ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.01.2012 03:21:05
འཆམ་ར་དྲི་མེད་རྒྱལ་མཚན།

རྡོར་གདན་དུ་དུས་དབང་ཐེངས་༣༢ པར་བཅར་བ། བང་ཆེན་ཚགས་ཤོག་ཏུ་སྤེལ།
མི་ལོ་བཅུ་ཕྲག་ལྔའི་རྗེས་སུ་གཞིས་བྱེས་བོད་མི་འབོར་ཆེན་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ལྷན་འཛོམས་བྱུང་སོང་། ལྷན་འཛོམས་འདིའི་གསེང་ནས་འདས་པའི་བོད་ཀྱི་གཞིས་བྱེས་ཁ་བྲལ་བའི་ལོ་རྒྱུས་ནང་གི་གནད་དོན་མང་པོ་ཞིག་གསལ་པོར་བྱུང་ཡོད་ལ། གང་ཟག་སྒེར་སོ་སོར་མཚོན་ནའང་རང་ཡུལ་ནས་མི་ཡུལ་དང་། མི་ཡུལ་ནས་མི་ཡུལ་དུ་གྱེས་སོང་བའི་ནང་མི་བུ་ཕྲུག་ཐུག་འཕྲད་དང་། མ་བུ་མཉམ་འཛོམས་སོགས་ཀྱིས་མཚོན་ཧ་ཅང་ཁེ་ཕན་བྱུང་ཡོད།


དེ་ག་ནང་བཞིན་སྐམ་པ་ཆུ་འདོད་ཀྱི་འོག་ན་འཚོ་བའི་གཞིས་བཞུགས་སྤུན་ཟླ་མང་པོ་ཞིག་གིས་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བ་འདི་རེད་ལ། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་རབས་ལོ་རྒྱུས་ནང་གི་ཆེས་ཛ་དྲག་ཅན་གྱི་ད་ལྟའི་དུས་སྐབས་འདིའི་སེམས་ནང་གི་རེ་ལྟོས་བྱ་སའི་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཀྱང་གསལ་གསལ་ཞིག་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་ཐོབ་པ་འདི་རེད།

འོ་རེད། ད་ངས་རང་ཉིད་དུས་དབང་ཐེངས་༣༢ པར་བཅར་བའི་བརྒྱུད་རིམ་ནང་གི་གནས་ཚུལ་འགའ་བཤད། བལ་ཡུལ་ནས་ཡོང་མཁན་ཞིག་ལ་མཚོན་ན། ཉེ་ཆར་བདུན་ཕྲག་རེ་རེའི་ནང་ཆོས་ཞུ་བ་རླངས་འཁོར་བརྒྱ་རེ་ཙམ་བལ་ཡུལ་བརྒྱུད་རྡོར་གདན་དུ་འགྲོ་གིན་འདུག་ལབ་ཀྱིན་འདུག ལམ་བར་གྱི་རྒྱ་བལ་ཉེན་རྟོག་པས་སྔོག་བཤེར་རིམ་པ་བྱེད་ཀྱིན་འདུག་ལ། དེ་དག་གི་སྐབས་སུའང་ཚོང་ཆས་དང་། ལམ་འགྲོ་མ་རྒྱུག་ན་སྒོར་མོའང་འཕྲོག་གིན་འདུག རྒྱ་བལ་ས་མཚམས་སུ་འབྱོར་སྐབས་རླངས་འཁོར་ཁ་ལོ་བ་དང་ས་སྲུང་ཉེན་རྟོག་པ་ཁ་འཐབ་ཀྱིས་སྒོར་མོ་ལེན་གྱིན་འདུག་ལ། སྤྱི་སྤྱོད་རླངས་འཁོར་རྣམས་ཀྱང་སྔོན་མའི་ཁ་ཆད་ལྟར་ས་མཚམས་ནས་རྡོར་གདན་དུ་ཤར་སྐྱོད་མི་བྱེད་པ་སོགས་རྙོག་དྲ་བཟོ་གིན་འདུག

རྡོར་གདན་དུ་འབྱོར་རྗེས་ཆོས་ཞུ་བ་མང་པོ་ཞིག་མགོ་འཁྲུག་གིན་འདུག དེ་ནི་རྡོར་གདན་གཡས་གཡོན་གྱི་ས་ཆའི་མིང་དག་བོད་མི་ཚོའི་བློ་ལ་འཇག་བདེ་བོ་མེད་པ་དང་། བོད་མིས་བཀོལ་གྱིན་པའི་མིང་རྣམས་ནི་བོད་སྐད་ཐོག་ཡོད་དུས་རྒྱ་གར་ཁ་ལོ་བ་ཚོས་མ་ཤེས་པ། གནས་སྟངས་འདི་འདྲའི་འོག་ནས་བོད་ཀྱི་སྣེ་ལེན་ཁང་དང་། དེ་ག་ནང་བཞིན་ཆོས་ཞུ་བའི་སྡོད་གུར་རྣམས་སུ་འགྲོ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་འདུག ད་དུང་ཉེན་རྟོག་པས་རྡོ་གདན་གཡས་གཡོན་གྱི་ལམ་བར་དུ་སྤྱི་སྤྱོད་རླངས་འཁོར་འགོག་གིན་འདུག་ལ། གླ་འཁོར་རྣམས་ཀྱང་མཚམས་རེར་འགྲོ་ཆོག་གིན་མི་འདུག་པས་ཅ་དངོས་རྣམས་སྒལ་པར་མི་བཅོག་པ་སོགས་དཀའ་ངལ་སྣ་མང་འཕྲད་ཀྱིན་འདུག

དུས་དབང་ཐེངས་༣༢ པའི་ཐོག་དཔེར་ན་བོད་ནང་ལོག་ནས་ཕེབས་པ་དང་། བལ་ཡུལ། ཨ་རི། སུད་སི། འབྲུག ཡུ་རོབ་སོགས་ཀྱི་རྒྱལ་ཁབ་འདྲ་མིན་ནང་ཁ་འཐོར་དགུ་འཐོར་སོང་བའི་བོད་མི་རྣམས་འཛོམས་ཡོང་དུས། སྤུན་དང་གཉེན་ཉེ་འཕྲད་ཀྱིན་འདུག་ལ། ཕ་ཡུལ་གཅིག་པ་དང་ཆོས་གྲོགས་རྙིང་པ། སྔོན་མའི་བཟའ་ཟླ་དང་དྲ་གྲོགས་རྙིང་པ། དེ་བཞིན་སློབ་གྲོགས་དང་ལས་རོགས་སོགས་མང་པོ་ཞིག་ཐུག་གིན་འདུག ངོ་མ་ཡིན། མཚམས་རེར་འགའ་རེས་མིག་ཆུ་ཤར་ཤར་ཕན་ཚུན་ལ་འཚམས་འདྲི་བྱེད་ཀྱིན་འདུག་ལ། འགའ་རེས་ཡ་མཚན་མཚན་གྱི་འཐམ་ནས་འདས་སོང་གི་ལོ་རྒྱུས་གླེང་གིན་འདུག

དེ་བཞིན་བོད་མིའི་སྣེ་ལེན་ཁང་ལ་སོང་ན། བོད་ནས་ཕེབས་པ་ཚོར་ཐུག་འཕྲད་བྱེད་མཁན་རྒྱུན་ཆད་ཀྱིན་མི་འདུག་ལ། ས་དེར་འབྱོར་སོང་ན་མཚམས་རེར་རྒྱ་སྐད་འདྲེས་མ་ཞིག་གིས་ཕ་ཡུལ་གྱི་ཡུལ་སྐད་དག་མ་རེ་རྒྱག་གིན་འདུག་ལ། མཁུར་ཚོས་དམར་བའི་བུ་མོ་གཞོན་ནུ་མ་ཚོས་གཞིས་ནང་གི་ཆ་ལུགས་སྤུས་དག་རེ་སྤྲས་ནས་སྒོར་ཐོན་ཡོང་གིན་འདུག ད་དུང་ལོ་རྒས་ཚོས་བྱང་ཆ་དེ་ཙམ་མེད་པའི་ཟོལ་གྱིས་ཁ་པར་རེ་ལག་ནང་བཟུང་ནས་སྐད་གསང་མཐོན་པོའི་ངང་སུ་ཞིག་ལ་སྐད་ཆ་ཤོད་ཀྱིན་འདུག

ཁོང་ཚོས་ཁ་པར་ཨང་ཀི་རྣམས་ཕན་ཚུན་སྤྲོད་སྐབས་མང་ཤོས་ཀྱིས་རྒྱ་སྐད་བེད་སྤྱོད་བྱེད་ཀྱིན་འདུག་ལ། མཚམས་རེར་བོད་ནང་ནས་གསར་བཟོ་གནང་བའི་ཐ་སྙད་གསར་པའི་ནང་གི་ཁ་པར་གྱི་བརྡ་རྟགས་ཟེར་བ་ལྟ་བུ་སྤྱོད་ཀྱིན་འདུག

སྣེ་ལེན་ཁང་དུའང་མི་སྣ་འཚོལ་ཞིབ་སོགས་ལ་དམིགས་པའི་སྐད་ཅོར་ཚ་བོ་ཅན་གྱི་རྒྱང་བསྒྲགས་ཁང་ཞིག་བཙུགས་འདུག་མོད། དེས་ནི་ནམ་ཞར་ཞར་དུ་སྐད་ཅོར་རྒྱག་བཞིན་པར་བརྟེན། གསར་འབྱོར་བ་མང་པོ་ཞིག་ལ་སུན་སྣང་སྤྲོད་ཀྱིན་འདུག་ལ། དེ་ལས་ཀྱང་ནད་པ་དང་། རྒན་རྒོན་རྣམས་ལ་གཉིད་ཁུག་མི་བཅུག་པ་དང་སོལ་དལ་བག་ཕེབས་ཀྱི་གོ་སྐབས་ཤིག་སྤྲོད་ཀྱིན་མེད་པའི་མཐོང་ཚོར་ཤུགས་ཆེན་བྱུང་། ཁོང་ཚོས་ཟེར་ན་ཆུ་གཅིག་གཉིས་རེའི་རྗེས་སུའམ། གལ་སྲིད་བཤད་དགོས་པ་རྣམས་ཚར་རེ་ཉིས་ཙམ་ལས་མ་བཤད་ན་ཡག་པ་འདུག དེ་མིན་ཅ་ལག་ཆུང་ཚེགས་ཞིག་ལའང་སྔ་དགོང་ཉིན་གུང་ཚང་མ་ལ་ཚར་གྲངས་མང་པོ་འབོད་ཀྱིན་འདུག་ཟེར། (འདི་ནི་དག་གིས་རྒྱང་སྒྲོག་ཁང་གི་དགེ་མཚན་མེད་པ་ཤོད་ཀྱིན་མེད།) ཁྱད་མཚར་བ་ཞིག་ལ། མཚམས་རེར་རྒྱང་བསྒྲགས་ཁང་དེའི་ནང་དུ་སྐད་ཆ་འདི་འདྲ་ཤོད་མཁན་ཀྱང་ཡོང་གིན་འདུག hello འདི་ལ་ green color ཅན་གྱི་ big ཞིག་འདུག (ཝ་ཡེ། འདི་ལ་ཁུག་མ་སྔོན་པོ་ཞིག་འདུག)དེ་སུའི་ཡིན་ན་མགྱོགས་པོར་ལེན་ཁ་ཕེབས་རོགས་ཟེར་བ་ལྟ་བུའང་ལབ་ཀྱིན་འདུག

དེ་རིང་ཕྱི་ཚེས་༣ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཞུ་བ། དེ་བཞིན་རྒྱ་ནག་སྐམ་ས་ནས་ཕེབས་པའི་ཆོས་ཞུ་བ་ཚོ་བཅས་ལ་སྡེ་ཚན་སོ་སོར་བཀའ་སློབ་བཀའ་དྲིན་བསྩལ་སོང་། ཉིན་གུང་རྒྱབ་ལ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སྣེ་ལེན་ཁང་དུ་འཚམས་གཟིགས་ཕེབས་སོང་ལ། ཁོང་གི་ཕྱག་རོགས་སུ་ཆོས་རིག་དང་། ནང་སྲིད། འཕྲོད་བསྟེན་བཀའ་བློན་བཅས་ལྷན་ཕེབས་གནང་འདུག ཁོང་ཚོ་སྣེ་ལེན་ཁང་དུ་འབྱོར་དུས་གསར་འབྱོར་བ་རྣམ་པས་ལྷ་རྒྱལ་ལོ། བཀྲ་ཤིས་བདེ་ལེགས་ཞེས་པ་སོགས་དགའ་འབོད་བྱས་ཏེ། བཀའ་ཁྲིའི་འགྲམ་དུ་བཅར་གང་ཐུབ་བྱེད་ཀྱིན་འདུག་ལ། ཁོང་ལ་ཁ་བཏགས་གཡོག་པ་དང་། ལག་པ་འཇུ་བ། འདྲ་པར་མཉམ་དུ་ལེན་པ་སོགས་དགའ་ཚོར་ཆེན་པོར་བྱེད་ཀྱིན་འདུག ཁོང་གིས་ཀྱང་སེམས་ཐག་ཉེ་ཉེའི་ཐོག་ཚང་མ་ལ་འཚམས་འདྲི་གནང་པ་དང་། དེ་རིང་ཁྱེད་ཚོའི་སྡོད་ས་རུ་ང་ཚོ་བཀའ་ཤག་གསར་པའི་ཚབ་ཞུས་ནས་ཁྱེད་ཅག་ལྟ་མཁན་ཞིག་ཡོང་བ་ཡིན། ང་ཚོའི་ངོས་ནས་ཁྱེད་ཚོར་གྲ་སྒྲིག་གང་དྲགས་དྲགས་ཤིག་བྱས་པའི་ཁུལ་ཡིན་མོད། སྟབས་མ་འགྲིག་པ་འདྲ་བྱུང་ཡོད་ན་དགོངས་དག་ཞུ། སྤྱིར་བཏང་ཕྱི་ཚེས་༧ ཉིན་ང་རང་འདིར་ཡང་སྐྱར་བཅར་ནས་ང་ཚོ་ཕན་ཚུན་སྐད་ཆ་ལྷོད་ལྷོད་བྱེད་འཆར་ཡོད། ཅེས་སོགས་གསུངས་ནས་གཟིགས་སྐོར་སྟབས་བདེ་ཞིག་གྲུབ་རྗེས་ཕྱིར་ཕེབས་སོང་། ཁོང་གི་ལྷན་དུ་རྒྱ་གར་ཉེན་རྟོག་པ་འགའ་ཤས་སླེབས་འདུག་ལ། ཁོང་ལམ་ལ་ཐོན་དུས་ཀྱང་ཉེན་རྟོག་པའི་རླངས་འཁོར་ཞིག་སྔོན་དུ་ཕྱིན་ཏེ་རླངས་འཁོར་སྟེང་གི་ཉེན་རྟོག་པའི་སྐད་བརྡ་གཏོང་ཞོར་འགྲོ་གིན་འདུག་པས་གཟི་བརྗིད་ལྡན་པ་ཞིག་ཡོང་གིན་འདུག་ལ། སྣང་བའང་སྐྱིད་པོ་འདྲ་ཞིག་ཡོང་གིན་འདུག

ཆར་པ་འབབ་ཐེངས་རེར་གསུང་ཆོས་ར་བའི་གཡས་གཡོན་ཀུན་ཏུ་ཆུ་འཁྱིལ་ཡོང་གིན་འདུག་ལ། ཆར་ཞོད་དང་འུར་ཟིང་གི་བང་ཁ་ཇི་ཙམ་འགྲན་ནའང་ཡོད་ཚད་ཀྱིས་གོང་ས་མཆོག་གི་ཞལ་རས་འཚོལ་ཞིང་། ཁོང་གིས་གསུང་པའི་བཀའ་སློབ་སོགས་རེ་རེ་ནས་རྣ་བར་ཉན་ཞིང་སེམས་ལ་འཇག་ཐབས་བྱེད་ཀྱིན་འདུག འོན་ཀྱང་མཚན་མོའི་ཆར་པ་འབབ་ཐེངས་རེར་གསར་འབྱོར་བ་ཚོ་དང་དེ་མིན་ཆོས་ཞུ་བ་མང་ཤོས་སྡོད་ཡུལ་གྱི་གུར་རྣམས་སུ་ཐིགས་པ་རྒྱག་པ་དང་། ས་འོག་ནས་ཆུ་འབྱམ་པ། དེ་བཞིན་གཡས་གཡོན་ཀུན་ཏུ་འདམ་འབག་ཆགས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་འདུག  འོན་ཀྱང་དེ་རིང་ཕྱི་ཚེས་༣ ནས་ཆར་པ་འབབ་མ་སོང་ཡང་གནམ་གཤིས་དེ་ཁ་སང་དང་མི་འདྲ་བ་གྲང་ཙམ་གྱུར་འདུག འོན་ཀྱང་ས་ཆ་འདི་ནས་ཐལ་རྡུལ་དང་འདམ་འབག་གཉིས་གདམ་ཁ་རྒྱག་དགོས་ཀྱི་འདུག་ཞེས་རེ་ཞིག་མཇུག་བསྡུ་རྒྱུ་ཡིན།


  རྡོག་རྩ་ཆིག་སྒྲིལ
 

13.01.2012 04:41:03

གསར་འབྱོར་ཚོར་རྗེས་མར་ཁང་བ་ཞིག་རག་ན་ཡག་པོ་འདུག དེ་མིན་གསུང་ཆོས་སྐབས་སུ་ཆར་པ་བབ་པ་འདྲ་བྱུང་ན་དཔེ་ཁག་པོ་ཡོད་ས་རེད། རྒྱ་གར་སླེབས་པ་ཐེངས་གཅིག་རེད། ༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་བྱུང་བའང་རྒྱ་སྐོར་རེ་རེད། དེའང་ལྷོད་ལྷོད་ཅིག་དང་སྐྱིད་པོ་ཞིག་མ་བྱུང་ན་ཤའང་ཚ།

 
 
13.01.2012 09:47:47

ཁོ་རེ། ཤ་ཀླན་པ། ངོ་མ་རེད། ད་ལོ་མི་མང་སྡོད་གུར་དང་སྣེ་ལེན་ཁང་སོགས་སུ་ཆར་པ་བརྒྱབ་ནས་མ་མིང་སྡོད་གནས་མ་ཐུབ་པ་དང་། གནས་སྟངས་དེས་དུས་དབང་གོ་སྒྲིག་ཚོགས་པས་ཀྱང་གུར་རིན་ལེན་བཟོད་མ་བྱུང་བའི་གྱོང་གོད་ཕོག་ཡོད། དེ་བཞིན་སྡོད་གུར་ནང་དུ་མེ་སྐྱོན་ཤོར་ནས་ཅ་དངོས་མང་པོ་ཞིག་འཚིག་པ་དང་། མང་ཚོགས་རྣམས་རང་རང་སོ་སོའི་སྡོད་ཡུལ་དུ་ལོག་པའི་ཟང་ཟིང་གི་གོ་སྐབས་དེ་བཟུང་ནས། རྒྱ་གར་བ་སོགས་ཀྱིས་རྐུན་ཇག་བྱས་ནས་ཅ་དངོས་མང་པོ་བར་རླག་ཤོར་དང་ཤོར་བཞིན་པ་རེད། ད་དུང་མི་མང་སྡོད་གུར་ནི་ཧ་ཅང་ཐག་རིང་དྲགས་ནས་མང་ཚོགས་ཡར་མར་འགྲོ་འདུག་ལ་དཀའ་ངལ་མང་པོ་འཕྲད་ཀྱིན་འདུག་ལ། ད་དུང་ཡར་མར་གྱི་རྐང་གསུམ་གླ་འཁོར་ཚོས་དངུལ་མང་བླངས་ནས་དཀའ་རིམ་པ་ཞིག་འཕྲད་སོང་།

 
 
13.01.2012 05:39:20

དུས་དབང་གི་དུས་ཚོད་དེར་ཤམ་བྷ་ལའི་དྲ་ཐོག་མི་མེད་ལུང་སྟོང་ནང་དུ་་ཁྱི་རྒན་གཅིག་མ་གཏོགས་སྐད་བརྒྱབ་མཁན་མེད་པའི་ཟོལ་འདྲ་ཞིག་བྱུང་། ད་་་དུས་དབང་ཚར་དུས་སྐད་ཆ་མང་པོ་ཡོད་ཀྱི་རེད། འབྲི་རོགས་བྱོས་ཤོག་ཨ།

 
 
13.01.2012 10:00:27

ཅོ་རི་བ། ངོ་མ་ཁག་མེད། འདི་ནས་འཚང་ཁ་དང་བྲེལ་བ་ཞིག་གིས་ཁ་རླངས་དག་རང་གར་འགྲོ་གིན་ཡོད་འགྲོ་མ་གཏོགས། གོམ་པ་གང་དོ་ཙམ་ཡང་སྟབས་བདེ་ཞིག་གིས་སྤོ་ས་རག་གིན་མི་འདུག་ལ། ད་དུང་དེའི་བར་ནས་རྐུན་ཇག་དག་གིས་ཆོས་ཞུ་བ་ཚོའི་བ་ཁུག་སོགས་སུ་སྤུ་གྲིས་གཏུབ་ནས་དངུལ་སོགས་རྐུ་བ་དང་། རྒན་ཁོག་དང་བྱིས་པ་རྣམས་བོར་བརླག་ཤོར་བ། དེས་མ་ཚད་ངའི་ངོ་ཤེསཕོ་སར་ཞིག་ཀྱང་བརླག་ནས་ཉིན་བཞི་ལྔ་ཙམ་གྱི་རྗེས་ལ་གར་སར་གསལ་བསྒྲགས་བྱས་པ་བརྒྱུད་ཚེས་༡༢ ཉིན་ཕྱིར་རག་སོང་བ་ལྟར་རེད། ཉེ་ཆར་གསལ་བསྒྲགས་ཤིག་གི་ནང་མཐོང་གསལ་ལྟར་ན་བརྒྱུད་རིམ་འདིའི་ནང་ཆོས་ཞུ་བ་མི་གྲངས་བརྒྱད་ཙམ་འདས་གྲོངས་སུ་ཕྱིན་པ་དང་། མང་པོ་ཞིག་ནད་མནར་བྱུང་བ་བཤད་འདུག དེ་མིན་རྒྱ་གར་བས་གླ་འཁོར་དང་། ཁང་པ། ཁ་ལག་དང་། དངུལ་བརྗེ་ལེན། ཁ་པར་དང་བྱང་བུ། ཇ་དང་ཆུ། མཐའ་ན་ལམ་ངོགས་ཀྱི་སློབ་མོ་བ་ཚོས་ཀྱང་མ་ན་ན་ན་མདོག་དང་། ལོང་བ་མིན་ན་ཡིན་མདོག ལྐུག་པ་མིན་ན་ཡིན་མདོག་སོགས་ཀྱིས་གང་ལྟར་དངོས་ཤུགས་བརྒྱུད་གསུམ་ནས་ཆོས་ཞུ་བ་ཚོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་འཇིབ་ནས་བཙག་གིན་འདུག་གོ

ངས་ཁ་སྔོན་ཞིག་ནས་བཤད་རྒྱུ་བྱུང་ལ། ད་དུང་ཤོད་འདོད་པ་ཞིག་ལ། རྗེས་མའི་དུས་དབང་སོགས་བོད་ཀྱི་མཛད་རིམ་ཆེ་ཁག་རྣམས་བོད་ཀྱི་གཞིས་སྒར་དག་ཏུ་རིམ་པས་འཚོག་ཐུབ་ན་རྒྱ་གར་བས་བརྙས་བཅོས་དང་། འཕྲོག་བཅོམ་མི་བྱེད་པ། དེ་བཞིན་བོད་མི་ནང་ཁུལ་དུའང་ས་གནས་སོ་སོར་ཁེ་བསྐྱེད་རག་པ་དང་། དཔལ་འབྱོར་འདུ་འགོད་ལ་དགེ་ཕན་ཡོད་པ་སོགས་ཀྱི་གནས་ལུགས་དང་རྒྱུ་མཚན་མང་པོ་ཞིག་མཐོང་གིན་ཡོད། སྤྱིར་བཏང་རྡོར་གདན་ལ་མཚོན་ན་གནས་ཁྱད་པ་ཅན་རེད་དེ། ང་ཚོ་ནི་སྐྱབས་བཅོལ་བའི་གནས་སྟངས་འོག་ཡོད་དུས། རང་ཉིད་ཀྱི་མང་ཚོགས་ཀྱི་བདེ་སྡུག་དང་ལྟོ་རྒྱབ་ལའང་ངེས་པར་དུ་བསམ་རྣོ་གཏོང་དགོས་གལ་མཐོང་།

དེ་བཞིན་ས་གནས་སོ་སོར་རིམ་པས་དུས་དབང་བསྐུར་བ་སོགས་ཀྱི་མཛམ་རིམ་སྒྲིག་ནའང་། ས་གནས་དེ་དག་ཏུ་བྱིན་རླབས་འཇུག་པ་དང་། ནད་མུག་རྒྱུན་ཆད། ཆར་ཆུ་དུས་བབ་ལོ་ཕྱུགས་རྟག་ལེགས་སོགས་ཀྱི་ཕན་བདེ་འབྱུང་གིན་ཡོད་པ་ཤོད་ཀྱིན་ཡོད་དུས། ངེས་པར་དུ་བསམ་རྣོ་གཏོང་གལ་མཐོང་སོང་། འོ་དེ་འདྲ་རེད་ཤ་ཉེ། ད་དུང་རིམ་པས་ཤོད་ཆོག་ཡ། འོ་རེད། དེབ་རྣམས་སྦྲགས་ཐོག་ཕུལ་ཡོང་ན་དྲན་གྱིན་ཡོད། དེ་མིན་སྐུར་ས་རག་མ་སོང་། དེ་ཡིན་དུས། ཁ་བྱང་ཏནཏན་ཞིག་ངོ་དེབ་ནང་ཞོག་ཤོག

 
 
14.01.2012 04:38:53

འཆམ་རའི་སྐད་ཆ་ལ་ངའང་ཡིད་འཐད་ཡོད། ཤེས་ཡོན་ཅན་ཞིག་བཤད་སྟངས་རེད།

 
 
14.01.2012 07:14:11

སློབ་དཔོན་དྲི་མེད་ལགས། ཁམས་བཟང་། ཁྱེད་ཀྱིས་བོད་མི་རིགས་ཀྱི་འཚོ་རྟེན་ཐོག་ཏུ་ཐུགས་བསམ་བཞེས་པར་ཁ་མ་ཡིན་དོན་གྱིས་དགའ་པོ་བྱུང་། དུས་དབང་རྗེས་མ་འཚོགས་ས་བོད་ཀྱི་གཞི་ཆགས་ཁག་ཏུ་འཚོགས་དགོས་པར་བཤད་པར་ལུས་བདེན། དངོས་པོའི་ཁེ་ཕན་དགོས་ངེས་རེད། བསམ་གཞིགས་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། དེང་སང་གི་དུས་འདིར་དྲང་བདེན་དང་གནད་ལུགས་སུ་མི་བལྟ་བར་གསུངས་མཁན་ལ་བལྟ་ནས་རྨོངས་པ་ཚོའི་ཁ་ཕྱོགས་སྒྱུར་དགོས་དུས། ཉམས་ཆུང་ཚིག་ལ་ནུས་པ་མི་འདུག་པས་བསམ་དོན་འགྲུབ་ཀྱི་ཁག་པོ་རེད་འདོད། ཡིན་ནའང་ཤུགས་རྒྱབ་དགོས།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -