ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.01.2012 05:34:27
འཆམ་ར་དྲི་མེད་རྒྱལ་མཚན།

མི་མང་ནི་ནམ་ཡང་ཁྱེད་ཚོའི་འགྲམ་ན་ཡོད།
_____ད་ནི་བོད་ཀྱི་འགོ་ཁྲིད་ཚོ་མ་འཆུག་རོགས།
ཕྱི་ལོ་གསར་པ་འགོ་བཙུགས་ནས་ཕྱི་ཚེས་༢༣ ཉིན་ཁམས་བྲག་མགོ་ནས་ཞི་རྒོལ་བྱས་ཏེ་དགྲ་ནག་གིས་བོད་མི་གཉིས་དམར་གསོད་བཏང་སོང་ལ། བོད་མི་སུམ་ཅུ་ཡན་མན་ཞིག་རྨས་མ་ཚབས་ཆེན་བཟོས་འདུག བོད་མི་བྱིངས་ནི་དྲག་པོའི་མཚོན་ཆ་འཕྱར་བའི་དམག་མི་ཚོས་མེ་མདའ་རྒྱག་ཆོག་ཆོག་གི་གནས་སྟངས་འོག་ལུས་ཡོད། ད་དུང་འདི་ནས་ཧ་མ་གོ་བ་ག་ཚོད་ཡོད་སྲིད་དམ།

དེ་བཞིན་ཉིན་མ་འདིའི་ཕྱི་ཉིན་མ་གསེར་རྟ་ཕྱོགས་ནས་ཞི་རྒོལ་བྱས་ཏེ་བོད་མི་གཉིས་དམར་གསོད་བཏང་འདུག་ལ། ག་ཚོད་རྨས་པ་དང་ག་ཚོད་ཅིག་བཙོན་འཇུག་གིས་དྲག་རྡུང་བྱེད་བཞིན་ཡོད་པ་རེད་དམ། ད་དུང་རྔ་བ་ནི་ནམ་རྒྱུན་ལྟར་ཡར་ལངས་ཀྱིས་ཡར་ལངས་འཐུད་ནས་ཡོང་གིན་འདུག སྤྱིར་གཞིས་ནང་གི་བོད་མི་ཚོས་སྙིང་ནད་དང་དཀའ་སྡུག་མང་པོ་ཞིག་བསྲན་བཟོད་མ་ཐུབ་པ་ཚེ་སྲོག་བློས་གཏོང་གིས་ཡར་ལངས་བྱེད་ཀྱིན་པ་ནི་ནམ་རྒྱུན་ལྟར་རེད་ལ། དམིགས་བསལ་ད་ལྟའི་ཡར་ལངས་འདི་ཚོའི་ནང་ཁ་ཐུག་གི་ན་ཟུག་མང་པོ་ཞིག་འདྲེས་ཡོད། དེའང་ཚེ་སྲོག་མང་པོ་ཞིག་མེར་བསྲེགས་བྱས་ནས་བོད་ཀྱི་དཀའ་སྡུག་འགྲེལ་བཤད་བྱས་ཀྱང་དགྲ་ནག་གིས་ཡ་ལན་གཏན་ནས་སྤྲོད་ཀྱིན་མེད་པ་འདི་དང་། མཉམ་འབྲེལ་རྒྱལ་ཚོགས་ཟེར་བས་ཀྱང་རྣག་ཐོག་གཙགས་ཁེལ་གྱི་ཁ་དང་ལག་པ་འགུལ་གྱིན་མེད་པ་འདི་ཚོ་རེད།

དེས་མ་ཚད་ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་བོད་ནང་གི་གནས་སྟངས་ལ་བློ་འཚབ་ཡོད་ཅེས་པ་དང་། བོད་རྒྱ་གྲོས་མོལ་དགོས་པའི་བསྒྲགས་གཏམ་སྤེལ་བ་ཙམ་ལས། དེ་དག་གིས་དོན་དམ་པའི་ཁོར་ཡུག་ཅིག་སྐྲུན་རོགས་བྱེད་ཀྱིན་མེད་པ་འདི་རྣམས་རེད། རྒྱུ་མཚན་འདི་དག་གིས་ད་ལྟའི་བོད་ནང་གི་གནས་སྟངས་འདི་༢༠༠༨ ལོའི་གནས་སྟངས་ལས་ཐུ་བའི་ཡོངས་ཁྱབ་ཀྱི་ཡར་ལངས་ཤིག་ཏུ་འགྱུར་མི་སྲིད་པ་གཏན་ནས་མིན་ལ། ཁོང་ཚོས་ཐབས་ལམ་ཅི་ཞིག་འཚོལ་སྲིད་པའང་ཚོད་དཔག་ཐུབ་དཀའ་བ་ཞིག་རེད། དེ་ནི་འུ་ཐུག་སོང་བ་ཁོ་ནས་ཡིན་པས། དེའི་འགན་ཁུར་ཆ་ཚང་དགྲ་ནག་གཞུང་ལ་ཡོད་པ་ཡིན།

གང་ལྟར་ཡང་གནས་ལུགས་ཧྲིལ་གྱིས་དྲིལ་དུས་བོད་ཀྱི་ཚེ་སྲོག་གི་བདག་པོ་ནི་བོད་མི་ཡིན་དུས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་ད་རེས་གློ་བུར་དུ་བྱུང་སོང་བ་ཞིག་མིན་ལ། འདི་ལྟར་མི་ཡོང་བའི་ཚོད་དཔག་མི་ཐུབ་ས་ཞིག་ཀྱང་མིན། དེས་ན་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡུལ་བྱོལ་བ་ཚོ་བོད་མིའི་ཚེ་སྲོག་སྲུང་མཁན་ཡིན་པས། ད་ནི་ཐབས་ལམ་གང་ཞིག་ཡོད་ཀྱང་སྟོན་རན་སོང་།

དེ་བཞིན་དགྲ་འོག་ཏུ་ཡོད་པའི་རྒྱ་རིགས་ཤེས་ཡོན་པ་དང་གཟུར་གནས་པ་ཡིན་ཟེར་མཁན་ཚོས་ཀྱང་གདོང་ལ་ཐོན་ནས་རྒྱ་ནག་མི་མང་ལ་གསལ་བཤད་དང་། གནས་སྟངས་འདི་དག་གི་དཔང་པོར་བྱེད་རན་རེད། དེ་བཞིན་རྒྱ་རིགས་བྱིངས་ལའང་ཤ་དང་པགས་པའི་གསེང་དུ་རུས་གོག་འདྲ་ཡོད་ན། རང་ཉིད་ཀྱི་མགོ་བོ་ཚུན་ཆད་ནས་འཚོལ་རན་སོང་།

སྤྱིར་བཏང་བོད་ཀྱི་རང་བཙན་རྩོད་ལེན་པ་དང་དབུ་མའི་ལམ་རྩོད་མཁན་སུ་ཞིག་ཡིན་ཀྱང་བོད་ཀྱི་རྩ་དོན་རྩོད་སྒྲུབ་ཀྱི་རིགས་ལམ་ཁུངས་འཕེལ་ཞིག་མེད་རབས་ཀྱིས་ཕན་ཚུན་ཟུར་ཟ་ག་ཚོད་བྱས་ཀྱང་། དོན་ལ་དགྲ་ལག་ནས་སྒུག་རྒྱུ་ཙམ་ལས་སུ་ལའང་རྩོད་སྟངས་ཁྱད་པ་བ་ཞིག་སྟོན་རྒྱུར་བྱུང་མེད། འོན་ཀྱང་འདི་ནས་དབུ་རང་གི་རྩོད་མཁན་གཉིས་ཆ་ལ་འདྲི་རྒྱུར། བོད་མི་ཚོས་རང་ལུས་བསྲེགས་པ་དང་དགྲ་ནག་གིས་གསོད་པ་སོགས་ཀྱི་གནས་སྟངས་འོག་བོད་མི་རྫོགས་བྱུང་ན་དེ་དུས་ཁྱེད་ཚོས་གང་ཞིག་བྱེད་འཆར་ཡོད་དམ་ཞུ་བ་དེ་ཡིན། ད་དུང་སྒུག་རྒྱུ་ཡིན་ནམ། དྲི་བ་འདིའི་ལན་གསལ་གསལ་ཞིག་གནང་ན། མི་མང་ལ་བསམ་རྣོ་གཏོང་རྒྱུའི་ཁྱད་པར་ཀྱང་ཡོད་སྲིད།

དེ་མིན་དེ་སྔོན་གཞུང་དམངས་གཉིས་ཀྱི་ལས་འགུལ་དང་མི་མང་ལས་འགུལ་ཆེན་མོ། གོམ་བགྲོད་དང་མར་མེའི་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་དང་འབོད་བསྐུལ། སྐད་འབོད་དང་བསྒྲགས་གཏམ་དེ་ཚོས་ཕན་ཐོགས་ཕྲན་ཚེགས་བྱུང་ཀྱང་། ཚེ་སྲོག་སྐྱོབ་རྒྱུར་ཁག་པོར་བྱུང་ཡོད། བལྟས་ཚོད་ལ་དེ་དག་གིས་དགྲ་ནག་གི་བ་སྤུ་ཙམ་ཡང་འགུལ་ཐུབ་ཀྱིན་མི་འདུག་ལ། རྒྱལ་ཚོགས་ཀྱི་སྒོ་འགྲམ་དུའང་འབྱོར་ཀྱིན་མི་འདུག་པས། ད་ནི་ཐབས་ལམ་གསར་པ་ཞིག་ཅིས་ཀྱང་སྟོན་རན་སོང་། ད་དུང་ཡང་ངོ་རྒོལ་སྐད་འབོད་ཙམ་དང་། འབོད་བསྐུལ་གྲོས་ཆོད་ཙམ་གྱི་སྒུལ་སྐྱོད་ཡིན་ན། ད་ནི་འཆར་གཞི་གོ་རིམ་ཅན་ཞིག་མེད་སོང་བ་རེད་ལ། རྩོད་སྟངས་གདེང་ཚོད་ཅན་ཞིག་མེད་སོང་བས་མ་ཟད། དོན་དམ་པའི་འགན་ཁུར་གྱི་གྲ་སྒྲིག་མེད་སོང་བ་རེད། གནས་སྟངས་དེ་འདྲའི་ཐོག་ནས་བོད་ནང་གི་བོད་མི་ཚོར་སེམས་ཤུགས་སྤར་ནས་མདུན་མཆོང་གནང་གིན་པ་དང་། འདི་ནས་སྒྲིག་འཛུགས་དང་བོད་ཀྱི་རྩ་དོན་རྩོད་མཁན་གྱི་གཞུང་སྒེར་གང་གི་མིང་སྤྱད་ཀྱང་ཡོད་མེད་ཀྱི་ཁྱད་པར་དེ་ཙམ་མེད་སོང་བ་རེད།

གོ་སྐབས་དམ་འཛིན་བྱེད་དགོས་རེད་གསུང་མཁན་ཚོར་མཚོན་ན། རང་ལུས་མེར་བསྲེགས་ཀྱིས་རང་དབང་རྩོད་པ་དང་། ཆོས་དད་རང་མོས་རྩོད་དེ་དྲག་གནོན་གྱིས་དམར་གསོད་བྱས་པ་སོགས་ནི་གོ་སྐབས་ཤིག་ཡིན་ངེས་ལ། ཁྲིམས་མཁས་པ་ཚོར་མཚོན་ན་འདི་ལ་ཁྲིམས་ལུགས་རྩོད་རྒྱུ་ཞིག་ཏན་ཏན་ཡོད་སྲིད། དེ་བཞིན་དབུས་སྒྲིག་འཛུགས་སྤྱིར་དང་སྔོན་ཞིག་ནས་ཡོད་པའི་སྒེར་ཚོགས་ཚོའི་ཕྱི་ནང་གསང་གསུམ་གྱི་བོད་དོན་རྩོད་ཐབས་དེ་མར་མེའི་ཁྲོམ་སྐོར་དང་ཨག་སྐད་རྒྱུག་རྒྱུ་ཙམ་མིན་ན། ད་ནི་ཆོ་འཕྲུལ་མེ་སྟག་མཆེད་མཆེད། རིགས་ལམ་གཟེར་རྒོད་ལངས་ལངས་སྐོར་རན་བྱུང་། འཆར་གཞི་ཨང་གསར་ཡོད་ན་མི་མང་ནི་ནམ་ཡང་ཁྱོད་ཚོའི་འགྲམ་ན་ཡོད་ལ། ཁྱོད་ཚོའི་སྔུན་ནས་ཀྱང་འགྲོ་གིན་ཡོད་དོ། ༢༠༡༢་༡་༢༥་ཉིན།


  རྡོག་རྩ་ཆིག་སྒྲིལ
 

25.01.2012 07:11:27

འོ་འཆམ་ར་བས་ཡག་པོ་གསུངས་འདུག ད་ངོ་མ་གཞུང་དང་སྒེར་ཚོགས་དག་ལ་འདི་བྱ་དེ་བྱེད་ཅིག་མེད་ན། མི་མང་རང་ཐག་རང་གཅོད་བྱེད་པའི་དུས་ལ་བབ་པ་རེད། དེ་ཡང་ཉིན་ཞག་རེ་གཉིས་ཙམ་མ་ཡིན་པར་ལོ་དང་ཟླ་བ་མཐུད། རྒྱ་ཕྱོགས་ནས་བོད་ནང་དྲག་གནོན་མཚམས་མ་གཞག་བར་དང་། བོད་པ་རང་ཉིད་ལ་དག་པའི་འཁོར་ཡུག་གི་ཐོབ་ཐང་མ་རག་བར་དུ། བློས་གཏོང་ཅི་ཞིག་དགོས་ཀྱང་མགྱོག་ནས་མྱུར་དུ་ཕྱི་བཤོལ་དང་ཐང་ལྷོད་མེད་པར་བྱེད་རན་རེད།

 
 
25.01.2012 08:25:37

བླ་མ་གཅིག་ལ་དད་པ་བྱེད་ཆོག་མིན་གྱིས་གནས་ཚུལ་འདྲ་བོ་མཐོང་གི་འདུག། དངོས་གནས་དེ་འདྲ་ཡིན་ན་ནི་བོད་མི་ཚང་མ་དང་འབྲེལ་བ་མི་འདུག་ལ་དོན་དངོས་ཐོག་དེ་རང་དོན་ཙམ་ལས་མི་རིགས་ཀྱི་འཐབ་རྩོད་ཟེར་དེ་འདྲ་མ་རེད་ལ་ཆོས་བྱེད་ཆོག་མིན་གྱི་ཆེད་དུ་ཡིན་ན་ཡང་མི་རིགས་ཀྱི་འཐབ་རྩོད་ཟེར་གྱི་མ་རེད་ལ། མི་རིགས་ཀྱི་འཐབ་རྩོད་ཟེར་ཡ་དེ་མི་རིགས་ཀྱི་བདག་དབང་ལ་རྩོད་ལེན་བྱེད་མཁན་ཞིག་ཡིན་དགོས་པ་ལས་གཞན་ཆོས་དང་བླ་མ་ལ་དད་མོས་རང་དབང་མེད་པ་དེ་རྒྱུ་མཚན་ལྡན་པ་རེད་ཡིན་ན་ཡང་དེ་ཧ་ལས་དགོས་ཡ་དཀའ་ངལ་ཆེན་པོ་མ་རེད་ལ་བོད་མི་ཚང་མས་གུས་བསྐུར་བྱེད་ཡ་ཡང་མ་རེད། གལ་སྲིད་ཁྱེད་ཚོས་ལས་འགུལ་འདྲ་སྤེལ་ཡ་ཡིན་ན་རྩ་དོན་ཡོད་པ་ཞིག་གནང་རོགས་འཇུག་ས་ཟིན་ས་མེད་པའི་ལས་འགུལ་དེ་འདྲ་མ་སྤེལ་རོགས།

 
 
25.01.2012 08:39:31

སློབ་དཔོན་དྲི་མེད་ལགས། བཀའ་མོས་གནང་བར་ཡག་པོ་བྱུང་། སྤྱིའི་ཆ་ནས་ང་རང་ཚོས་རང་བཙན་དང་རང་སྐྱོང་གང་རྩོད་ཀྱང་རྒྱ་དམག་གིས་བསད་རྐྱང་བྱས་བསྡད་པ་རེད། ༢༠༠༨ལོར་བོད་མི་སྟོང་ཕྲག་མང་པོས་ཚེ་སྲོག་ཤོར། དེ་ནས་མུ་མཐུད་ནས་ད་ལྟའི་བར་དུ་བསླེབས་པ་རེད། འགོ་ཁྲིད་ཚོས་མ་མཆུག་དང་མི་དམངས་ཁྱེད་ཚོའི་འཁྲམ་དུ་ཡོད་གསུངས་པར་བདེན། ཡིན་ནའང་ལས་འགན་སྦེལ་དུས་ཆབ་སྲིད་ཀྱི་ཁ་ཕྱོགས་གཅིག་མཚུངས་མེད་པ་དང་འབོད་ཚིག་མི་མཐུན་པ། བོད་མི་རིགས་སྥྱིའི་འབོད་ཚིག་ནུས་པ་ཅན་མེད་པས་ལས་འགན་ལ་དཀའ་ངལ་ཡོད་པ་དངོས་ཡོད་རེད།

ངས་བསམ་ཚུལ་བྱས་ན་ང་ཚོ་ལ་བསྒྲུབ་བྱ་དམིགས་ཡུལ་གཅིག་དང་འབོད་ཚིག་གཅིག་མཐུན་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགན་སྦེལ་དགོས་པ་འདོད། དེ་མིན་ས་ཕྱོགས་མི་འདྲ་བ་རེ་ལ་སྐད་འབོད་མི་འདྲ་བ་རེ་དང་ཚོགས་ཁག་མི་འདྲ་བ་རེས་འབོད་ཚིག་མི་འདྲ་བ་རེ་འབོད་བསྡད་ན་འཛམ་གླིང་སྤྱི་དང་ལྷག་པ་ཏུ་གུན་ཁྲན་ཏང་གིས་ཀྱང་ང་ཚོ་ལ་ག་རེ་དགོས་ཀྱི་ཡོད་མེད་མི་ཤེས་པ་ཞིག་ཆགས་འདུག་སྙམ།

ད་ནི་ངོ་རྒོལ་གྱི་ལས་འགན་སྦེལ་དགོས་དུས་འགོ་ནས་སྲིད་འཛིན་བློ་བཟང་སེང་གེ་མཆོག་གཙོ་བོ་བྱེད་ནས་བཀའ་བློན་དང་སྤྱི་འཐུས། དྲུང་ཆེ་དང་དྲུང་གཞོན་རྣམས་པ་སྔོན་དུ་ཐོན་དགོས་པ་འདོད། བོད་མི་ཉམ་ཆུང་ཚོ་སྔོན་དུ་ཐོན་ནས་སྲོག་བློས་བཏང་གིས་ངོ་རྒོལ་བྱས་ཀྱང་གྲུབ་འབྲས་མ་ཐོན། ད་ནི་འགོ་ཁྲིད་རྣམས་པ་སྔོན་དུ་ཐོན་ནས་སྐད་འབོད་དང་ངོ་རྒོལ་བྱས་ན་མི་དམངས་འགོ་ཁྲིད་རྣམས་པའི་རྗེས་སུ་ཡོད་པ་འདོད། སྔོན་མ་རྒྱ་གར་གྱི་རང་བཙན་བརྩད་སྐབས་སུ་མ་ཧ་མ་དགའ་ཏན་མཆོག་སྔོན་དུ་ཐོན་ནས་ངོ་རྒོལ་གནང་བ་ལྟར་བཀའ་སྤྱི་གཉིས་སྔོན་དུ་ཐོན་ནས་ངོ་རྒོལ་གྱི་སྣེ་འཁྲིད་དགོས་པ་འདོད་དོ།

 
 
25.01.2012 08:57:11

བཙན་བྱོལ་ནང་དུ་ངོ་རྒོལ་བྱས་སྐབས་རྣམ་པའི་ཐོག་ནས་མི་རེའི་ལག་ཏུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་རེ་ཁུར་ནས་རང་བཙན་རྩོད་ཀྱི་ཡོད་པའི་ཟོལ་དང་འབོད་ཚིག་གི་ཐོག་ཏུ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང། འགྲོ་བ་མིའི་ཐོབ་ཐང་སོགས་རྩོད་ཀྱི་ཡོད་པའི་ཟོལ་འདྲ་བྱས་བསྡད་པ་རེད། གཞུང་གིས་ངོས་ནས་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པའི་ཟོལ་འདྲ། མི་དམངས་ཀྱིས་ངོས་ནས་རང་བཙན་རྩོད་ཀྱི་ཡོད་པའི་ཟོལ་འདྲ། ད་གང་ལ་ཆགས་བཞག་དགོས་པ་རེད་དམ།

གཉིས་ནས་་ཁྱིམ་ཚང་གཅིག་ཡིན་ནའང་བཟའ་མི་བུ་ཕྲུག་ཁ་མ་མཐུན་ན་བྱ་བ་བསྒྲུབ་མི་ཐུབ་པ་ལྟར་བོད་མི་རིགས་འདི་ལ་གཅིག་མཐུན་གྱི་བསྒྲུབ་བྱ་དང་འབོད་ཚིག་ནུས་པ་ཅན་གཅིག་མཐུན་དགོས། རྣམ་འགྱུར་སྟོན་སྟངས་ཡང་གཅིག་པ་དགོས་པ་འདོད། དེ་མིན་ན་ངོ་རྒོལ་བྱེད་ནའང་ནུས་པ་ཐོན་གྱི་མ་རེད་སྙམ།

 
 
25.01.2012 16:20:51

འཆམ་ར་དྲི་མེད་ལགས། ཁྱེད་ནི་རྟག་ཏུ་དྲང་པོ་གསུངས་མཁན་མི་ཞིག་རེད། ཁྱེད་ཀྱིས་གསུངས་བབ་དེར་གསར་གཏོད་གྱི་གནད་ལུགས་འདུག་ལ། འགུལ་སྤྱོད་ཀྱི་སློབ་བྱ་ཡང་འདུག། དངོས་གནས་རེད་ཡ། ངེད་ཚང་གི་རང་དབང་གི་ཆེད་དུ་འགུལ་སྤྱོད་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་ངེས་པར་དུ་སྒྱུར་དགོས་ཀྱི་འདུག། དེ་ནི་འདས་པའི་མི་ལོ་ལྔ་བཅུ་ལྷག་གི་ལས་འགུལ་གྱིས་གྲུབ་འབྲས་མེད་ནས་རེད།

ད་ལྟ་བར་དུ་ངེད་ཚང་གིས་བོད་མིའི་བདེ་དོན་གྱི་ཆེད་དུ་བྱས་བྱས་དང་འཇོན་འཇོན་གྱི་ཁས་དབྱངས་ཇི་ཙམ་བསྒྲགས་ཀྱང་དོན་དངོས་ཐོག་བོད་པ་ཚང་གི་རང་དབང་ནི་འཛམ་བུ་གླིང་གི་མི་རིགས་ཀུན་དང་མི་འདྲ་བས་ཆེས་སྡུག་ཤས་དང་། ཆེས་ཛ་དྲག་ཤས་སུ་གྱུར་དང་འགྱུར་བཞིན་ཡོད། འོན་ཀྱང་གོ་ལ་འདིའི་སྟེང་དུ་རྒྱལ་ཁབ་དང་དཔོན་རིགས། ཚོགས་པ་དང་མིང་གྲགས་ཅན་གྱི་མཁས་དབང་སོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིར་ཀུན་སྙོམས་ཀྱི་ཁྲིམས་དང་སྒྲིགས་གཞི་དེ་དག་ཚིག་སྙན་གྱི་ཁ་དབྱངས་དེ་འཛམ་བུ་གླིང་དུ་ཁྱབ་བཞིན་ཡོད་ཀྱང་ངེད་བོད་པ་ཚང་ནི་ཁྲིམས་སྒྲིགས་དེའི་ཕྱིར་རོལ་དུ་བདག་མེད་ཀྱི་གྲོགས་མེད་ཁེར་རྐྱང་དུ་་གྱུར་དགོས་དོན་གང་ཡིན་ནམ། མཐའ་སྡོམས་ནས་ཞུ་ན་དེང་སྐབས་བོད་མི་རིགས་འདི་ནི་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རའི་ནང་དུ་ཚུད་མེད་པས་ཁྲིམས་ཀྱི་ཆེད་མཁས་པ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཉམས་ཞིབ་གནང་མཁན་གངས་ཅན་པ་དག་གིས་ངེད་ཚང་གི་ཐོབ་ཐང་དེ་རྣམས་རྒྱལ་སྤྱིའི་ཁྲིམས་སར་སྐྱེ་རྒྱུ་གོ་སྐབས་ཞིག་འཚོ་ན་མི་ལེགས་སམ། དེའི་དོན་དུ་འཚེ་བ་མེད་པའི་ཐོག་ནས་རྒྱལ་ཚོགས་ཀྱི་ལྟེ་གནས་ཁག་ལ་ཟས་གཅད་དང་ངག་གཅད་སོགས་ངོ་རྒོལ་གྱི་རྣམ་པ་འདྲ་མིན་སོགས་ཀྱི་མཚོན་རང་དབང་ལུང་པར་རང་དབང་དེ་དག་བེད་སྤྱོད་གནང་རྒྱུ་གལ་ཆེ་མཐོང་།

གཟིགས་དང་དཔྱོད་ལྡན་གངས་ཅན་པ་དག། སྔ་ལོར་ཡུ་རབ་ཏུ་མི་རིགས་རང་དབང་གི་ཆེད་དུ་མི་གཅིག་གི་ཚེ་སྲོག་ཕུལ་བའི་རྐྱེན་གྱིས་འཛམ་གླིང་རྒྱལ་ཁབ་ཆེ་ཚོད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་མང་དག་ཞིག་གིས་མཉམ་མཐུན་གྱི་འོག་ནས་མི་ཤུགས་དང་རྒྱུ་ཤུགས་ཚོད་མེད་བཏང་ནས་ཡུལ་ལུང་མང་པོར་རང་དབང་ཐོབ་དང་ཐོབ་བཞིན་ཡོད། འདི་ལོ་གཅིག་པུར་བོད་མི་དཔལ་བོ་དཔལ་མོ་ག་ཚོད་ཀྱིས་ངེད་ཚང་རང་དབང་གི་ཆེད་དུ་ཚེ་སྲོག་ཕུལ་སོང་། བོད་མི་རྒྱ་ཕྲག་མང་པོའི་ཚེ་སྲོག་གིས་འགྲོ་མགྲོན་དེར་གསོན་ལུས་སྒང་པ་ཚང་གིས་དྲིན་ལན་ཇི་ལྟར་མཇལ་ལམ།

འགོ་བཀའ་ཁྲི་ནས་བཟུང་འཇུག་ང་རང་ཉིད་ཀྱི་བར་གྱི་གངས་ཅན་པའི་རིགས་སུ་གཏོགས་པ་ཡོད་ཚོད་ལང་ཤོགས། ཕོ་རྒོད་མོ་རྒོད་ཁ་ཤས་ཀྱིས་ཚེ་སྲོག་ངེད་ཚང་གི་ཆེད་དུ་ཕུལ། ངེད་རྣམས་ཁོང་རྣམ་ཚོར་་ལྟས་ནས་བསྔོ་སྨོན་འདྲ་གནང་ནས་མ་བཞུགས་རོགས། ལས་འབྲེས་ལ་ཡང་མི་རུང་། སྒང་པ་ཚང་ཆིག་སྒྲིལ་གྱིས་གངས་ཅན་པའི་ལས་དབང་དང་། སྡུག་གི་ཁུར་པོ་མཉམ་ཁུར་དང་། སྐྱིད་ཀྱི་མི་ཚེ་མཉམ་སྤྱོད་ཞུ་དགོས། གོ་སྐབས་འདི་ཤོར་མི་ཉེས། གསོལ་འདེབས་དང་བསྔོ་སྨོན་དེས་མི་ཕན། དེ་ནི་སེམས་ཀྱི་ཚོ་བ་ཞིག་ཡིན་པས་སེམས་ཚོ་ཙམ་གྱིས་བྱ་བ་དངོས་ལ་འགྱུར་བ་མི་ཐེབས། ད་ལྟ་ང་ཚོའི་དགོས་འདོད་དང་འབོད་སྒྲ་ནི། རང་བཙན་མིན་ལ། ས་གནས་རང་སྐྱོངས་ཡང་མིན། དེ་གཉིས་བར་གྱི་རྩོད་པ་ཡང་མེད། དམིགས་སྔོན་ང་ཚོའི་དགོས་འདོད་དང་འབོད་སྒྲ་ནི་རང་དབང་ཡིན། ཕྱོགས་མཚམས་མེད་པ་གངས་ཅན་ཚང་མ་རང་དབང་གི་དོན་དུ་ལང་ཤོགས།།

 
 
25.01.2012 22:50:10

མི་རབས་འདིའི་ཆེད་དུ། མི་རིགས་འདིའི་ཆེད་དུ། ཕ་སྐད་འདིའི་ཆེད་དུ། ཕ་ཡིག་འདིའི་ཆེད་དུ། ངོ་རྒོལ་བྱས་ནས་ཚེ་སྲོག་ཤོར་ཟིན་པ་དང་བྱེད་བཞིན་པ་རྣམས་ལ་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་བླ་མེད་ཆེ་ཞེས་ཞུ་འདོད་བྱུང་། དེ་ཙམ་གྱི་ག་ལ་ཕན། འདི་ནས་ཀྱང་་་་་་།

 
 
26.01.2012 03:12:20

དྲ་གྲོགས་མང་པོ་ཞིག་ཕེབས་ནས་རང་ཅག་བོད་ཀྱི་ཡིད་སྐྱོ་བའི་གནས་སྟངས་འདིར་དོ་སྣང་གནང་གིན་པར་མཐོང་དུས་སེམས་ཏོག་ཙམ་དགའ་སོང་། དེ་བཞིན་ང་ཚོས་མགོ་མཇུག་ཚང་ནས་ཕྱར་གྲུ་མཉམ་འདེད་དང་ནུས་ཤུགས་མཉམ་འདོན་གྱིས། ཅོ་རི་བས་བཤད་པ་ལྟར། དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག འཐབ་རྩོད་གཅིག་དང་རྩོད་སྟངས་མི་འདྲ་བའི་ཐོག་ནས་གཅིག་རྒྱབ་གཉིས་ལངས་དགོས་པ་ལས། གཅིག་ཡོད་དུས་གཅིག་མེད། གཉིས་ཀ་མེད་དུས་ཐབས་ཅད་མེད་སྡོད་པ་འདྲ་འདིས་ང་ཚོ་ལོ་ནག་གི་གྲངས་༥༢ ཐུག་སོང་ངོ་། གང་ལྟར་གནམ་ཞིག་ཡོད་པ་འདིས་ད་དུང་གནམ་བལྟས་བྱས་ཡོད་ལ། དམངས་ཤིག་ཡིན་དུས་གྲ་སྒྲིག་ཀྱང་ལོས་དགོས

 
 
27.01.2012 01:44:29

ཡ་ད་འོ་ན། ང་ཚོ་ཚང་མས་ཁ་རུག་རུག ཁ་སྤུ་ཤིག་ཤིག་གིས་མི་རེ་ངོ་རེ་ནས་རྒྱལ་སྤྱི་ནང་ཤུགས་རྐྱེན་སྤྲོད་ཐུབ་པ་དང་རྒྱ་གཞུང་ལ་ཡ་ལན་མི་སྤྲོད་ཐབས་མེད་བཅས་
བཟོ་ཐུབ་པའི་ལས་འགུལ་གསར་པ་ཅི་འདྲ་ཞིག་སྤེལ་ན་ལེགས་ཚུལ་རེ་ཤོད་དང་། ངས་བལྟས་ན་བོད་མི་ཡོངས་ཀྱིས་༸གོང་ས་མཆོག་ལ་གདུང་ཤུགས་དྲག་པོས་གསོལ་འེདབས་ཀྱིས་ལྡི་ལིར་གྷན་དྷི་ཡི་ཕུང་པོ་ཡོད་ས་ནས་ཞི་བའི་གོམ་བགྲོད་ཀི་ལོ་མི་ཊར་གཉིས་གསུམ་ཁོང་དང་བོད་ཀྱི་བླ་ཆེན་རྣམས་ཀྱིས་དབུ་འཁྲིད་ནས་མི་མང་ཁྲི་ཕྲག་ཁ་ཤས་ཀྱིས་གནང་ཐུབ་ན་དེས་བོད་ནང་ཡོད་པའི་བོད་མི་ཚོ་བློ་སྟོབས་འཕེལ་བ་དང་རྒྱལ་སྤྱི་ནང་ཚང་མས་དོ་སྣང་ཆེན་པོར་སླེབས་ཐུབ་པའི་རེ་བ་ཡོད། གཞན་ཡང་དེ་དང་ལྷན་གཅིག་ཏུ་གཞོན་ནུ་དང་ཆུ་སྒང་སོགས་ཀྱིས་གོ་བསྒྲིགས་ཀྱིས་བློ་སྟོབས་བསྐྱེད་ནས་དྲག་པོས་ལས་འགུལ་ཤུགས་ཤེར་དང་བོད་ཀྱི་ས་མཚམས་བརྒལ་ཏེ་ཁ་དོན་མཚུངས་པ་འགྲོ་ནས་ངོ་རྒོལ་སོགས་བྱེད་རྒྱུ་སོགས་ནི་དུས་ལ་བབས་པ་དང་ཞི་དྲག་ཟུང་འབྲེལ་ལ་ནུས་ཤུགས་དཔེ་མེད་ཅེས་ཡོད་རེད་བསམ་གྱི་འདུག་ལ་བྱེད་རན་འདུག་བསམ་མོ། དེ་མིན་བཀའ་ཁྲི་སོགས་ཀྱི་དབུ་འཁྲི་ཚོས་སྨོན་ལམ་འདེབས་བཞིན་སྡོད་ན་ཅི་ཡང་ཡོང་རྒྱུ་མེད་འདོད། སྨོན་ལམ་འདེབས་རྒྱུ་ནི་བོད་པས་མང་དྲགས་མེད་ན་ཉུང་དྲགས་མེད། དེ་ཙམ་གྱིས་དེར་ཅི་ཡང་མི་ཕན་པ་ཕལ་ཆེར་ངེས་ཡོད་ཚད་ཡིན།

 
 
28.01.2012 06:00:41

དགེ་བཤེས་སྨྱོན་པ་རང་ཡིན་་་་་༸རྒྱལ་རིན་པོ་ཆེ་ལགས་ཀྱིས་འཇོན་གྱི་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་པས་་་་་་་མཁས་པའི་ཉམས་འདུག་་་་དགེ་བཤེས་ལྷ་རམས་པ་རང་ཡིན་་་་་་དགེ་ལུགས་པའིདགེ་བཤེས་རང་ཡིན།

 
 
27.01.2012 02:51:06

བོད་ཀྱི་བང་ཆེན་ནང་དཔྱོད་རྩོམ་འདི་འདུག་པས་གུས་པའི་བསམ་ཚུལ་དང་ཤིན་ཏུ་མཐུན་པ་དང་གོ་རྒྱུ་ཆེན་པོ་འདུག་སྟབས་ངས་འདིར་བཀོད་པ་ཡིན། གཟིགས་མེད་མཁན་ཚོས་གཟིགས་རོགས།
ཕྱི་ལོ་༢༠༡༢ ལོ་གསར་དུ་ཚེས་སོང་བ་དང་བོད་ནང་གི་ཛ་དྲག་གནས་སྟངས་ཉིན་རེ་ནས་ཉིན་རེ་བཞིན་ཆེ་ཆེར་འགྲོ་བཞིན་འདུག ཕྱི་ལོ་༢༠༡༢ ཚེས་པ་ནས་བཟུང་རྔ་པ་ཁུལ་ནས་བོད་མི་གསུམ་གྱིས་རང་ལུས་མེར་བསྲེག་བཏང་སོང་ལ།
མགོ་ལོག་སྟོང་སྐྱབས་དགོན་པའི་སྤྲུལ་སྐུ་བསོད་བསོད་ནམས་དབང་རྒྱལ་མཆོག་གིས་ཀྱང་རང་ལུས་མེར་བསྲེག་བཏང་སོང། ཕྱི་ཚེས་༡༦ ཉིན་གསེར་རྟ་རྫོང་དུ་ཞི་བའི་ངོ་རྒོལ་བྱས་ཤིང་། ཁ་སང་གསེར་རྟ་རྫོང་དུ་ཞི་རྒོལ་བ་གང་མང་ཤི་རྨས་བཏང་བ། ཉིན་གཉིས་ཀྱི་སྔོན་ཁམས་བྲག་མགོ་རྫོང་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་དྲག་གནོན་བྱས་ནས་བོད་མི་ཁག་ཅིག་གི་གཅེས་སྲོག་ཤོར་སོང་ལ། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཏང་སོང་། བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་གི་ས་ཁུལ་ཁག་ཅིག་ཏུ་དུས་འཁོར་དབང་ཆེན་ཞུ་བར་བཅར་མཁན་རེ་ཟུང་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་དང་བོད་པའི་སྒྲིག་འཛུགས་ཁག་གིས་ད་ལྟའི་ཆར་ག་རེ་བྱེད་དགོས་མིན་གྱི་ཐད་ལ་མགོ་འཐོམས་པ་ལྟ་བུར་གྱུར་འདུག བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་མཚུངས་གྲ་སྒྲིག་ཅིག་ཡོད་དགོས་ལ། གནས་ཚུལ་གང་དང་གང་ཐོན་ཡང་དེ་དག་ལ་གདོང་ལེན་བྱེད་པའི་ཐབས་ཤེས་ཡོད་དགོས་པ་ལྟ་བུར་གྱུར་ཡོད། འོན་ཀྱང་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ལ་འཐུས་ཚང་གི་གྲ་སྒྲིག་ཡོད་པའི་བཟོ་ལྟ་མི་འདུག་ལ། ལམ་ཕྱོགས་བོར་བའི་མགྲོན་པོ་བཞིན་ཇི་བྱེད་གང་བྱེད་མི་ཤེས་པ་ལྟ་བུར་གྱུར་ཡོད་པར་སྣང་། འདས་ཟིན་པའི་གནས་སྟངས་དང་། ཡོང་བཞིན་པའི་གནས་སྟངས་ལ་གཞིག་ནས་ལས་འགུལ་སྤེལ་དགོས་པ་གལ་ཆེ་ལ། དྲིལ་བསྒྲགས་ཀྱི་ལས་འགུལ་འདི་ད་ལྟའི་ཆར་གཙོ་གནད་དུ་འཛིན་དགོས་པར་སྣང་།
འདས་ཟིན་པའི་ལོ་འདི་དང་ཤར་མ་ཐག་པའི་ལོ་འདི་གཉིས་ཀྱི་ནང་བོད་ནང་དུ་ཡོད་པའི་བོད་མི་གང་མང་ཞིག་གིས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་ཡོད་པ་རེད། ད་དུང་ལོ་འདིའི་ནང་དུའང་མུ་མཐུད་དུ་གནས་སྟངས་འདི་ལྟ་བུ་ཡོང་ངེས་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཀྱང་དེ་མཚུངས་གྲ་སྒྲིག་འཐུས་ཚང་གི་ཐོག་ནས། ཕྱི་ཟླ་༣ པའི་ནང་འཆར་ཅན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོག་གི་ཡོད་པ་དེའི་ཐོག་བཙན་བྱོལ་བོད་མི་མང་པོས་རྒྱ་ནག་གཞུང་ལ་འཆར་གཞི་ལྡན་པའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཐུབ་དགོས། གཞི་རྒྱ་ཆེ་བའི་ལས་འགུལ་འདི་ལྟ་བུ་སྤེལ་ཏེ་རྒྱལ་སྤྱིའི་ཐོག་ནས་རང་བཞིན་གྱིས་དོ་སྣང་མི་བྱེད་ཀ་མེད་ཅིག་བཟོ་དགོས་པ་ལས། ཕྱོགས་གང་ནས་བསམ་ཡང་རྒྱལ་སྤྱིའི་ཐོག་ནས་རང་བཞིན་གྱིས་བོད་དོན་ལ་དོ་སྣང་བྱེད་མཁན་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་རེད།
ད་ལྟའི་ཆར་འཛམ་བུའི་གླིང་འདིར་འཚེ་མེད་ཞི་བའི་འབོད་སྒྲ་དང་དེ་ལ་རྒྱབ་སྐྱོར་ཡོད་ཚུལ་གྱི་ཁ་གཡང་ཕྱོགས་ཀུན་ཏུ་སྒྲོགས་བཞིན་ཡོད་ཀྱང་། དོན་དུ་ཞི་བའི་འཐབ་རྩོད་ལ་དོ་སྣང་མི་བྱེད་པའི་དཔེ་མཚོན་ནི་བོད་དོན་འཐབ་རྩོད་ཀྱི་མི་ལོ་༥༠ ལོ་རྒྱུས་ལས་ཤེས་ཐུབ་ལ། དྲག་པོའི་ཐོག་ནས་ངོ་རྒོལ་བྱེད་པར་དོ་སྣང་དང་རྒྱབ་སྐྱོར་ཡོད་པ་ནི་ལི་བྷི་ཡའི་གྱེན་ལངས་ཀྱི་གནད་དོན་ཐོག་ནས་ར་སྤྲོད་བྱས་ཡོད། མཚུངས་དཔེ་དེ་གཉིས་ཀྱིས་ཕྱོགས་ཐམས་ཅད་ཁྱབ་ཐུབ་པ་ཞིག་མིན་ཡང་། རྒྱ་ཆེ་ས་ནས་བསམ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་ཐོག་གི་སྒྲིག་འཛུགས་ཁག་གིས་ཞི་བདེ་ཞེས་པ་ཁ་གཡང་ཙམ་ལས་དོན་དུ་གལ་ཆེན་པོར་མི་བརྩི་བ་ར་སྤྲོད་བྱས་པ་རེད། ད་དུང་རྒྱ་དམར་གཞུང་གིས་བོད་བསྟན་སྲིད་ཆེད་རང་སྲོག་མཆོད་མེར་སྦར་བའི་གནས་ཚུལ་འདི་ཡང་དྲག་པོ་ཡིན་པའི་ལོག་འགྲེལ་བྱེད་བཞིན་ཡོད་པས། བོད་མི་རྣམས་འཚེ་མེད་ཞི་བའི་ལས་འགུལ་ལ་ཡི་ཐང་ཆད་མི་སྲིད་པའང་མ་རེད།
སྤྱིར་བོད་ཀྱི་གནད་དོན་རྒྱལ་སྤྱིའི་རྒྱབ་སྐྱོར་ཁོ་ན་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་ཡང་། གཞིས་ལུས་མི་མང་གིས་ཚེ་སྲོག་བློས་གཏོང་གི་འབོད་སྒྲ་འདི་ལ་རྒྱ་གཞུང་གིས་གོ་ཤེས་ཚོར་ཤེས་གཏན་ནས་མེད་པས། རྒྱལ་སྤྱིའི་ཐོག་བོད་པའི་གནད་དོན་ཤེས་རྟོགས་ཡོང་ཐབས་དགོས་པ་དེ་བཙན་བྱོལ་བོད་པའི་ལས་འགན་ཡིན་ལ། གོ་སྐབས་ཀྱང་ཆ་ཚང་ཡོད། གོ་སྐབས་འདི་ཉིད་དམ་འཛིན་ཡག་པོ་བྱེད་མ་ཐུབ་ན་རང་དབང་ལུང་པར་ཡོད་པ་ཚོས་ལས་འགན་མ་འགྲུབ་པ་མ་ཟད། གཙོ་ཆེ་ཤོས་བཙན་བྱོལ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུས་གལ་ཆེ་བའི་ཚོགས་པ་ཁག་གི་ལས་དོན་མ་འགྲུབ་པ་ཞིག་ཏུ་གྱུར་པ་རེད། དེར་བརྟེན་བཙན་བྱོལ་བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཚོགས་ཡུལ་གྱིས་གཙོས་ས་གནས་ཁག་ཏུ་སྐབས་དེ་དང་བསྟུན་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས་པ་ཧ་ཅང་གལ་ཆེ་བར་མཐོང་།།

 
 
28.01.2012 03:11:39

དགེ་བཤེས་ལགས། ད་དྲག་པོའི་ལས་འགུལ་སྤེལ་ན་གང་འདྲ་བྱས་ནས་སྤེལ་ན་ཡག་པ་འདུག ཁྱེད་ཀྱིས་ཡག་པོ་གསུངས་འདུག མོས་མཐུས་ཡོད།

 
 
28.01.2012 05:43:17

དགེ་བཤེས་ལགས་ཀྱིས་དྲག་པོའི་ལས་འགུལ་སྐོར་དགོངས་ཚུལ་བཏོན་ན་ཡག་པོ་ཅང་ཨེ་ཡོད་ན།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -