་སོང་ཉིན་ཐོ་རེ་ལས་མེད་ཀྱང་ཤམ་བྷ་ལའི་ཞིང་མཆོག་འདིར་མཆོད་འབུལ་ཞུ་རོགས། དྲ་གྲོགས་རྣམ་པ་ཚོས་རིག་པའི་ཆེད་གྲོགས་རྙིང་པ་འཆམ་ར་བ་ཁེར་རྐྱང་དུ་ཞིང་ཁམས་འདིར་མ་བཞག་པར་རོགས་འདེགས་གནང་རོགས། གྲོགས་འཆམ་ར་བས་མིག་ཆུ་དང་སྡུག་ཡུས་མི་དགོས་པར་ཞིང་མཆོག་འདིར་སྐུ་ཚེ་རྟག་ཏུ་བརྟན་པའི་ཞབས་བརྟན་བསྒྲུབ་རོགས་ཞུ།

 
 
25.03.2012 00:49:09

འོ་ཡ། བློ་བརྟན་རྫི་བོ་འདི་ནས་སླེབས་བྱུང་། ད་ཡང་བརླག་མ་འགྲོ་ཨ། ལོག་རྟོག་རྣམ་གཅོད་འདྲ་བའི་རྩོམ་ཡིག་རེར་བྲིས་ནས། །གཏན་ཚིགས་རིགས་པའི་འཕྲུལ་འཁོར་དགྲ་བོ་ལ་ཤོམས་ཤིག འོ་རེད། བརྟན་བཞུགས་ཚོགས་ཆུང་གི་ཚོགས་གཙོ་ཁྱེད་རང་ཡིན་དཱ་ཨ་རོག དྲུང་ཡིག་ཅོ་རི་བ། དངུལ་གཉེར་བན་དེ་དམག་དཔོན་ཅན། སྣེ་ལེན་པ་པདྨ་མཚོ། ལྟ་ཞིབ་པ་ཁ་སྒང་བསོད་ནམས་དབང་ལྡན། འབྲེལ་འཐུད་པ་ལི་ཐང་ཉི་མ། སྐུ་སྲུང་བོད་དོན་བག་ཡོད་ཅན། དོ་དམ་པ་ལྷོ་མཐའི་གད་རྒྱངས་བཅས་ཡིན། དུས་ཚེས་སོགས་རྒྱུན་ལས་ཀྱི་ངོས་ནས་གྲོས་བྱེད་རོགས། འོ་ཡ། ད་ནི་འབའ་སྐལ་བཟང་ཡང་སླེབས་ཚར་སོང་། ཡིན་ནའང་སྒོ་དྲུང་གི་མི་འདི་ཚོའི་རྣ་བ་སྲ་ཙམ་འདུག་མོད། ངས་ནག་བཤད་མ་བྱས་སྔོན་འདིར་ཡོང་ནས་དེང་སང་བོད་ཀྱི་ཁོག་སྡུག་ཡོད་ཚད་འདིར་བྱོ་ནས། མ་འོངས་པའི་སྐད་ཆ་རེར་བྱས་ན་ཏག་ཏག་རེད། དེ་མིན་་་་་་་་་་་་་ཧཧཧཧ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -