ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.06.2009 12:59:49
གཡུ་འབྲུག་སྔོན་མོ།

ཕྱི་ལོ་༢༠༠༢ལོར་མེལ་ཝིན་སི་གྷོ་སི་ཊེན་གྱིས་ཕུན་དབང་ལགས་སུ་དེབ་འདིའི་མཇུག་བྱང་ཞིག་འབྲི་འདུན་ཡོད་དམ་ཞེས་ཞུས་པ་ལྟར། ཉིན་གཉིས་ཀྱི་རྗེས་ཕུན་དབང་གིས་ཁོང་ལ་གཤམ་གསལ་བསྒྲགས་གཏམ་དེ་གནང་བ་རེད། ཕྱི་ ལོ་༢༠༠༢ལོར་མེལ་ཝིན་སི་གྷོ་སི་ཊེན་གྱིས་ཕུན་དབང་ལགས་སུ་དེབ་འདིའི་མཇུག་བྱང་ ཞིག་འབྲི་འདུན་ཡོད་དམ་ཞེས་ཞུས་པ་ལྟར། ཉིན་གཉིས་ཀྱི་རྗེས་ཕུན་དབང་གིས་ཁོང་ལ་གཤམ་གསལ་བསྒྲགས་གཏམ་དེ་གནང་བ་རེད།

༈ སྐུ་ཉིད་ཀྱིས་ངའི་མི་ཚེའི་སྐོར་ལ་དྲི་བ་མང་པོ་གནང་བ་ལྟར་ངས་དེ་དག་ལ་ལན་འདེབས་རྒྱུའི་འབད་བརྩོན་བྱས་པ་ཡིན། ད་ལྟ་སྐུ་ཉིད་ཀྱི་རེ་འདུན་ལྟར་ངས་གནད་དོན་ཁ་ཤས་ཕྱོགས་བསྡོམས་བྱ་རྒྱུ་ཡིན། དང་པོ་༡༩༣༩ནས་༡༩༤༩བར་གྱི་ལོ་རབས་ནང་ང་ཚོས་བོད་མི་རིགས་ཡར་རྒྱས་དང༌། བོད་ནང་སྤྱི་ཚོགས་ལེགས་བཅོས་ཡོང་བའི་ཆེད། བོད་མི་དམངས་ཀྱི་བདེ་སྐྱིད་དང༌། བོད་རིགས་ཡོངས་རྫོགས་བསྐྱར་དུ་གཅིག་སྒྲིལ་དང་གསར་བརྗེ་བྱ་རྒྱུའི་དམིགས་ཡུལ་ བསྒྲུབས་ཆེད་འབད་བརྩོན་བྱས་པ་ཡིན། ལོ་རྒྱུས་ཀྱི་འཁོར་ཕྱོགས་ཆ་རྐྱེན་དེའི་འོག་འབད་བརྩོན་ཡོད་རྒུ་བྱས་ཀྱང་ང་ཚོས་འཕེལ་རྒྱས་ཆེན་པོ་གཏོང་ཐུབ་པ་བྱུང་མེད། ༡༩༤༩ལོར་རྒྱ་ནག་གསར་པ་བཙུགས་རྗེས་ངས་མུ་མཐུད་དེ་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ། བརྒྱུད་ལམ་གསར་པ་དང་ལམ་ཕྱོགས་གསར་པ། ཐབས་ལམ་གསར་པར་བརྟེན་ནས་བོད་མི་རིགས་ཡར་རྒྱས་གོང་འཕེལ་ཡོང་ཕྱིར་སོམ་ཉི་སྤུ་ཙམ་མེད་པར་ལས་དོན་བསྒྲུབས་པ་ཡིན། ཚང་མས་ཤེས་གསལ་ལྟར། རྒྱ་ནག་གསར་པའི་རྩ་ཁྲིམས་དང༌། རྒྱ་ནག་དམར་ཤོག་ཚོགས་པའི་རྩ་བའི་སྲིད་བྱུས་ནང༌། གྲངས་ཉུང་མི་རིགས་ལ་གཉའ་གནོན་གཏོང་བའི་རྒྱ་ནག་རྙིང་པའི་ལམ་ལུགས་ཡོངས་རྫོགས་རྩ་མེད་བཟོ་དགོས་པ་དང༌། མི་རིགས་ཆེ་ཆུང་གང་ཡིན་རུང་ཚང་མ་འདྲ་མཉམ་དང༌། ཕན་ཚུན་རོགས་རེས་བྱས་ཏེ་མཉམ་དུ་ཡར་རྒྱས་ཡོང་བ་བྱ་རྒྱུའི་འགན་ལེན་ཁག་ཐེག་བྱས་ཡོད། དེར་བརྟེན་ངས་དེ་རིང་གི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཐུན་མོང་གི་ཁེ་ ཕན་ཆེད་དུ་བོད་རིགས་དང༌། དེ་མིན་གྱི་གྲངས་ཉུང་མི་རིགས་རྣམས་སྟོབས་ཆེའི་རྒྱ་མི་རིགས་དང་གཅིག་སྒྲིལ་༼ རྒྱ་དང་ཁ་བྲལ་མི་བྱེད་པ་༽བྱེད་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ། འདི་ནི་རྒྱ་ནག་གསར་པ་བཙུགས་པ་ནས་བཟུང་ངའི་རྩ་བའི་ལྟ་ཚུལ་དེ་ཡིན། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ལོ་རབས་བརྒྱད་ཅུ་པའི་དུས་འགོར་ རིག་གནས་གསར་བརྗེ་མེད་པར་བཟོས་ཤིང༌། མི་རིགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ཏང་གིས་སྲིད་བྱུས་དང་ལམ་སྟོན་རབས་དང་རིམ་ པ་འགན་ལེན་བྱས་ཡོད། འདི་དག་རྩ་བར་བཟུང་སྟེ་ངས་ང་ཚོའི་རྒྱ་རིགས་སྤུན་ཟླ་ཚོས། རང་གི་སྤུན་ཟླའི་མི་རིགས་གཞན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་འཛིན་ དགོས་པ་དང༌། གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔ་ཚང་མར་ཁོང་ཚོ་ཁོང་ཚོའི་དོན་ངོ་མའི་བདག་པོ་ ཡིན་པ་དང༌། རང་ཉིད་ཀྱི་སྒྱུར་བཅོས་དང་གོང་འཕེལ་ལག་ལེན་དུ་བསྟར་སའི་ལྟོས་འཇོག་གི་ཁྱིམ་ གཞི་ཆུང་ཆུང་རེ་ཡོད་འཇུག་དགོས་པར་ནན་བཤད་ཡང་ཡང་བྱས་པ་ཡིན། བྱེད་ཐབས་འདི་ཁོ་ནར་བརྟེན་ནས་མི་རིགས་དང་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཉིས་མཐུན་སྒྲིག་བྱེད་ཐུབ་ཅིང༌། བྱེད་ཐབས་འདི་ཁོ་ནར་བརྟེན་ནས་སྡང་འཛིན་དང་མི་མཐུན་པའི་བསམ་བློ་གཙང་སེལ་བྱས་ ཏེ་དངོས་གནས་ཀྱི་མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་ཡོང་ཐུབ། ཡིན་ན་ཡང་རྒྱུན་སྲོལ་གྱི་རྒྱ་རིགས་ཆེན་པོའི་རང་ལུགས་དང༌། ཞིང་བྲན་ལམ་ལུགས། དབང་ཆ་གཅིག་བསྡུས་རང་ལུགས་བཅས་ཀྱི་བསམ་བློའི་ཤུགས་རྐྱེན་འོག་འགོག་རྐྱེན་དང་ དཀའ་ཚེགས་མང་པོ་འཕྲད་ཡོད་ལ། ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ལམ་སྟོན་དང༌། སྲིད་བྱུས་གསར་པ་རྣམས་ལག་བསྟར་ཞིབ་ཕྲ་བྱུང་མེད་པས། དེ་དག་དོན་འཁྱོལ་ཡོང་ཐབས་སུ་མུ་མཐུད་དེ་འབད་བརྩོན་བྱེད་དགོས། གཉིས་པ། ངའི་མི་ཚེའི་རིང༌། ང་ནི་བོད་རིགས་དམར་ཤོག་ཚོགས་པའི་ལས་འགུལ་གསར་འཛུགས་དང༌། རྒྱ་ནག་དམར་ཤོག་ཚོགས་པ་དང༌། ཨུ་རུ་སུ་དམར་ཤོག་ཚོགས་པ། རྒྱ་གར་དམར་ཤོག་ཚོགས་པ་བཅས་དང་འབྲེལ་ལམ་འཛུགས་མཁན་གྱི་འགན་ཡོད་མི་སྣ་ཡིན། རྒྱུ་མཚན་འདིའི་དབང་གིས་ཅང་ཇེ་ཧྲེས་སློབ་གྲྭ་ནས་ང་གནས་དབྱུང་བཏང་བར་མ་ཟད་གོ་མིན་ཏང་གི་ཉེན་རྟོག་པས་རྗེས་འདེད་བྱས་ཡོད། དེ་རྗེས་ང་རང་བོད་གཞུང་གིས་བོད་གཞུང་གི་མངའ་ཞབས་ནས་ཀྱང་ཕྱིར་འབུད་བྱས། དེ་རྗེས་ང་རང་བོད་འདི་ཉིད་རྒྱ་ནག་གསར་པའི་ཁྱིམ་ཚང་ཆེན་པོའི་ནང་ཡང་བསྐྱར་འཁྲིད་བྱེད་ཀྱི་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་པའི་གྲོས་རིམ་ནང་དངོས་སུ་ ཞུགས་ལ་དེའི་དཔང་པོ་ཡང་ཡིན། ངས་རྒྱ་ནག་གསར་པའི་ནང་བོད་མི་རིགས་ལ་བཅིངས་འགྲོལ་ཐོབ་པའི་ཆེད་དང༌། རྒྱལ་ཁབ་ཀྱི་གཅིག་སྒྲིལ་ཆེད་དུ་འབད་འབུངས་ཧུར་ཐག་བྱས་པ་ཡིན། གངས་ལྗོངས་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ། དེ་མིན་གྱི་དབུས་སྲིད་གཞུང་གི་དབུ་འཁྲིད་ཁག་དང་གསུང་མོལ་གནང་སྐབས་ང་རང་གསུང་སྒྱུར་ཞུ་མཁན་ཡིན། འོན་ཀྱང་ཕྱིས་སུ་ང་རང་དམར་ཤོག་ཚོགས་པའི་ཆིན་ཁྲེན་བཙོན་ཁང་ནང་ཁེར་རྐྱང་དུ་བཙོན་འཇུག་བྱས་ཏེ་གདུག་རྩུབ་ཆེན་པོས་ལོ་བཅོ་བརྒྱད་རིང་མནར་གཅོད་བཏང་བྱུང༌། ཕྱོགས་གཞན་ནས་བཤད་ན། ཐང་རྒྱལ་རབས་ཀྱི་ལིའུ་ཙུང་ཡོན་གྱིས་ཐེངས་གཅིག དགྲ་བོས་གནོད་པ་ཀུན་ཀྱིས་རྟོགས་ན་ཡང༌། ། དེ་ཡིས་ཁེ་ཕན་འདྲེན་པ་ཤེས་མི་འགྱུར། ། ཞེས་གསུངས་ཡོད། སྐད་ཆ་འདིར་ངས་གོ་བ་གཏིང་ཟབ་ལོན་གྱི་འདུག དེ་ཡང་བཙོན་གྲོལ་ཐོབ་རྗེས་ཏེང་ཞའོ་ཕིང་གིས་ང་ལ་ཁྱེད་ཀྱིས་དཀའ་སྡུག་ཚད་མེད་ མྱངས་སོང་ཞེས་གསུངས་བྱུང༌། མ་གཞི་ཁེར་རྐྱང་བཙོན་འཇུག་གི་དཀའ་སྡུག་ནི་སྐད་ཆས་འགྲེལ་བརྗོད་བྱ་ཐུབ་པ་ལས་ཡོངས་སུ་འདས་པ་ཞིག་ཡིན་མོད། འོན་ཀྱང་ཕྱོགས་གཞན་ནས་བཤད་ན། གལ་ཏེ་འགོ་འཁྲིད་དེ་ཚོས་ང་ཆིན་ཁྲེན་བཙོན་ཁང་ནང་དུ་བཏང་མེད་ན། ངའི་དབུགས་ཀྱི་རྒྱུ་བ་མཐའ་མ་དེ་རིག་གནས་གསར་བརྗེའི་ཟིང་འཚུབ་ནང་སྔ་ས་ནས་ཆད་ཡོད་ངེས་རེད། སྟབས་ལེགས་པ་ཞིག་ལ། ང་ནི་ནས་རྩམ་དང༌། གཡག་ཤ་ལུག་ཤར་བརྟེན་ནས་མཚར་ལོངས་བྱུང་བའི་ཁམས་པ་ཞིག་ཡིན་པས། ངས་ཤིན་ཏུ་དྲག་པོའི་མངོན་འདོད་ལ་བརྟེན་ནས་བཟོད་པར་དཀའ་བའི་དཀའ་ཚེགས་ལས་རྣམ་ པར་རྒྱལ་ཏེ། ཆིན་ཁྲེན་བཙོན་ཁང་ནས་གསོན་པོར་ཐར་ཐུབ་པ་བྱུང༌། པེ་ཏའོ་ཝན་གྱིས་ངས་ལས་དབང་གི་མིད་པ་ནས་བཟུང་ན། དེས་ང་ལངས་རྒྱུ་མེད་པ་བཟོ་མི་ཐུབ་ཅེས་གསུངས་པ་དེ་ངས་བསྒྲུབས་པར་ཡིད་ཆེས་ བྱེད་བཞིན་ཡོད། ངས་རང་གི་དཀའ་སྡུག་གིས་རང་ཉིད་ལངས་རྒྱུ་མེད་པ་བཟོ་བཅུག་མེད་ལ། ངས་ངའི་བརྩེ་བའི་ཕ་མ་ཟུང་དང༌། ཕ་ཡུལ་གྱི་མི་མང༌། གངས་ལྗོངས་ཀྱི་བོད་རིགས་ཚོའི་ཞབས་འདྲེན་ཞུས་མེད། ང་རང་བཙོན་དུ་ཡོད་སྐབས་ངས་དཔེ་དེབ་འབོར་ཆེན་བཀླགས་པ་ཡིན། ཨན་ཡིན་སི་ཏན་གྱིས་ལྟ་གྲུབ་ནི་ཚན་རིག་རང་བཞིན་གྱི་ཉམས་ཞིབ་ཚང་མའི་ཐོན་ཁུངས་ རེད་ཅེས་གསུངས་ཡོད། ངས་ལྟ་གྲུབ་ནང་གི་བསམ་བློ་ཚད་མཐོ་ཤོས་ཀྱི་རྣམ་པ་ཡིན་པའི་རྩོད་སྒྲུབ་རིག་པ་ དེ། འགྲོ་བ་མིའི་ཤེས་རབ་དེ་དྭངས་གསལ་ཤེལ་གྱི་རྣམ་པར་བསྐྲུན་པ་ཞིག་དང༌། ཚན་རིག་ནང་གི་ཚན་རིག་ཡིན་པར་ཡིད་ཆེས་ཡོད། དུས་རབས་མང་པོའི་རིང་གྲུབ་མཐའ་སྨྲ་བ་ཚོས་བྱ་དངོས་ཡོད་ཚད་ཆོས་ཉིད་མི་འདྲ་བ་ གཞིར་བཟུང་འགྱུར་ལྡོག་འགྲོ་བཞིན་པར་དགོངས་ཡོད། དེ་འདྲའི་ཚོད་དཔག་གི་བརྒྱུད་རིམ་ཐོག་ངས་རྒྱ་ཁྱབ་ཀྱི་གོ་སའི་ཕྱོགས་ནས་བྱ་དངོས་ཚང་མའི་སྒྲོམ་གཞིའི་རིགས་ཚུལ་གྱི་ཆོ་ག་དང༌། འཕྲལ་སེལ་རྒྱུན་མཐུད་ཀྱི་ཕྱོགས་ནས་དངོས་པོ་ཚང་མའི་འགུལ་སྐྱོད་ཀྱི་འཁོར་བགྲོད་ཆོས་ཉིད། དེ་བཞིན་རྩོད་སྒྲུབ་རིག་པའི་ཐོག་ནས་གོ་རིམ་དབྱེ་འབྱེད་ཀྱི་ཆོས་ཉིད་བཅས་དང་ མཉམ་སྡེབ་བྱེད་ཐུབ་པའི་རྩོད་སྒྲུབ་གཏན་ཚིགས་རིག་པའི་ལྟ་བའི་རྣམ་གཞག་གསར་ པའི་མ་ལག་ཅིག་འཕེལ་རྒྱས་སུ་བཏང་བ་ཡིན། ངས་གནས་ཚུལ་འདི་དག་དང་འབྲེལ་བའི་རང་གི་བསམ་ཚུལ་གཟབ་ནན་གྱི་ཐོག་ནས་ཟིན་ཐོར་ བཀོད་ཅིང༌། དེ་ནི་ངའི་མཐའ་གཅོད་དུ་འབོད་ཀྱང་ཆོག་པ་སྟེ། ཆིན་ཁྲེན་ཏང་གི་སློབ་གྲྭར་ལོ་བཅོ་བརྒྱད་བསྡད་རྗེས་ལེགས་པར་གྲུབ་པ་དེ་ལགས། བཙོན་ཁང་ནས་གློད་རྗེས་ངས་རྩོད་སྒྲུབ་རིག་པའི་འཚོལ་ཞིབ་གསར་པ་བྲིས་ཤིང༌། དེའི་ནང་གཙོ་བོ་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་སྐོར་རྣམས་བཤད་ཡོད་ཅིང་ཧ་ལམ་ཡིག་འབྲུ་བརྒྱད་འབུམ་ཙམ་ཡོད། ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད་ལ་ཡིག་འབྲུ་ཉིས་འབུམ་ཙམ་ཡོད། རང་བྱུང་རྩོལ་སྒྲུབ་རིག་པའི་འཚོལ་ཞིབ་འཕར་མར་ཡིག་འབྲུ་དྲུག་འབུམ་ཙམ་ཡོད། ང་ལ་རྙེད་པའི་ཚན་རིག་རང་བཞིན་གྱི་མཐའ་སྡོམ་དང་པོ་སྟེ་ཟླ་བའི་གོ་ལ་ཐེ་བའི་ རྒྱུ་སྐར་ཚང་མའི་ཐོག་སླ་གཟུགས་ཡོད་པར་བཤད་པ་དེ། ཨ་རིའི་ནཱ་སཱ་༼རྒྱལ་ཡོངས་མཁའ་གྲུ་བཟོ་སྐྲུན་དང་བར་སྣང་བཀོད་འདོམས་ཁང་༽ཡིས་ ཐེངས་ཁ་ཤས་དག་སྐྱེལ་བྱས་ཡོད། དེར་བརྟེན་ཁྱོན་ཡོངས་ནས་བཤད་ན་ཆིན་ཁྲེན་བཙོན་ཁང་གིས་གནོད་པ་ལས་ཕན་ཐོགས་མང་ བ་བྱུང་འདུག གསུམ་པ། ཕྱི་ལོ་༡༩༨༠ ལོར་ང་རང་མར་ཁེ་སེའི་ལྟ་གྲུབ་ལོ་རྒྱུས་ཚོགས་པས་ལུའོ་དབྱང་དུ་སྐོང་ཚོགས་བྱས་ པའི་ཚོགས་འདུ་ཞིག་ཏུ་གདན་འབོད་བྱས་བྱུང༌། ཚོགས་འདུ་དེའི་ཐོག་ཁོང་ཚོའི་རེ་བ་ལྟར་ངས་བསམ་འཆར་ཁ་ཤས་བཤད་པ་ཡིན། ངས་བཤད་པར། བཙོན་ཁང་དུ་སྡོད་རིང་ངས་མར་ཁེ་སེ་རང་ལུགས་ཀྱི་གྲགས་རྩོམ་ཡོད་དོ་ཅོག་དང༌། དེ་བཞིན་དེང་རབས་ཀྱི་ཚན་རིག་དང་ལག་རྩལ་སྐོར་གྱི་དཔེ་དེབ་གཞན་དག་ཐེངས་ཁ་ཤས་ ཞིབ་པར་བཀླག་རྒྱུའི་དུས་ཚོད་བྱུང༌། མི་གཞན་ཚོར་གོ་སྐབས་འདི་འདྲ་བྱུང་ཡོད་ཀྱི་མ་རེད། ངས་རྒྱུ་མཚན་དེའི་དབང་གིས་རང་ཉིད་བྱང་ཆུབ་པ་ཞིག་ཡིན་ཞེས་བརྗོད་ཀྱི་མེད། དེ་ལས་ལྡོག་སྟེ་ང་ནི་རྨོངས་རྟུལ་ཞིག་ཡིན་སྙམ་གྱི་འདུག ཡིན་ན་ཡང༌། ངའི་སེམས་ནང་རང་ཉིད་ལ་བསམ་འཆར་གཉིས་འདོན་རྒྱུའི་དབང་ཆ་ཡོད་སྙམ་གྱི་འདུག དང་པོ། གལ་ཏེ་མར་ཁེ་སེ་དང་ཨེན་ཁེ་སེ་ད་ལྟ་སྐུ་འཚོ་བཞུགས་ཡོད་ཚེ། རང་ཉིད་ཀྱི་འདས་པའི་དགོངས་ཚུལ་འགའ་ཞིག་རྩིས་མེད་དུ་བཏང་སྟེ། དེ་དག་གཟིགས་རྒྱང་ཐུང་དྲགས་པ་དང་སྐྱོན་ཅན་ཡིན་པ་གསལ་སྟོན་གནང་གི་རེད་སྙམ་ གྱི་འདུག གཉིས་པ། ཁོང་རྣམ་གཉིས་ཀྱིས་རྩོད་སྒྲུབ་རིག་པའི་ལྟ་གྲུབ་ཀྱི་རྨང་གཞི་དང༌། དཔལ་འབྱོར་གྱི་ལྟ་ཚུལ་རྣམས་མུ་མཐུད་རྒྱུན་འཛིན་གནང་ངེས་ཡིན་ཡང༌། གཞན་དག་འགའ་ཞིག་ལ་ལེགས་བཅོས་དང་སྐྱོན་སེལ་གནང་ངེས་རེད། རིགས་པའི་གཞུང་ལུགས་ཚང་མ་རྒྱུན་འཛིན་དང་སྤྱི་ཚོགས་ཀྱི་ལག་ལེན་ཕྱོགས་བསྡོམས་ ཡིན་པས་འདི་དག་དུས་ཚོད་ཀྱི་བཀག་རྒྱའི་འོག་ཏུ་གནས་ཡོད། གལ་ཏེ་མར་ཁེ་སེ་དང་ཨེན་ཁེ་སེ་ད་དུང་འཚོ་བཞུགས་ཡོད་ཚེ། རྒྱ་ནག་དམར་ཤོག་ཚུད་པའི་ད་ལྟའི་འཛམ་གླིང་ཁྱོན་ཡོངས་ཀྱི་དམར་ཤོག་ཚོགས་པའི་ སྲིད་བྱུས་དང་བྱ་སྤྱོད་རྣམས་ཀ་དུས་ཡིན་ཡང་ཁོང་རྣམ་པའི་རྩ་དོན་དང་དགོངས་པར་ མཐུན་གྱི་མི་འདུག་ཅེས་གསལ་སྟོན་གནང་ངེས་རེད། མར་ཁེ་སེ་སྐུ་འཚོ་བཞུགས་སྐབས། མར་ཁེ་སེ་རང་ལུགས་ཡིན་པར་ཁས་ཆེ་བའི་སྒྲིག་འཛུགས་དང་ཚོགས་པ་རྣམས། ཁོང་གི་དགོངས་དོན་ཇི་བཞིན་པའི་མར་ཁེ་སེ་རང་ལུགས་པ་དེ་ཡིན་པར་ངོས་བཞེས་གནང་ རྒྱུ་མིན་ཞེས་ལན་གཅིག་གཉིས་མིན་པར་གསལ་བསྒྲགས་གནང་ཡོད་ཅེས་བཤད་པ་ཡིན། ངས་འདི་བརྗོད་སྐབས། མར་ཁེ་སེ་རང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་མཐོ་ཚད་ཡང་རྩེར་སོན་པར་འུད་ སྒྲོག་བྱེད་པའི་རིག་གནས་གསར་བརྗེའི་ལོ་བཅུའི་གོད་ཆག་ནང༌། དཀའ་སྡུག་མྱངས་མ་ཐག་པའི་རྒྱ་རིགས་ཆེད་ལས་པ་དང་མཁས་དབང་བརྒྱ་ཕྲག་མང་པོས་ སེམས་རྩ་འཁོལ་པོས་དགའ་བསུའི་ཐལ་སྒྲ་དྲག་པོ་བརྡབས་བྱུང༌། མར་ཁེ་སེ་རང་ལུགས་ཀྱི་དགོས་དོན་ནི། འགྲོ་བ་མིའི་རིགས་རྣམས་བཀག་རྒྱ་ལས་ཐར་བར་བྱས་ཏེ། འཛམ་གླིང་ནང་ཡོངས་ཁྱབ་རང་བཞིན་གྱི་བདེ་སྐྱིད་དང་ལྡན་ཞིང༌། མིས་མི་ལ་བཤུ་གཞོག་དང༌། སྟོབས་ཆེན་རྒྱལ་ཁབ་ཀྱིས་སྟོབས་ཆུང་རྒྱལ་ཁབ་ལ་བཙན་ གནོན་བྱེད་རིགས་མེད་པའི་འོས་ཤིང་འཚམས་ལ་སྐྱོན་བྲལ་གྱི་སྤྱི་ཚོགས་ལམ་ལུགས་ ཤིག་འཛུགས་བསྐྲུན་བྱ་རྒྱུ་དེ་རེད། དེར་འགྲོ་བ་མིའི་རིགས་ཀྱི་ཆེ་ཚུགས་ལ་རྒྱབ་སྐྱོར་བྱེད་པའི་ཡར་ཐོན་གྱི་བསམ་ བློ་ལྡན་ཡོད། དེ་ལྟ་ནའང༌། དེང་ཞའོ་ཕིང་གིས་ལག་ལེན་དངོས་ནི་བདེན་དོན་གྱི་ཚད་ཤིང་གཅིག་པུ་དེ་རེད་ཅེས་ ནན་བཤད་གནང་བ་ལྟར། དགོངས་ཚུལ་འདིའི་ལམ་སྟོན་འོག་དང༌། ཅང་ཙེ་མིན་གྱིས་དབུ་འཁྲིད་གནང་བའི་མི་རབས་གསུམ་པའི་འགོ་འཁྲིད་འོག རྒྱ་ནག་ལ་ཉིན་རེ་བཞིན་འགྱུར་ལྡོག་གསར་པ་བྱུང་སྟེ་འཛམ་གླིང་གི་བསྔགས་བརྗོད་ཐོབ་ཡོད། འོན་ཀྱང་རྒྱ་ནག་གི་རྒྱལ་མཚམས་ནང་གི་རྒྱ་རིགས་དང་བོད་རིགས་དབར་གྱི་འབྲེལ་བ་ དང༌། དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་དབར་གྱི་འབྲེལ་ལམ་ད་དུང་ཡང་གོང་འཕེལ་གཏོང་ དགོས། ལོ་ཁ་ཤས་གོང་སྤྱི་ཁྱབ་དྲུང་ཆེ་ཅང་ཙེ་མིན་གྱིས་ང་དང་༼བོད་ཀྱི་སྐོར་༽བཀའ་མོལ་ ཆུ་ཚོད་གཉིས་ཙམ་གནང་བྱུང༌། སྐབས་དེར་ངས་ཁོང་ལ་ཨུ་རུ་སུ་འཐོར་ཞིག་སོང་ཚུལ་ལ་བསམ་གཞིགས་ཀྱིས་ཀྲུང་དབྱང་ ལ་འབུལ་རྒྱུར་བྲིས་པའི་མི་རིགས་ལས་དོན་གྱི་གལ་གནད་སྐོར་འཁོད་པའི་ཡི་གེ་ཞིག་ ཕུལ་བ་ཡིན། མི་རིགས་ཀྱི་ལས་དོན་རྒྱུན་རིང་སྒྲུབ་མྱོང་ཡོད་ལ་མཐོང་རྒྱ་ཆེ་བ་མང་པོས། ཕྱི་ཚུལ་དུ་རྒྱ་ནག་ནང་འཆམ་མཐུན་དང་ལྡན་པར་མངོན་ཡང་དོན་དངོས་སུ་རྒྱ་རིགས་དང་ བོད་རིགས་དབར་༼དང་དེ་བཞིན་མི་རིགས་གཞན་དག་དབར་༽ མི་མཐུན་པའི་རྩོད་རྙོག་མང་པོ་ཡོད་པའི་གནད་དོན་ལ་སེམས་ཁྲལ་བྱེད་ཀྱི་ཡོད། ཁོང་ཚོ་སེམས་ཁུར་མེད་པའི་བྱེད་སྟངས་སྣ་ཚོགས་ཀྱིས་འདོད་པ་ཚིམ་གྱི་མེད་པ་སྟེ། དཔེར་ན། ཕུགས་རྒྱང་རིང་པོའི་དམིགས་འབེན་ལ་དོ་སྣང་མི་བྱེད་པར་འཕྲལ་སེལ་ཙམ་ལ་དོ་སྣང་ བྱེད་པ་དང༌། ནད་རྟགས་བཅོས་པ་ཙམ་ལས་ན་རྐྱེན་ངོ་མ་མི་བཅོས་པ། གསར་འགྱུར་ཡག་གྲས་སྤེལ་བ་ལས་ངན་པ་མི་སྤེལ་བར་མ་ཟད། ཐ་ན་དོན་དངོས་ལ་འཁྱོག་བརྗོད་དང་རྫུན་གཏམ་ཤོད་པ། མི་དམངས་ཀྱི་ཁེ་ཕན་ཁ་ལ་འཁྱེར་ནས་སྒེར་གྱི་ཁེ་ཕན་གཉེར་བ་ལྟ་བུའོ། ། ལོ་ངོ་ཉི་ཤུ་སྒྱུར་བཅོས་བྱས་རྗེས་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ནང་ འཛུལ་ཞུགས་བྱས་པས་མཚོན་རྒྱ་ནག་གིས་འཛམ་གླིང་གི་དཔལ་འབྱོར་སྒྲོམ་གཞིར་སྒོ་ མོ་ཕྱེ་རྗེས། ༼ད་ཆ་༽ ཀྲུང་དབྱང་གིས་མི་རིགས་འདྲ་མིན་ཁྲོད་ཀྱི་འབྲེལ་ལམ་ལ་གཟབ་ནན་གྱིས་དབྱེ་ཞིབ་ དང༌། ཨུ་རུ་སུ་ཁ་འཐོར་སོང་བ་ལས་བསླབ་བྱ་བླངས་ཏེ་ཇི་ལྟར་ལོ་རབས་བརྒྱད་ཅུ་པའི་ནང་ གནང་བ་ལྟར། མི་རིགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྲིད་བྱུས་དང་ལམ་སྟོན་གསར་པ་ གཏན་འབེབས་གནང་རྒྱུའི་རེ་བ་ཡོད་པ་རེད། དེ་ཡང་དེའི་འབྲས་བུའི་ཚུལ་དུ། གྲངས་ཉུང་མི་རིགས་འདུ་སྡོད་ཀྱི་ས་ཁུལ་དུ་ཆབ་སྲིད་དང༌། དཔལ་འབྱོར། རིག་གཞུང་བཅས་ཀྱི་རང་སྐྱོང་དབང་ཆ་འགན་ལེན་ཡོང་བའི་རེ་བ་ཡོད་ཅིང༌། དེ་ལྟར་བྱུང་ན་རྒྱ་རིགས་དང་མི་རིགས་གཞན་དག་དབར་གྱི་འབྲེལ་ལམ་དེ་རྨང་གཞི་ནས་ ཡར་རྒྱས་སོང་སྟེ། དོན་ངོ་མའི་རྒྱལ་ཁབ་གཅིག་སྒྲིལ་དང༌། དེ་བཞིན་སྤྱི་ཚོགས་ཀྱི་ཞི་བདེ་དང་བརྟན་ལྷིང་ངོ་མ་མངོན་དུ་འགྱུར་ཐུབ་རྒྱུ་ རེད། ང་རང་རྒྱུན་དུ་བོད་མི་རིགས་༼དང་དེ་བཞིན་སྤུན་ཟླའི་མི་རིགས་གཞན་རྣམས་༽ ཀྱི་ལས་དབང་དང་འབྱུང་འགྱུར་སྐོར་ལ་སེམས་ཁྲལ་ལངས་ཀྱི་འདུག ལོ་གཉིས་ཀྱི་གོང་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་གིས་ང་ལ་མཇལ་འཕྲད་གནང་སྐབས། ངས་བསམ་འཆར་མང་པོ་ཞུས་པའི་ནང་གི་གཅིག་ནི་ལྷ་སར་འགྱུར་བ་གཏན་ནས་གཏོང་རྒྱུ་ མེད་པ་དེ་ཡིན། ལྷ་ས་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གངས་ལྗོངས་ཀྱི་བོད་རིགས་ཚོའི་རྩ་ཆེའི་ གྲོང་ཁྱེར་ཞིག་ཡིན་ཞིང༌། ཁ་ཆེ་བ་ཚོར་གནས་ཆེན་མེཀ་ཁ་ཞེས་པ་དེ་རྩ་ཆེན་ཡིན་པ་ཇི་བཞིན་ལྷ་སས་བོད་རིགས་ ཚོའི་སེམས་ནང་གལ་ཆེའི་གོ་གནས་བཟུང་ཡོད། གལ་ཏེ་ཕོ་བྲང་པོ་ཏ་ལ་དེ་གསར་དུ་བརྒྱབ་པའི་སྡོད་ཁང་མཐོན་པོ་དང་རྒྱ་སྐད་སྨྲ་ བའི་རྒྱ་རྀགས་གྲོང་མི་མང་པོས་མནན་ན། རྒྱ་ནག་སྲིད་གཞུང་གིས་ཚབས་ཆེའི་རྗེས་འབྲས་ཅན་གྱི་ལོ་རྒྱུས་རང་བཞིན་གྱི་ནོར་ འཁྲུལ་བཟོས་པ་ཞིག་ཆགས་རྒྱུ་རེད། ད་ཆ་ཀྲུང་དབྱང་ལ་བོད་རིགས་མི་དམངས་དང་དེའི་ལོ་རྒྱུས་ལ་འགན་ཡོད་པའི་ཆ་ནས་རང་ གི་འགན་འཁྲིའི་ཐོག་དགོངས་བཞེས་གཟབ་ནན་གནང་རྒྱུ་དང༌། དེ་འདྲའི་རྗེས་འབྲས་༼ངན་པ་༽འབྱུང་གཞིའི་སྲིད་བྱུས་གང་ཡིན་རུང་བཟོ་བཅོས་ བྱེད་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད། ཡིན་ན་ཡང་ལོ་ངོ་ཉི་ཤུའི་རྗེས་སུའང་གནས་སྟངས་ཡར་རྒྱས་མ་བྱུང་བ་དེས་ང་ལ་སུན་ གཙེར་ཆེན་པོ་བྱུང༌། ངས་ལོ་རབས་བཞི་བཅུ་པའི་འགོ་སྟོད་དུ་བོད་རིགས་དམར་ཤོག་ཚོགས་པ་བཙུགས་སྟབས་ང་ ལ་གནད་དོན་འདིའི་ཐད་དམིགས་བསལ་གྱིས་དོ་སྣང་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ འགན་འཁྲི་ཡོད་པ་ཚོར་གྱི་འདུག ཨེན་ཁེ་སེས་ཐེངས་གཅིག་ལོ་རྒྱུས་ཀྱིས་མཐའ་མ་ཡང་དག་མ་ཡིན་པ་དང་ཚུལ་མིན་གྱི་ སྣང་ཚུལ་རྣམས་ལམ་ནོར་ལྡོག་ཤེས་ཀྱི་ཕྱོགས་སུ་བསྐྱལ་རྒྱུ་རེད་ཅེས་གསུངས་ཡོད། ངས་ཁོང་གི་བཀའ་མོལ་འདི་རྒྱལ་ཁབ་དང་མི་རིགས་ཀྱི་འབྲེལ་བའི་ཐད་འཇུག་པོ་ཡོད་ པར་ཡིད་ཆེས་བྱེད་ཀྱི་ཡོད། མཐའ་དོན་དུ་བོད་ལ་ཐེངས་བཅུ་བདུན་བསྐྱོད་མྱོང་ཞིང༌། ས་ཁུལ་དེའི་མཐའ་གྲུ་ཚང་མར་འགྲུལ་བཞུད་བྱེད་མྱོང་བའི་རྒྱ་རིགས་རྩོམ་པ་པོ་ གྲགས་ཅན་ཝང་ལི་ཞུང་གིས་བྱ་གཏོར་བོད་ཀྱི་ལས་དབང་ཞེས་པའི་དེབ་ཅིག་བརྩམས་འདུག ཁོང་གིས་བོད་ཀྱི་དོན་དངོས་དང་བོད་རིགས་མི་དམངས་ཀྱི་ལྟ་བ་དང་སེམས་ཚོར་ཤེས་ རྟོགས་ཡོད་ལ། ཁོང་གི་དེབ་དེར་རྒྱལ་ཕྱི་རྒྱལ་ནང་གཉིས་ཀའི་མི་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་ པོ་བྱས་ཡོད། ཉེ་ཆར་ཁོང་གིས་བོད་རིགས་དང་རྒྱ་རིགས་གཉིས་ཀའི་ཁེ་ཕན་གྱི་དོན་ དང་ལྷག་པར་རྒྱ་རིགས་ཀྱི་དོན་དུ་འགོ་བརྗོད་དུ་ཏཱ་ལའི་བླ་མ་ནི་བོད་ཀྱི་གནད་ དོན་གྱི་ལྡེ་མིག་ཡིན་པ་ཞེས་པའི་ཆེད་རྩོམ་ཞིག་བྲིས་འདུག ཆེད་རྩོམ་འདི་དབྱིན་ཡིག་དང་བོད་ཡིག་ནང་ཕབ་བསྒྱུར་བྱས་ཏེ་གཞི་རྒྱ་ཆེ་བའི་ བསྔགས་འརྗོད་ཐོབ་ཡོད། ཕྱི་རྒྱལ་གྱི་གྲགས་ཅན་རྩོམ་པ་པོ་ཞིག་གིས་ང་ལ་གསུངས་པར། སྐུ་ཞབས་ཝང་གི་རྩོམ་ཡིག་ཧ་ཅང་ཡག་པོ་བྲིས་འདུག འོན་ཀྱང་གལ་ཏེ་བོད་རིགས་ཤིག་གིས་ཝང་གིས་བྲིས་པ་དེ་བྲིས་ན། རྒྱ་རིགས་ཚོས་དེར་མོས་མཐུན་མེད་པའི་སྐད་ཆ་མང་པོ་ཏན་ཏན་ཤོད་ངེས་ཡིན་ལ་ཉུང་ མཐར་ཡང་དེ་ཕྱོགས་སུ་ལྷུང་པ་ཞིག་ཡིན་པར་བསམ་ངེས་རེད། དེ་བཞིན་ཅི་སྟེ་དེ་ཕྱི་རྒྱལ་བ་ཞིག་གིས་བྲིས་ཚེ། རྒྱ་རིགས་ཚོས་དེར་མོས་མཐུན་མི་བྱེད་པར་ངེས་ལ་མ་མཐར་ཡང་ཁོས་བོད་ནང་གི་གནས་ སྟངས་ཤེས་རྟོགས་ཡག་པོ་མ་ཐུབ་པའི་སྙོན་འཛུགས་བྱ་རྒྱུ་རེད། ཡིན་ན་ཡང་དེ་ཤེས་རྒྱ་ཟབ་པའི་རྒྱ་རིགས་གྲགས་ཅན་རྩོམ་པ་པོ་ཞིག་གིས་བྲིས་པར་ བརྟེན། ཁོང་ཚོས་ག་རེ་བརྗོད་ཐུབ་བམ། འཛམ་གླིང་གི་ཡང་ཐོག་ཏུ་འཚོ་སྡོད་བྱེད་པའི་བོད་རིགས་མི་དམངས་ཀྱིས་ལོ་ངོ་མང་ པོའི་རིང་རྒྱ་གར་ནས་དར་ཁྱབ་བྱུང་བའི་ནང་ཆོས་དང་རང་གི་རིག་གཞུང་གཉིས་མཉམ་ སྡེབ་ཀྱིས་ཆུ་དང་འོ་མ་བཞིན་དབྱེར་མེད་དུ་འདྲེས་པར་བྱས་པ་རེད། དེའི་རྗེས་འབྲས་སུ་བྱུང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་བོད་ མི་ཚོར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། དེར་བརྟེན་ཁོང་ཚོས་ལོ་རབས་ལྔ་བཅུ་པའི་ནང་གི་གཡོན་ཐལ་རང་ལུགས་ཀྱི་ནོར་འཁྲུལ་ ལམ་ཕྱོགས་ཀྱིས་བཟོས་པའི་གནོད་འཚེ་དང་གཏོར་སྐྱོན་ལ་ངོ་རྒོལ་ཤུགས་ཆེན་བྱེད་ ཀྱི་ཡོད་ལ། རིག་གནས་གསར་བརྗེའི་༼༡༩༦༦ ༡༩༧༦༽གོད་ཆག་གིས་བཟོས་པའི་རྨ་ཁ་དང༌། བོད་ནང་ད་དུང་ཡང་གནས་པའི་རིག་གནས་གསར་བརྗེའི་ལྷག་རོར་ངོ་རྒོལ་བྱེད་ཀྱི་ཡོད། དེར་བརྟེན་ཁམས་དང༌། བོད་རང་སྐྱོང་ལྗོངས། ༼དབུས་གཙང་༽ ཨ་མདོ་བཅས་སུ་ཡོད་པའི་བོད་མི་ཕལ་མོ་ཆེས་རང་གི་ཆོས་ལུགས་ཀྱི་དབུ་འཁྲིད་ཏཱ་ ལའི་བླ་མ་མཆོག་སེམས་གཏིང་ནས་དྲན་བཞིན་ཡོད། ཁོང་ཚོས་ཁོང་ལ་ཡིད་ཆེས་དང་བློས་ལིང་འགེལ་གྱིས་ཁོང་ཚོའི་དོན་དུ་ཐུགས་སྨོན་ སྐྱབས་འཇུག་ཡོང་བའི་གསོལ་འདེབས་ཞུ་བཞིན་ཡོད། ཁྱེད་རྣམ་པ་ཚང་མས་མཁྱེན་གསལ་ལྟར། གནའ་ནས་དེང་དུས་བར་གྱི་རྒྱལ་ཕྱི་རྒྱལ་ནང་གི་ལོ་རྒྱུས་ཀྱི་ཟིན་ཐོས། ཆབ་སྲིད་ཀྱི་དབང་ཆར་ལེགས་སྒྲུབ་དང་ཕམ་ཉེས་ཇི་ཡོང་མི་དམངས་ཀྱི་བསམ་བློ་གཏོང་ ཕྱོགས་ལ་རག་ལས་པའི་དན་རྟགས་བྱེད་བཞིན་ཡོད། དེར་བརྟེན་ཝང་ལི་ཞུང་གི་ཆེད་རྩོམ་དེར་བོད་རིགས་ཡོངས་དང་འབྲེལ་བ་ཡོད་པའི་ གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་ལ་བསམ་བློ་ཇི་ལྟར་གཏོང་དགོས་མིན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དེ་སྔོན་བློ་མཐུན་ཏེང་ཞའོ་ཕིང་གིས་རང་བཙན་མ་གཏོགས་ང་ཚོས་དེ་མིན་གྱི་གནས་ ཚུལ་ག་རེ་ཡིན་ནའང་སྐད་ཆ་བཤད་ཆོག་གི་རེད་ཅེས་གསུངས་པ་དེ་ནི་བོད་ཀྱི་ཐད་ཡང་ དག་པའི་རྩ་དོན་ཞིག་བཏོན་གནང་བ་རེད། དེ་མཚུངས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་ཡང་ནས་ཡང་དུ་ང་ཚོའི་རང་བཙན་རྩོད་ཀྱི་ མེད། ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་ཅེས་གསལ་བསྒྲགས་གནང་ཡོད། ཕྱོགས་གཅིག་ལ་རྒྱལ་ཁབ་གཅིག་སྒྲིལ་དགོས་པ་དང༌། ཕྱོགས་གཞན་དེར་རང་སྐྱོང་དགོས་ཀྱི་ཡོད། གནས་སྟངས་འདི་གཉིས་ཕན་ཚུན་འགལ་ཟླ་ཆགས་ཀྱི་མེད་པར་བརྟེན་ཡོངས་སུ་མཐུན་གནས་ བྱ་རུང་བ་ཞིག་རེད། རྩ་བའི་ལྟ་ཚུལ་འདི་ནི་ཧ་ཅང་གསལ་པོ་རེད། ཕྱི་ལོ་༢༠༠༢ ལོར་སྐུ་ཞབས་ཝང་ལི་ཞུང་གིས་ཁ་བྱང་དུ་ཏཱ་ལའི་བླ་མ་མཆོག་དང་གླེང་མོལ་ཞུས་པ་ ཞེས་འཁོད་པའི་དཔེ་དེབ་ཅིག་བྲིས་འདུག དེབ་འདིའི་ནང་ཁོང་གིས་ཏཱ་ལའི་བླ་མ་མཆོག་དང་མཇལ་མོལ་ཐེངས་བཞི་ཞུས་པ་དེ་ ཕྱོགས་བསྡོམས་གནང་འདུག་པ་སྟེ། ང་ལ་ཆབ་སྲིད་ཀྱི་དབང་འཛིན་པ་ཚོར་དོན་གནད་གསུམ་བརྗོད་རྒྱུ་ཡོད། དང་པོ། ཏཱ་ལའི་བླ་མ་མཆོག་དང་མཇལ་མོལ་ཞུས་པ་དང་གནད་དོན་ལ་བརྟག་ཞིབ་བྱས་རྗེས། ཁོང་གིས་ལྷག་བསམ་ཟོལ་མེད་ཀྱིས་དབུ་མའི་ལམ་༼རང་སྐྱོང་༽ལ་ཕེབས་འདོད་ཡོད་པར་ ངས་ཡོངས་བསྒྲགས་བྱ་ཐུབ་ལ་ཁོང་གིས་དབུ་མའི་ལམ་གྱི་སྐོར་གསུངས་པ་དེ་ཡོངས་སུ་ བྱུས་ངན་ཞིག་ཡིན་པར་བརྩི་བའི་ལྟ་ཚུལ་ལ་ངས་དགག་པ་རྒྱག་ཐུབ། གཉིས་པ། ཏཱ་ལའི་བླ་མ་མཆོག་གི་སྐུ་ཁམས་ཧ་ཅང་གསལ་ཐང་རེད། དེར་བརྟེན་ཏཱ་ལའི་བླ་མ་མཆོག་གི་སྐུ་གཟུགས་དང་ཐུགས་སེམས་ཀྱི་གནས་བབ་ཉིན་རེ་ ནས་ཉིན་རེ་ཉམས་བཞིན་པར་བསམས་ཏེ་ཁོང་སྐུ་མ་གཤེགས་པར་བོད་ཀྱི་གནད་དོན་ཐག་ གཅོད་བྱ་རྒྱུ་ཕྱི་འགྱངས་འབྱུང་ཐབས་ཡོད་རྒུ་བྱེད་བཞིན་པའི་མི་ཚོས་ཡང་བསྐྱར་ བསམ་བློ་གཏོང་དགོས། གསུམ་པ། ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཏཱ་ལའི་བླ་མ་མཆོག་ནི་རླབས་ཆེན་དང་གྲགས་ཅན་གྱི་ སྐྱེ་བོ་ཞིག་ཏུ་བརྩི་བཞིན་ཡོད། དེར་བརྟེན་སུས་ཏཱ་ལའི་བླ་མ་མཆོག་རང་གི་དགྲ་བོའི་གོ་སར་བཞག་ན་ཡང༌། ༼རྒྱལ་ཁབ་ནང་གི་བོད་རིགས་མི་དམངས་ཚོའི་ཁ་གཏད་ཆགས་རྒྱུ་ཡིན་པ་ཙམ་དུ་མ་ཟད། ༽ ཁོང་ཚོ་ནུབ་ཕྱོགས་པའི་འཇིག་རྟེན་གྱི་དགྲ་ཟླ་ཆགས་རྒྱུ་རེད། དོན་ཚན་གསུམ་འདི་རྨང་གཞིར་བྱས་ཏེ་ཝང་ལི་ཞུང་གིས་ཏཱ་ལའི་བླ་མ་མཆོག་ནི་བོད་ གྱི་གནད་དོན་གྱི་ལྡེ་མིག་ཡིན་པར་བཤད་ཡོད། གལ་ཏེ་རྒྱ་ནག་གིས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཞུས་ཏེ་བོད་རིགས་ཡོངས་རྫོགས་ དང་འབྲེལ་བ་ཡོད་པའི་གནད་དོན་རྣམས་ཐག་གཅོད་བྱེད་ཐུབ་ན། དབུས་སྲིད་གཞུང་གིས་མཐའ་མ་སྨྱུག་གུ་འགུལ་ཐེངས་གཅིག་ལ་༼གནད་དོན་འདིའི་ཐད་༽ ཧང་སངས་དགོས་པའི་གྲུབ་འབྲས་ཆེན་པོ་ཞིག་མངོན་འགྱུར་ཡོང་བ་བྱེད་ཐུབ། སྔོན་མ་ཤེས་ཡོན་ཅན་ཞིག་གིས་འཐེན་འཁྱེར་དང་ཕྱོགས་རིས་རྨང་གཞིར་བྱས་པའི་ལྟ་ ཚུལ་ནི། མི་ཞིག་གིས་དངོས་གནས་ནོར་འཁྲུལ་ཤོར་བ་ལས་བདེན་པར་ཆེས་རྒྱང་ཐག་རིང་བ་ཡིན་ ཞེས་གསུངས་ཡོད། དེར་བརྟེན་མིས་ནོར་འཁྲུལ་ཤོར་བ་ཙམ་དང་ཕྱོགས་རིས་ཀྱི་ཆ་ནས་བྱ་བ་གང་བྱེད་མིན་ ལ་ལྟོས་ཏེ་དེའི་སྐད་ཆ་དང་བསམ་ཚུལ་གྱི་ཤུགས་རྐྱེན་ལའང་ཁྱད་པར་ཆེན་པོ་ཡོང་གི་ ཡོད། ཕྱོགས་རིས་ཀྱི་བསམ་ཚུལ་རྒྱུན་དུ་འཛིན་པའི་འབྲེལ་ཡོད་ཤོག་ཁག་ཚོས་བོད་ཀྱི་ གནད་དོན་ཐད་ངེས་པར་དུ་གནད་འགག་འདི་ཤེས་རྟོགས་ཐུབ་པའི་ཐོག་ནས་བསམ་གཞིགས་བྱ་ དགོས། ངས་འདིར་གནས་ཚུལ་གཅིག་གསལ་པོ་བཟོ་དགོས་པ་ནི། དེ་ཡང་དེ་རིང་ང་ཚོས་ཏཱ་ལའི་བླ་མ་ནི་བོད་ཀྱི་གནད་དོན་གྱི་ལྡེ་མིག་ཡིན་པ་དང་ ཁོང་ནི་༼བོད་ཀྱི་གནད་དོན་༽ དེ་རག་ལས་སའི་ནུས་ལྡན་གྱི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པར་ངོས་ལེན་བྱ་དགོས། དེར་བརྟེན་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་གནས་བབ་དང་འབྲེལ་བའི་བསམ་བློའི་ འཁྱེར་སོར་བརྟག་ཞིབ་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན། ལོ་རྒྱུས་ཀྱིས་ཆོས་ལུགས་དང་ཆབ་སྲིད་ཁ་ཕྲལ་རྒྱུ་ནི་སྤྱི་ཚོགས་ཀྱི་རླབས་ རྒྱུན་ལྡོག་ཏུ་མེད་པ་ཞིག་ཡིན་པའི་དཔང་རྟགས་སྟོན་བཞིན་ཡོད། དེ་དང་མཚུངས་པར་སྲིད་དབང་སྒེར་འཛིན་གྱི་ཞིང་བྲན་ལམ་ལུགས་དེ་དེང་རབས་ཅན་གྱི་ དམངས་གཙོའི་སྤྱི་ཚོགས་སུ་འཕེལ་རྒྱས་འབྱུང་བར་ལོ་ངོ་སུམ་བརྒྱ་ལྷག་ཙམ་འགོར་བ་ དེར་ཡང་ཟློག་ཏུ་མེད་པའི་རླབས་རྒྱུན་ཞིག་ཡོད་པ་སྟོན་གྱི་ཡོད། དེ་བཞིན་ཏཱ་ལའི་བླ་མ་ལྟ་བུའི་སྤྲུལ་སྐུའི་ལམ་ལུགས་ཡོད་པ་ཡང་དེ་དང་གཅིག་ མཚུངས་རེད། འདིའི་སྐོར་ཏཱ་ལའི་བླ་མ་སྐུ་ངོ་མས་ཡང་ནས་ཡང་དུ་གསུངས་ཡོད། དེ་ཡང་ཁོང་གིས་གསུངས་གསལ་དུ། གང་གིས་ཐུགས་མོས་གནང་བཞིན་པའི་དབུ་མའི་ལམ་༼ མིང་དོན་མཚུངས་པའི་རང་སྐྱོང་མ་གཏོགས་རང་བཙན་མི་རྩོད་པ་༽ལ་བསམ་ཤེས་དང༌། གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་བོད་མི་ རིགས་གཅིག་ཏུ་བསྒྲིལ་བའི་མིང་དོན་མཚུངས་པའི་དམངས་གཙོའི་རང་སྐྱོང་སྲིད་གཞུང་ ‘ཞིག་བྱུང་ན། ཁོང་གིས་ཆབ་སྲིད་ཀྱི་གོ་གནས་བཞག་སྟེ་གང་གི་ཆོས་ཕྱོགས་ཀྱི་བྱེད་སྒོར་རྩེ་ གཅིག་ཏུ་གཞོལ་བའི་གྲྭ་པ་དཀྱུས་མ་ཞིག་གནང་རྒྱུ་ཡིན་ལུགས་གསུངས་ཡོད། དེར་བརྟེན་ཏཱ་ལའི་བླ་མ་མཆོག་གི་དམིགས་ཡུལ་ལ་དོགས་པ་བྱེད་དགོས་དོན་མེད་ལ། ཁོང་གི་ལྷག་བསམ་ཟོལ་མེད་དང་སྒེར་དོན་བྲལ་བའི་དགོངས་པར་འཁྱོག་བཤད་དང༌། གང་གི་མཚུངས་ཟླ་མ་མཆིས་པའི་ཐུགས་གཤིས་ལ་རྒོལ་རྡུང་བྱེད་དགོས་དོན་མེད། དེ་ལས་ལྡོག་སྟེ་སྐུ་ཞབས་ཝང་ལི་ཞུང་གིས་གསུངས་པ་བཞིན། ཁོང་ནི་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ལྡེ་མིག་རེད། བཙན་པོའི་མཚེར་ཤུལ།
  
 

19.07.2009 13:24:57

འཔའ་ཕུན་དབང་ལགས་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག

 
 
31.07.2009 15:18:59


 
 
26.08.2009 05:21:29

འདི་རང་ངོས་ནས་བསྒྱུར་བ་ཡིན་ན་དེ་ལྟར་ཡིན་ལུགས་དང་། རང་གིས་བསྒྱུར་བ་མིན་པར་གཞན་གྱིས་བསྒྱུར་བ་ཞིག་འདིར་དྲངས་པ་ཡིན་ན། སྒྱུར་མཁན་ངོ་མ་སུ་ཡིན་དང་གང་ནས་དྲངས་པ་གསལ་པོར་བཤད་དགོས་པ་དེ་བཟང་སྤྱོད་ཅིག་རེད། ནང་དོན་དཔེ་ཡག་པོ་འདུག

 
 
24.12.2009 07:49:54

རེད་རེད

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -