ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.01.2012 05:17:57
ཤ་ཀླན་འཇམ་དབྱངས་གྲགས་པ།

རྩོམ་པ་པོཿམདའ་བཙན་པོ། འོས་སྦྱོར་བཿའཇམ་དབྱངས་གྲགས་པ། མདའ་བཙན་པོའམ་ཚེ་རིང་བཀྲིས་ནི་སྙན་ངག་གི་མི་རབས་གསུམ་པའི་ཚོགས་མི་ཟུར་པ་ཞིག་རེད་ལ། མི་ལོ་གཉིས་ཙམ་གྱི་གོང་དུ་མི་རབས་གསུམ་པས་གྲགས་འགུལ་མི་ཉུང་བ་ཞིག་བྱས་པའི་སྐབས་སུ་མི་རབས་གསུམ་པའི་ཚབ་མཚོན་མི་སྣར་བདམས་ཐོན་བྱུང་། ཁོང་གིས་སྙན་ངག་སྐོར་ཞིག་ཏུ་སྲོལ་རྒྱུན་གྱི་འདུ་ཤེས་བཙན་པའི་རང་ཡུལ་དུ་བཙོག་པར་བརྩི་བའི་སྐད་ཆ་འགའ་བཤད་པས་ཁོང་གི་སྙན་ངག་ལ་ཁ་བཙོག་སྙན་ངག་དང་མཇེ་སྙན་ངག་སོགས་མིང་འདོགས་འདྲ་མིན་ཐོགས།

ངས་བལྟས་ན་ཁོང་ནི་མི་རབས་གསུམ་པ་ལ་ཡོད་པའི་སྙན་ངག་པ་རྩེ་གྲས་ཤིག་ཡིན་པ་མ་ཟད། བོད་ཡུལ་ཀུན་ཏུ་འབྱུང་དཀའ་བའི་སྙན་ངག་གི་ཚོར་ཤེས་རྣོ་བའི་མི་ཞིག་རེད་ཅེས་བརྗོད་ཀྱང་རྫུན་དུ་མི་འགྲོ་དྲན། ཁོང་གིས་མི་རྐྱང་གི་ཕྱི་ནང་སོགས་ཁྱོན་སྙན་ངག་གི་དེབ་བཞི་ལྔ་ཞིག་བརྩམས་ཟིན་ལ་སྙན་ངག་ཡོད་ཚད་ཨུ་ཚུགས་ཀྱིས་བསྒྲིགས་པ་མ་ཡིན་པར་རང་བཞིན་གྱིས་རྡོལ་བ་ལྟ་བུའི་ལྷོད་ཤ་ཅན་ཤ་སྟག་ཡིན་ཞིང་། མཛའ་མོར་ཕུལ་བ་སོགས་དུངས་བརྗོད་སྙན་ངག་མང་པོ་ཡོད། ད་རེས་འདིར་ཁོང་གི་དུངས་བརྗོད་སྙན་ངག་བུ་མོ་བཀྲིས་སྒྲོལ་མ་ཞེས་པ་ཀློག་པ་པོ་རྣམས་ལ་བསམ་པའི་ཟས་སུ་བཀྲམས་པ་ལགས།
གལ་ཆེ་བ་མང་པོ་ཞིག དལ་དལ་གྱིས་འབྲི་རྒྱུ་ལོས་ཡོད
འོན་ཀྱང སྙིང་གི་ཁོང་གསེང་ནས་བརྐོས་པའི་ཐ་སྙད་ཁ་ཤས
ཁྱོད་རང་མདུན་ན་ཡོད་ཚུལ་གྱི་སྣང་བས་བྲིས་ན
མགོ་རྩོམ་རྒྱུ་ནི་ཇི་འདྲའི་རྙེད་དཀའ་བའི་དངོས་པོ་རྩ་ཆེན་ཞིག་དང
བརྡ་སྤྲོད་ཀྱི་ནུས་པ་ནི་ཇི་འདྲའི་རྒྱ་ཆུང་ལ་ཇི་འདྲའི་ཞན་ཨང
ཆང་དམ་ཞིག སྔོན་ཆད་མཛའ་མོར་གྱེས་ཚུལ་གྱི་སྐྱོ་སྣང་ལྟར་འཐུང་གིན་ཡོད
ཁྱོད་ཀྱི་ཁ་དོག་དང་རེག་བྱ དྲི་མ་མེད་པའི་མཚན་མོ་འདིར་འཐུང་གིན་ཡོད
སྙིང་ཉེ་བའི་བུ་མོ་བཀྲ་ཤིས་སྒྲོལ་མ་ལགས
ཟི་ལིང་ནི་ཚུལ་འཆོས་དང་གཡོ་སྒྱུས་ཁེངས་པའི་གྲོང་ཁྱེར་ཞིག་ཡིན་རུང
ཁྱོད་དང་འཕྲད་འདོད་ཀྱི་སེམས་དང་བརྩེ་བས་ཡོང་ཐེངས་རེར
ང་ལ ཟི་ལིང་གི་ཉི་མ་གཞན་ལས་དྲོ་བའི་སྣང་བ་འཆར་ཡོང་ལ
ང་ལ ཟི་ལིང་གི་སྲང་ལམ་ཀུན་ལས་སྐྱིད་པའི་སྤྲོ་བ་སྐྱེ་ཡོང
ཤ་རུས་སུ་འབབ་པའི་བུ་མོ་བཀྲ་ཤིས་སྒྲོལ་མ་ཡ
ཡང་ན ངས་འདི་ལས་རྒྱ་ཆུང་བའི་སྙན་ངག་ཅིག་བྲིས་མེད
ཡང་ན ངས་འདི་ལས་གཏིང་ཟབ་པའི་སྙན་ངག་ཅིག་འབྲི་དོན་མེད
ཐེངས་མ་རེ་རེར འཛོམས་ཐེངས་རེ་རེར
ཁྱོད་རང་ཆུང་མ་ཡིན་འདོད་ཀྱི་གཏམ་གླེང་རེ་བྱས་ན
སྣང་བ་དེ་གཞན་ལས་སྐྱིད་ལ་སྤྲོ་བ་དེ་བརྗེད་ཐབས་བྲལ
ཁྱོད་རང་ཆུང་མ་ཡིན་འདོད་ཀྱི་འཛུམ་ཆུང་རེ་བསྟན་ན
བརྩེ་བ་དེ་བཞུར་གྱིན་འདུག་ལ་དུངས་པ་དེ་མཚམས་མི་ཆད
བཀྲ་ཤིས་སྒྲོལ་མ བོད་ཀྱི་བུ་མོ་ཆུང་ཆུང
རྐང་རུས་ནི་ལ་རྒྱ་སྲུང་བའི་སྲ་མཁྲེགས་ཀྱི་ལྕགས་རི་ཡིན་རུང
ངས ཁྱོད་ལ་ཅི་བསམ་འདི་བསམ་མེད་པར
དེའི་ནང་རོལ་གྱི་ཕོ་བྲང་གི་མཛེས་པ་དང་རྔམ་བརྗིད་བསྟན་སོང
ཡང་ན ང་ཁྱོད་ལ་དགའ་བ་ནི་ཆང་ཁ་གཅིག་གི་གླུ་སྐད་རེད
ཡང་ན ང་ཁྱོད་ལ་དུངས་པ་ནི་མི་ཚེ་གཅིག་གི་ཁ་ཆེམས་རེད
ཁྱོད་རང ཆང་དྲི་དང་ཆང་འཐུང་གི་གཤིས་ཀ་ལ་ཉེ་བོ་མེད་ན
བཟི་སྣང་གི་ལུས་པོ་འདི་ངས་རི་བོའི་ཕ་རོལ་ནས་བཞག་ཆོག
འོན་ཏེ དྲན་གདུང་གི་གཙང་པོ་འདི
ཁྱོད་ཀྱི་ཟམ་འོག་ཏུ་བཞུར་བར་ང་ལ་རང་དབང་ཅི
བུ་མོ་བཀྲ་ཤིས་སྒྲོལ་མ ངའི་སྙིང་ཉེ་མ
ཁོང་གི་སྙན་ངག་གཞན་བཀླག་ཚེ་འདིར་ནོནhttp://www.gdqpzhx.com/bo/html/photo/201105301175.html

  འོས་སྦྱོར།
 

14.01.2012 07:01:32

ཁྱེད་ཀྱིས་ཟས་བཀྲམས་པ་འདིར་ཟས་པ་ཡིན། ཡིན་ནའང་་དགེ་ཆོས་མཆོག་གིས་ཀླུ་སྒྲུབ་དགོངས་རྒྱན་ལས་འདི་འདྲ་ཞིག་གསུངས་ཡོད། ཆུང་དུས་སུ་རྩེད་མོ་ལ་དགའ་བའི་བློ་ཞིག་དང་། ན་གཞོན་དར་མའི་སྐབས་སུ་ཆགས་པ་སྤྱོད་པའི་བློ་ཞིག རྒད་དུས་སུ་ཁྱིམ་གཞི་རྒྱུ་ནོར་ལ་དགའ་བའི་བློ་ཞིག་ངོ་ངོ་ཤུགས་ཀྱི་སླེབས་ཡོང་གསུངས། ང་ཡང་དང་པོ་གཉིས་ཀྱི་དུས་ཡུན་རྫོགས་ཟིན་པས་ཕོ་མོའི་བརྩེ་དུང་གི་སྙན་ངག་ལ་ཚོར་བ་ཆེན་པོ་མི་འདུག་ལགས།

དེ་མིན་་་་ཁྱིམ་གཞི་དང་རང་ཡུལ་འཐབ་རྩོད་ཀྱི་སྙན་ངག་གི་ཐོག་ཏུ་སེམས་ཚོར་ཆེན་པོ་ཡོང་གི་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -