ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

17.03.2012 13:12:36
མཁར་སྒང་བསོད་ནམས་དབང་ལྡན།

ནང་པའི་རྡུལ་ཕྲ་རབ་དང་། ཚན་རིག་པའི་རྡུལ་ཕྲན་(Atom)གྱི་ཆེ་ཚད། དེང་སྐབས་ཕྲན་གྱིས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཡི་དམ་རྟ་མགྲིན་ལྷ་ཚོགས་ཀྱི་བསྙེན་པ་ལས་རུང་གསོག་ཅིང་། སློབ་གཉེར་དངོས་གཞི་མ་ཚུགས་པའི་དུས་སྟོང་དང་བསྟུན་ཏེ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས་བརྩམས་པའི་《ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན།》ཞེས་པའི་དེབ་དེ་ཀློག་བཞིན་པ་ཡིན་ཞིང་། དེའི་ནང་ཚན་རིག་པ་དང་ནང་པའི་གྲུབ་མཐའ་སྨྲ་བ་གོང་འོག་བཅས་ཀྱིས་བཞེད་པའི་ཀླད་པ་དང་ཤེས་པ་དང་རྡུལ་ཕྲན་བཅས་ཀྱི་སྐོར་ལ་མཐུན་མི་མཐུན་གྱི་འདོད་ཚུལ་སོགས་ལེགས་པར་བཤད་འདུག
དེའང་ཁོང་གིས་ལུགས་གཉིས་ཀྱི་རྡུལ་ཕྲ་རབ་དང་རྡུལ་ཕྲན་(Atom)གྱི་ཆེ་ཆུང་ལ་དཔྱད་པ་བྱ་དགོས་པའི་སྐུལ་མ་གནང་འདུག་པ་ལྟར། ཐོལ་བྱུང་དུ་ཕྲན་གྱིས་ཅུང་ཟད་དཔྱད་འདོད་བྱུང་བ་འདི་ལྟར། རང་རེའི་ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛོད་དུ། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཞེས་གསུངས་པ་གཞིར་བྱས་ནས་བརྩི་ན། རྡུལ་ཕྲ་རབ་བདུན་གྱིས་རྡུལ་ཕྲན་གཅིག་གི་ཆེ་ཚད་དུ་ལོངས་པ་དང་། དེ་བཞི་བཅུ་ཞེ་དགུས་ལྕགས་རྡུལ་གཅིག་ལོངས་པ་ནས། སྲོ་མའི་བར་རིམ་བཞིན་བདུན་འགྱུར་གྱིས་བསྒྱུར་བས། སྲོ་མ་གཅིག་ལ་རྡུལ་ཕྲ་རབ་ས་ཡ་ལྔ་དང་བདུན་འབུམ་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་བཅུ་མེད་གཅིག་ (5764801) ཡོད་པས། རྡུལ་ཕྲ་རབ་གཅིག་གི་ཆེ་ཚད་ནི། སྲོ་མ་གཅིག་གོང་གི་གྲངས་ཀ་དེ་ཙམ་དུ་བསིལ་བའི་ཆ་གཅིག་ལ་འཇོག་གོ །ཚན་རིག་པ་ནེལ་སི་བྷོར་(Neils Bohr 1885-1962)གྱིས་རྡུལ་ཕྲན་(atom)གྱི་ཆེ་ཚད་ནི། མི་ཊར་(meter)གཅིག་ཐེར་འབུམ་བཅུར་ཕྱེ་བའི་ཆ་གཅིག་ཙམ་ཡོད་པར་གསུངས།

ད་ནི་དེ་གཉིས་ཀྱི་ཆེ་ཆུང་ལ་དཔྱད་ན། དེའང་སོར་མོ་རེ་ལ་སེན་ཊི་མི་ཊར་(centimeter) གཉིས་རེ་བརྩིས་པས། མི་ཊར་གཅིག་ལ་སོར་མོ་ང་བཅུ་ ༼༥༠༽ འདུག་ལ། སོར་ཚིགས་གཅིག་ལ་སྲོ་མ་ (343) ཡོད་པ་ནི། མཛོད་ལས། དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཞེས་དང་། དེའི་ཐད་ཀྱི་རང་འགྲེལ་ལས། སྲོ་མ་བདུན་ལ་ནི་དེ་ལས་བྱུང་བ་སྟེ། སྲོ་མ་ལས་བྱུང་བ་ནི་ཤིག་ཅེས་བྱ་བའི་ཐ་ཚིག་གོ །ཤིག་བདུན་ལ་ནི་ནས་སོ། །ནས་བདུན་ལ་ནི་སོར་ཚིགས་སོ། །ཞེས་པས་གྲུབ་བོ། །དེ་ལྟར་ན་མི་ཊར་གཅིག་ལ་སྲོ་མ་ (17150) ཙམ་ཡོད་པ་དང་། དེ་ལ་སྲོ་མ་གཅིག་ལ་ཡོད་པའི་རྡུལ་ཕྲ་རབ་ཀྱི་གྲངས་ (5764801) གིས་བསྒྱུར་བས། མི་ཊར་གཅིག་ལ་རྡུལ་ཕྲ་རབ་ (98,866,337,150) ཐེར་འབུམ་ཆེན་པོ་དགུ་དང་། ཐེར་འབུམ་བརྒྱད། དུང་ཕྱུར་བརྒྱད། བྱེ་བ་དྲུག ས་ཡ་དྲུག འབུམ་གསུམ། ཁྲི་གསུམ། བདུན་སྟོང་ཆིག་བརྒྱ་ལྔ་བཅུ་ཐམ་པ་ཡོད།

དེས་ན་མི་ཊར་གཅིག་ལ་ཡོད་པའི་རྡུལ་ཕྲ་རབ་ཀྱི་གྲངས་ཀ་ནི་ཚན་རིག་པས་བཤད་པའི་རྡུལ་ཕྲན་གྱི་གྲངས་ཀ་ལས་ཀྱང་ཆེས་ཤིན་ཏུ་མང་བས། དོན་གྱིས་ན། ཚན་རིག་པས་བཤད་པའི་རྡུལ་ཕྲན་(Atom)ལས་ནང་པས་བཤད་པའི་རྡུལ་ཕྲ་རབ་ཀྱི་བོངས་ཚོད་ཆེས་ཤིན་ཏུ་ཆུང་བར་སྣང་སྟེ། དེའང་ལྡབ་དགུ་ལྷག་གིས་ཆུང་ངོ་། །

ཞེས་པ་འདིའང་སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན་གྱིས་ ༢༠༡༢།༣།༡༧ ཉིན་གློ་བུར་དུ་བྲིས་པའོ། །
  ཚན་རིག་སྐོར།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -