ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.01.2012 00:23:33
འཆམ་ར་དྲི་མེད་རྒྱལ་མཚན།

༅། །དུས་དབང་གི་སྔོན་གཞུག་ནས་བཏུས་པ།
སྟོང་ཆེན་ནམ་མཁའི་ངོས་ལ་འཕགས་པ་ཡི།།
ཤར་གྱི་ཟླ་བ་དཀར་མོའི་བསིལ་གྲིབ་འོག།།
སྐྱོ་བའི་བྲང་གོག་བཟེད་པའི་མི་རྐྱང་ལ།།
སྟོན་པ་དོན་ཀུན་གྲུབ་པས་གཉོར་སྐྱོང་གྱིས།།


དགུན་གྱི་གྲང་ངར་གཤག་པའི་ལམ་ཁ་ནས།།
དབུས་ཀྱིས་གནས་ས་བྱས་པའི་ནམ་ཟླ་ཞིག།
མཆོད་སྡོང་རིང་པོའི་འདབས་ཀྱི་ཁྲོམ་ཚོགས་ཤིག།
ཁ་སང་དེ་རིང་གང་དུ་བོར་ནས་སོང་།།

བརྩེ་བ་རུམ་དུ་བཅུག་པའི་འགུལ་ཤུགས་ཀྱིས།།
རྒྱང་རིང་རྒྱང་རིང་ཞིག་ནས་འཛོམས་པ་ཡི།།
འཚང་ཁའི་མི་ཚོགས་འཐོར་བའི་དགོང་ཁ་ཞིག།
ཡོད་ཚད་ལམ་ལ་བསྐྱལ་ཏེ་གཅིག་པུར་ཡོད།།

སེམས་པས་སེམས་པ་ཁྲིད་པའི་ཕྱི་ཉིན་མ།།
ལོ་རྒྱུས་གསེར་གྱིས་བྱས་པའི་དད་དམ་གྱིས།།
སྨོན་པའི་ཡིད་འགྱུར་སྟོང་གི་རླབས་ངོམས་ཏེ།།
བྲང་ལ་རི་མོ་བསྐོས་ནས་སོ་སོར་གྱེས།།

སྦྲ་ཁྱིམ་གྲུ་བཞིའི་ནང་གི་རུས་ཉེ་ཚོས།།
བདུད་རྩིའི་མངར་ཁ་མྱོང་པའི་ས་སྲོད་ཅིག།
ལག་པས་ལག་པར་འཇུས་ཏེ་གྱེས་པ་ན།།
མིག་ཆུའི་ན་ཟུག་སྙིང་གི་དཀྱིལ་དུ་འཁྱིལ།།

ངལ་བའི་རྔུལ་ཆུ་བཞུར་པའི་རྦ་རླབས་ཁྲོད།།
ལ་རྒྱའི་རླུང་གིས་བདས་པའི་གོ་རིམ་ནང་།།
དབུས་ཀྱི་ཡུལ་འདི་གཞིས་བྱེས་འཛོམས་ས་སྟེ།
ས་ཡ་དྲུག་གི་སེམས་པ་གཏོང་སར་བྱས།།

ཨ་མས་བུ་ལ་གཉོར་བའི་ཐུ་འོག་ན།།
བརྩེ་བས་མགོ་ལུས་དྲོས་པའི་སྣང་བ་འདི།།
ང་དང་འཁྱམ་པོའི་སེམས་ཀྱི་རྔམ་ས་སྟེ།།
སྐྱོ་གདུང་ལེ་འུའི་ནང་གི་དྲན་ཤིང་ཡིན།།

ཐོག་མའི་ངུ་སྐད་བསྒྲགས་པའི་ཕ་ས་རུ།།
གྱེས་ཕྱག་རྒྱང་ནས་བྱས་ཏེ་ཡོང་ན་ཡང་།།
རིག་པའི་ཁོག་ཤེད་རྒྱས་པའི་གདན་ས་ནས།།
གྱར་དགོས་འདི་འདྲའི་ལས་འདི་ཕམ་ཁ་ཡིན།།

འདས་སོང་ལོ་རྒན་བཅོ་ལྔའི་གཉེར་རིས་འོག།
ཁེར་རྐྱང་ལམ་འགྲོ་བྱས་པའི་ཚོར་བ་འདི།།
བྲག་གི་ངོས་སུ་རི་མོར་འབྲི་འདོད་ཀྱང་།།
རླབས་ཀྱི་ནང་དུ་སེམས་ཀྱི་ཁ་དོག་ཤོར།།

སྤྲིན་གྱི་ཕག་ནས་འབྲུག་གི་སྒྲ་ལྡིར་ཏེ།།
ཞིང་གི་ནང་དུ་ཆར་གྱི་རྗེས་མེད་དུས།།
རྒྱུན་པའི་གཤིས་ལ་ཐོག་གི་ཆར་ཕབ་ནས།།
ཁོག་པའི་ནང་དུ་ཟུག་གི་མེ་སྟག་འཕག།

རྡོག་སྣ་གཡས་སུ་བསྐོར་བའི་དཀྱིལ་མ་ཡི།།
དད་པའི་སེམས་ཀྱི་ཀློང་ན་འགྱིང་པ་འདིས།།
ཁེར་རྐྱང་མི་ཡི་ཁེར་ལབ་འདི་གསན་ནས།།
གདུང་བའི་སེམས་ཀྱི་སྟེང་དུ་རོགས་སྐྱོར་གྱིས།།

༢༠༡༢་༡་༡༧ རྡོར་གདན་ནས།།

  རྡོག་རྩ་ཆིག་སྒྲིལ
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -