ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

30.01.2012 11:15:34
མཁར་སྒང་བསོད་ནམས་དབང་ལྡན།

༼འདི་ནི་༢༠༡༠།༣།༡༨ཉིན་འགོ་འཛུགས་ཀྱིས་གློ་བུར་དུ་གོ་བདེ་བར་བྲིས་པ་ཞིག་ཡིན་ཡང། ཁྱེད་རང་གིས་ཤེས་བྱ་གོང་འཕེལ་དུ་ཅུང་ཟད་གཏོང་ཐབས་སུ་འགྱུར་བའི་རེ་སྨོན་ཞུ།༽ ༄༅། །བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ངའི་སྙིང་ཁོང་ནས་བརྩེ་བའི་རྦ་རླབས་འཕྱོ་བའི་སྤུན་ཆུང་། མཁྱེན་སྤྱན་ཡངས་པ་ཕུན་དགའ་ལགས། ཁྱེད་ཀྱི་དྲི་བ་དེ་ནི། ཕུ་བོ་ང་ཤིན་ཏུ་དགའ་སྤོབས་སྐྱེ་གཞི་ཞིག་ཡིན་པས། ད་ནས་བཟུང་ངས་ནང་ཆོས་ཀྱི་སྐོར་ཅུང་ཟད་རེ་བརྗོད་པར་བྱ་བས། ཡིད་དང་བ་ཆེན་པོས་ཉོན་ཅིག
ཧ་ཧ། སྤྱིར་ཆོས་ཞེས་པའི་མིང་འདི་ནི། བོད་སྐད་ཀྱི་དབང་དུ་བྱས་ན། སྒྱུར་བཅོས་གཏོང་བའི་དོན་གྱི་སྐུལ་ཚིག་ལས་གྲུབ་པའི་མིང་ཞིག་ཡིན། དེས་ན། ཆོས་ངོ་མ་ནི། རང་གི་སེམས་མ་རུང་བ་ཁོང་ཁྲོ་དང་འདོད་ཆགས་སོགས་མེད་པར་བྱས་ནས། སེམས་བཟང་པོ་དང། བག་ཕེབས་པོ། ཞི་བདེ་ཅན་ཞིག་ཏུ་སྒྱུར་ཐབས་བྱེད་པ་ལ། ཆོས་བྱེད་པ་ཟེར་གྱི་ཡོད་པས། ཆོས་བྱེད་པ་ལ་སྐྱ་སེར་སུ་ཡིན་ཡང་ཁྱད་པར་མེད་ལ། མགོ་སེར་མགོ་ནག་སུ་ཡིན་རུང། མི་ཆེ་ཆུང་སུ་ཡིན་ཡང། སྣ་ཆེན་སྣ་ཆུང་སུ་ཡིན་རུང་ཁྱད་པར་གཏན་ནས་མེད།

འོན་ཀྱང་ནུབ་ཕྱོགས་པའི་ལུང་པར་དེ་སྔོན་ཡེ་ཤུའི་ཆོས་ལུགས་སོགས་དར་ཏེ། ཆོས་ཞེས་པའི་སྐད་དོད་དབྱིན་སྐད་religionཟེར་བ་འདི་ཐོས་པའི་ཚེ། མི་མང་པོས་ཆོས་ཞེས་པ་དད་པ་རྐྱང་པ་བྱས་ཤིང། བརྟག་དཔྱད་གཏན་ནས་བྱེད་མི་ཆོག་པའི་རྨོངས་དད་ཅིག་ལ་གོ་བ་ལེན་གྱི་ཡོད། འོན་ཀྱང་ནང་ཆོས་ནི། ནུབ་ཕྱོགས་པ་ལ་གྲགས་པའི་ཆོས་དེ་འདྲ་བ་གཏན་ནས་མིན་པར། དེ་ལས་བཟློག་སྟེ། དྲང་བདེན་གྱི་རིགས་པ་དང་རྒྱུ་མཚན་གཅིག་མཇུག་གཉིས་མཐུད་ཀྱི་སྒོ་ནས་དཔྱད་པ་གཙོ་བོར་བྱས་ཏེ། ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་བྱེད་པ་ཞིག་ཡིན་པས། མཁས་པ་མང་པོས་གོང་གི་དབྱིན་སྐད་དེ་ཆོས་ཞེས་པའི་སྐད་དོད་དུ་འཚམ་པོ་ཡོད་མ་རེད་ཅེས་བཤད་ཡོད་མོད། གུ་ཡངས་དོག་གཉིས་ལས་ཡངས་པར་བྱས་ནས་ཆོས་ཀྱི་སྐད་དོད་དུ་བསྒྱུར་བའང་ཡོད་དོ། །

དེ་ཙམ་དུ་མ་ཟད། ནང་ཆོས་ནི། དེང་སང་གྲགས་པ་ཆེ་བའི་ཚན་རིག་དང་ཤིན་ཏུ་མཐུན་ཞིང་། ཚན་རིག་གི་མེས་པོར་གྲགས་པའི་ཨཻན་སི་ཊཻན་Einsteinགྱིས་ཀྱང་འདི་འདྲ་ཞིག་གསུངས་མྱོང་ཡོད། གལ་སྲིད་མ་འོངས་པར་ཚན་རིག་དང་དཔུང་པ་མཉམ་གཤིབ་བྱེད་པའི་ཆོས་ཤིག་ཡོད་ན། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཉག་གཅིག་རེད། ཅེས་གསུངས་པ་རེད། དེའི་ཕྱིར་ནུ་བོ་ལགས། དེང་སང་ཕྱི་རྒྱལ་གྱི་ཚན་རིག་པ་གྲགས་ཅན་མང་པོ་ནང་ཆོས་ལ་སྦྲང་མ་འཁོར་བ་ལྟར་ཐུགས་སྣང་གསར་པ་ཞིག་གནང་བཞིན་པའི་སྒང་རེད་ལ། བོད་ཀྱི་ནང་ཆོས་ཞེས་པའང་འཛམ་གླིང་ན་གྲགས་པ་ཆེན་པོ་འབར་བཞིན་པ་རེད།

ནང་ཆོས་ནི་དེང་དུས་ཀྱི་སློབ་སྦྱོང་དང་མཚུངས་པ།

ཡ་ནུ་བོ་ལགས། ནང་ཆོས་ནི། དེང་སང་གི་སློབ་སྦྱོང་ལ་དཔེ་སྦྱར་ནས་བཤད་ན། ཤིན་ཏུ་ཆ་ཚང་ཞིང་ཚད་དང་ལྡན་པའི་ཤེས་ཡོན་ཞིག་རེད། དེའང་གཞི་རིམ་དང། འབྲིང་རིམ། མཐོ་རིམ། ཆེད་ལས་པའི་སློབ་སྦྱོང་ནང་བཞིན་ནང་ཆོས་ལའང་ཐོག་མར་ལས་དང་པོ་བ་རྣམས་ལ་ངོ་སྤྲོད་རགས་རིམ་ཙམ་བྱ་རྒྱུ་དང་། དེ་ནས་འབྲིང་རིམ་དང་མཚུངས་པའི་སློབ་སྦྱོང་སོགས་ཧ་ཅང་འཐུས་ཚང་ཞིག་ཡོད། མ་ཟད། འདིའི་ནང་མདོ་སྔགས་གཉིས་ཞེས་པའི་དབྱེ་བ་གཉིས་ཡོད་པ་དང་། དེ་ནས་མདོ་ལའང། གཞུང་ཆེན་བཀའ་པོད་ལྔ་ཞེས་པའི་སློབ་དེབ་ཆེན་པོ་ལྔ་ཡོད། སློབ་དེབ་རེ་རེའི་སྐོར་ལའང་སློབ་སྦྱོང་ཞིབ་ཆ་བྱེད་ཐུབ་ན། དཔེ་དེབ་བརྒྱ་ཕྲག་དང་སྟོང་ཕྲག་ཡོད་པས། རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་རེད། དེ་ནི་པོ་ཏི་མང་ཉུང་ཙམ་བཤད་པ་ཡིན།

ཡང་སྣ་འཛོམས་ཀྱི་རང་བཞིན་ཅན་ཞིག་ཀྱང་ཡིན་ཏེ། འདིའི་ནང་དེང་སང་གྲགས་བཞིན་པའི་སློབ་དེབ་ཕལ་མོ་ཆེ་དང་འདྲ་བ་རེ་ཡོད་དེ། སློབ་དེབ་དང་པོ་ཚད་མ་རིག་པ་ཞེས་པ་ནི། རྒྱུ་མཚན་གྱི་སྒོ་ནས་སྐད་ཆ་གང་བཤད་པ་དེ་གཏན་ལ་འབེབས་བྱེད་ཅིག་ཡིན་པར་མ་ཟད། སྐད་ཆ་བཤད་པའི་ཚེ་རྒྱུ་མཚན་ཡོད་པའམ་མེད་པ། འབྲེལ་ཆགས་མི་ཆགས། སྔ་ཕྱི་འགལ་བ་ཡོད་མེད་སོགས་ལ་བརྟག་དཔྱད་ཇི་ལྟར་བྱེད་དགོས་མིན། རང་གིས་བཤད་པའི་སྐབས་སུ་སྐད་ཆ་ཡང་དག་པ་འགལ་བ་མེད་པ་ཞིག་ཇི་ལྟར་བཤད་དགོས་མིན་སོགས་ཤིན་ཏུ་ཞིབ་ཚགས་ཀྱིས་བསྟན་ཡོད་པས། རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན། ངེས་པར་དུ་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་སྐོར་ལས་《རྟགས་རིགས་》《བློ་རིག་》སོགས་བོད་ཀྱི་《བསྡུས་གྲྭ་》ཞེས་པའི་དཔེ་ཆ་དེ་ཚོ་ལ་ཅུང་ཟད་རེ་སྦྱང་དགོས་ངེས་རེད། འདི་ནི། ཕྱི་རྒྱལ་ནུབ་ཕྱོགས་པར་གྲགས་པའི་མཚན་ཉིད་རིག་པ་philosophyདང་ཆ་འདྲ་ཞིག་ཀྱང་རེད། རྣམ་པ་ཐམས་ཅད་དུ་མི་མཚུངས་པ་ནི། དེ་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཡང་མང་པོ་ཡོད། ཞིབ་ཏུ་བཤད་ན་མང་པོར་འགྱུར་འགྲོ་བས། ཕྱོགས་ཙམ་བསྟན་ན་དེ་འདྲ་རེད།

སློབ་དེབ་གཉིས་པ་ལྟ་བུ་ནི། ༼འདིར་བཤད་པའི་གོ་རིམ་འདི་ནི། དེང་སང་སེར་འབྲས་དགའ་གསུམ་སོགས་ཆེས་མཐོའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཆེན་མོ་རྣམས་ཀྱི་ལམ་སྲོལ་ལྟར་ཡིན།༽ཕར་ཕྱིན་ཞེས་པ་དེ་ཡིན། འདིའི་ནང་ཕར་ཕྱིན་བཅུ་དང། མངོན་པར་རྟོགས་པ་བརྒྱད་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ་མང་པོ་ཞིག་བཤད་རྒྱུ་ཡོད་ཀྱང་། གོ་བདེ་བོ་བྱས་ནས་བསྡུས་ན། དང་པོ་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་རང་གི་སེམས་པ་བཟང་པོ་ཇི་ལྟར་བྱེད་དགོས་སྐོར། དེའང་མི་ཚེ་གཅིག་ཙམ་ལ་མ་ཡིན་པར། གཙོ་བོར་ལོ་འབུམ་ཕྲག་མང་པོའི་བར་དུ་མིག་རྒྱངས་བསྲིངས་ཏེ། མ་འོངས་ཕུགས་རྒྱང་རིང་པོའི་བདེ་ཐབས་སྐོར་ད་ལྟ་ནས་ཇི་ལྟར་སྒྲུབ་དགོས་ཚུལ། དེ་ལས་བསམ་པ་རྒྱ་ཆེ་ན། རང་ཙམ་མ་ཡིན་པར། གཞན་སྲོག་ཆགས་ཀུན་གྱི་བདེ་སྡུག་གི་ཁུར་རྣམས་རང་གིས་འགན་ལེན་ཇི་ལྟར་བྱེད་དགོས་སྐོར། དེ་འདྲ་བྱེད་དུས་རང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཇི་ལྟར་བྱེད་དགོས་སྐོར་སོགས་ཧ་ཅང་མིག་རྒྱང་རིང་བའི་སློབ་གསོ་ཤ་སྟག་གནང་གི་ཡོད་པ་རེད། འོ་ན་ཚེ་འདིའི་དོན་ཐམས་ཅད་མེད་པར་བྱས་པ་ཡིན་ནམ་ཞེ་ན། དེའང་མིན་ཏེ། ཕུགས་རྒྱང་རིང་པོའི་བདེ་སྐྱིད་ཀྱི་ཆེད་དུ་ཚེ་འདིར་འཇིག་རྟེན་མི་ཆོས་ཀྱི་ཡ་རབས་སྤྱོད་བཟང་གི་རིགས་ཕལ་མོ་ཆེ་ལ་ཇི་ལྟར་བསླབ་ཚུལ་ཡང་བསྟན་ཡོད་པ་རེད།

སློབ་དེབ་གསུམ་པ་ནི། དབུ་མ་ཞེས་པ་གཙོ་བོར་ལྟ་བའི་སྐོར་རེད། ལྟ་བ་ཞེས་པ་ནི། འཛམ་བུ་གླིང་འདིར་སྔོན་ནས་ད་བར་མི་བསམ་བློ་ཞིབ་ཏུ་གཏོང་མཁན་དག་གིས་རྒྱུ་མཚན་དང་རིགས་པ་མང་པོ་ལ་བརྟེན་ནས་འདི་དང་འདི་རེད་ཅེས་ཐག་གཅོད་བྱས་ནས། རང་གི་བློ་ངོ་ལའང་དེ་འདྲ་ཞིག་བཟུང་ཞིང། གཞན་ལའང་འདི་འདྲ་དང་དེ་འདྲ་རེད་ཟེར་བའི་ལྟ་ཚུལ་ལ་ཟེར་བ་ཡིན་པས། འཛམ་གླིང་གི་ཆོས་ལུགས་ཁག་དང། ཐ་ན་སྲིད་དོན་གྱི་ཚོགས་པ་ཁག་སོ་སོ་ལའང་ལྟ་བ་མི་འདྲ་བ་ཡོད་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་ལུགས་ལའང་ལྟ་བ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པའི་ནང་ནས་ལྟ་བ་ལེགས་ཤོས་ནི། དབུ་མ་པའི་ལྟ་བ་དེ་རེད། དེའི་སྐོར་ཤིན་ཏུ་རྒྱས་ཤིང་གསལ་བ་སྔོན་ནས་ད་བར་བྱོན་པའི་འཕགས་བོད་ཀྱི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུས་འགྲེལ་བཤད་གྲངས་ལས་འདས་པ་གནང་བའི་དཔེ་དེབ་སྟོང་ཕྲག་མང་པོ་ཡོད་པ་དེ་དག་ལ་སྦྱོང་བའི་ལུགས་སྲོལ་ད་ལྟའང་ཉམས་མེད་དུ་གནས་ཡོད།

སློབ་དེབ་བཞི་པ་ནི། འདུལ་བ་ཞེས་པ་གཙོ་བོར་དགེ་འདུན་པའམ་གྲྭ་བཙུན་ཕོ་མོ་སོགས་ཆོས་བྱེད་མི་སྣ་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཞི་ཞིང་དུལ་བ། སྒྲིག་ལམ་ཇི་ལྟར་སྲུང་དགོས་སྐོར། ཐ་ན་ཟ་སྟངས་འཐུང་སྟངས་ཡན་ཆད་ཀྱི་བསླབ་བྱ་ཞིབ་ཚགས་པོ་གནང་ཡོད་པ་ཞིག་རེད་ལ། དེ་དག་ཐམས་ཅད་ལ་རྒྱུ་མཚན་ཡང་དག་དང་ལྡན་པ་ཤ་སྟག་ཡིན་པས། ནང་ཆོས་ནི། ངོ་མ་རྨོངས་དད་གཏན་ནས་མ་ཡིན་པར། དེ་ལས་བཟློག་སྟེ། རྒྱུ་མཚན་རྟོགས་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་བྱེད་དགོས་པ་ཞིག་ཡིན་ལ། མིའི་སྤྱི་ཚོགས་ལ་དོན་ངོ་མའི་ཕན་བདེ་སྐྲུན་བྱེད་ཀྱི་ཤེས་བྱ་ཡོན་ཏན་མཆོག་ཏུ་གྱུར་པ་ཞིག་རེད། འདི་དག་བདེན་པ་ཡིན་མིན་ནི། རྗེས་སུ་ཁྱེད་རང་ལ་དུས་ཁོམ་བྱུང་ན་དཔེ་དེབ་མང་ཙམ་ཀློགས་དང་། ཕལ་ཆེར་ཕྱོགས་ཙམ་ཤེས་ངེས་རེད།

སློབ་དེབ་ལྔ་པ། མཛོད་ཅེས་པ་ནི། སྤྱིར་བཏང་གི་ཤེས་བྱའི་སྐོར་ཕལ་མོ་ཆེ་ཤིན་ཏུ་ཞིབ་ཚགས་ཀྱིས་གཏན་ལ་འབེབས་པར་མ་ཟད། ནང་ཆོས་ཀྱི་ཚན་རིག་སྐོར་མང་པོ་ཞིག་ཀྱང་བསྟན་ལ། ཁྱད་པར་དུའང་རྡུལ་ཕྲན་སོགས་ཀྱི་སྐོར་དང་། འཛམ་གླིང་ཆགས་ཚུལ་སོགས་བསྟན་ཡོད་པ་ནི། སྤྱིར་བཤད་རགས་རིམ་ཙམ་ཡིན། འདི་ཡན་ཆད་སློབ་དེབ་སྟེ། ནང་ཆོས་ཀྱི་ཐ་སྙད་ལ་གཞུང་ཆེན་བཀའ་པོད་ལྔ་ཞེས་གྲགས་པ་དེའི་སྐོར་ངོ་སྤྲོད་རགས་ཙམ་ཡིན།

མུ་འགོད་བྱ་རྒྱུ། རྩོམ་འདི་ནི་༢༠༡༠ལོར་འཕྲིན་ཡིག་ཏུ་བྲིས་པ་ཞིག་སྟེ། བཅོས་སླད་མེད་པར་རོལ་མཚོའི་རྦ་རླབས་སུའང་བཀོད་ཟིན་ལ། འདིར་ཡང་མུ་འགོད་བྱ་རྒྱུ་ཡིན་ལགས་པས། དགོངས་ཚུལ་དང་ལམ་སྟོན་ཡོད་པ་ཞུ།


  ནང་ཆོས་སྐོར།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -