ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

23.12.2011 00:49:21
ཤ་ཀླན་འཇམ་དབྱངས་གྲགས་པ།

ང་ཤམ་བྷ་ལའི་དྲ་བར་ཞུགས་ནས་ཉིན་འགར་ཕྱིན་པའི་རྗེས་སུ་དྲ་བདག་དང་དྲ་གྲོགས་ཚང་མའི་ཕྱོགས་སུ་བསམ་ཚུལ་ཐུང་ཐུང་ཞིག་ཞུ་འདོད་བྱུང་། དེའང་འོག་ཏུ་ལེ་ཚན་ཐུང་ངུ་འགར་བཀར་ནས་ཞུ་བ་ཡིན།


དྲ་བདག་ལ་ཞུ་བ།
དྲ་བདག་ནི་དྲ་བའི་གཙོ་གཉེར་མཁན་ཡིན་པས་ན་ཁོང་གི་ལས་འགན་གཙོ་བོ་དེ་དྲ་བ་སྟངས་འཛིན་བྱ་རྒྱུ་དེ་ཡིན་པར་མ་ཟད། དྲ་བ་ཇེ་རྒྱས་ཇེ་ལེགས་སུ་གཏང་རྒྱུ་སོགས་ཀྱི་འགན་ཡོངས་རྫོགས་བཞེས་ཡོད་པས། ཕྱོགས་མང་པོ་ཞིག་ནས་དྲ་བའི་སྒལ་ཚིགས་ལྟ་བུར་གྱུར་ཡོད། དེ་བས་དྲ་བདག་འཆུག་སོང་ན་དྲ་བ་དེར་སྙིང་པོ་མེད་པར་ཆགས་སྲིད་ཅིང་། དྲ་བ་སྟངས་འཛིན་བྱེད་མ་ཐུབ་ན་དྲ་བ་སྙིགས་མའི་ཕུང་པོ་ཞིག་ཏུའང་མ་འགྱུར་བའི་ངེས་པར་མེད། ཡང་སྟངས་འཛིན་བྱེད་དྲག་སྟེ་དྲ་གྲོགས་ཚོའི་སྨྲ་བརྗོད་བདམས་སོང་ན་དེའང་ཡང་དག་པ་མང་གཙོའི་ལུགས་དང་འགལ་བས། དྲ་བདག་གི་ལས་ཀ་ནི་གཟི་བརྗིད་ཅན་ཞིག་དང་རྙོག་འཛིང་ཆེ་བ་ཞིག་ཀྱང་རེད་ཅེས་བཤད་ཀྱང་ཆོག

ཤམ་བྷ་ལའི་དྲ་བདག་གི་ངོས་ནས་བཤད་ན་དྲ་བ་སྟངས་འཛིན་བྱ་ཕྱོགས་དང་། རྩོམ་ཡིག་སྣོན་འཕྲི་བྱ་རྒྱུ། གསར་འགྱུར་དུས་ཐོག་དགོད་རྒྱུ་བཅས་ཀྱི་ཕྱོགས་མང་པོ་ཞིག་ནས་འགྲིག་བསྡད་ཡོད་པའི་བཟོ་ཞིག་རེད། ཡིན་ཡང་དྲ་བདག་དང་འབྲེལ་བ་ཡོད་པའི་དྲ་ངོས་མང་པོར་ཡིག་ནོར་ཅུང་མང་བའི་ཚོར་སྣང་བྱུང་། དཔེར་ན་ང་ཚོ་ཡར་འཛུལ་སའི་མིང་དེར་༼མྱུག་མིང་༽ཞེས་བྲིས་ཡོད་པར། མྱུག་ནི་མྱུ་གུའི་བསྡུས་མིང་ཡིན་པར་ཆ་བཞག་ན་མྱུག་མིང་ཞེས་པར་གོ་རྒྱུ་ཅི་ཡང་མེད་ལ། སྨྱུ་གུའི་འབྲི་ཚུལ་གཞན་ཡིན་ཟེར་ན་ཁུངས་ལྡན་གྱི་དག་ཡིག་ནང་དུ་ནི་མི་འདུག  དེ་དང་དེ་ལ་སོགས་ཁ་ཤས་ཤིག་མཐོང་།

དྲ་བའི་རྩོམ་ཡིག་གི་ཁ་བྱང་དམར་པོ་བྱས་པ་དེའང་ཡག་པོ་ཞིག་ཏུ་མ་མཐོང་། རྣམ་རྟོག་གཅིག་ཀྱང་མེད་མཁན་ཞིག་ཡིན་ན་དེ་ལྟར་ཟད་མོད།  བོད་ཀྱི་བཤད་སྲོལ་ཅིག་ལ་མི་ཤི་རྗེས་མིང་སྣག་ཚ་དམར་པོས་འབྲི་སྲོལ་ཞིག་ཡོད། གང་ལྟར་ཁ་ཡིག་དམར་པོ་བཞག་པ་དེ་ལེགས་པོ་དེ་ཙམ་མ་མཐོང་།

མི་སྣ་གྲགས་ཅན་དང་སྤྱི་ཚོགས་ཀྱི་གྲུ་ག་གང་སར་གནས་པའི་སྤྱིར་བཏང་གི་མི་ལ་དྲི་བ་དྲིས་ལན་བྱེད་ཐུབ་ན་དེའང་དྲ་བ་སྣ་མང་ཅན་དུ་བསྒྱུར་བའི་ཆ་ཤས་གལ་ཆེན་ཞིག་རེད། རྙོག་གྲ་ཆུང་ཚག་རེ་ལ་གཡོལ་བཞིན་པ་དེ་དྲ་བ་ལེགས་པོ་ཞིག་གི་འགན་ཁུར་སྟངས་མ་རེད། དེའི་ཐོག་ནས་བཤད་ན་བོད་ཀྱི་དུས་བབ་ཀྱིས་བཙན་བྱོལ་གྱི་དྲ་རྒྱ་ཚོ་ལ་མིག་དཔེ་ཡག་པོ་ཞིག་བསྟན་ཡོད། དེ་དང་བསྡུར་ན་བོད་ཀྱི་བང་ཆེན་གྱིས་འགན་དེ་ཙམ་ཁུར་མེད།  ད་དུང་ཁ་སྣོན་ཞིག་ཞུ་རྒྱུར་དྲ་རྒྱ་གཞན་ལས་ཤམ་བྷ་ལའི་དྲ་རྒྱ་བསྔོགས་དཀའ་བ་དང་འགྲོས་དལ་བར་ཚོར་བས་དེའང་དྲ་བདག་གིས་ཐུགས་སུ་ཉར་བར་ཞུ།

དྲ་གྲོགས་ཚོ་ལ་ཞུ་བ།
དྲ་གྲོགས་ཚོའམ་དྲ་པ་ཚོ་ནི་དྲ་བའི་ཚོགས་མི་ཡིན་ལ་ཁོང་ཚོ་མེད་ན་དྲ་བའི་ལས་དབང་ནི་བོད་ཀྱི་གཏམ་དཔེར་༼ཉན་མཁན་མེད་ན་བཤད་མཁན་ཁྱི་དང་འདྲ་༽ཟེར་བ་ནང་བཞིན་རེད། དེ་བས་ཁོང་ཚོ་ནི་དྲ་བའི་མེད་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིག་ཡིན། ཁོ་ཚོའི་བསམ་བློ་དང་ཀུན་སྤྱོད་ནི་དྲ་བའི་འདས་མ་ད་གསུམ་གྱི་ལས་དབང་ཡིན། དེ་བས་དྲ་པ་ཡག་པོ་ཞིག་དགོས་རྒྱུ་དང་དེ་དག་གི་ཆུ་ཚད་དང་དྲ་བའི་མཚན་སྙན་གྱི་བར་དུ་གཅད་དུ་མེད་པའི་འབྲེལ་བ་ཞིོག་གྲུབ་ཡོད།

ཤམ་བྷ་ལའི་དྲ་པ་ཚོའི་ཕྱོགས་ནས་བཤད་ན་བཙན་བྱོལ་གྱི་དྲ་པ་བྱིངས་དང་འགྲོས་མཉམ་པ་ཞིག་ལས་ཡར་ཐོན་ཅན་ཞིག་ཏུ་མ་མཐོང་ལ།  རྗེས་ལུས་ཅན་ཞིག་ཏུའང་དེ་བས་ཀྱང་མ་མཐོང་། ཡིན་ཡང་ཡིག་ནོར་མང་པོ་འབྲི་མཁན་གྱི་དྲ་པ་འགའ་རེ་འདུག་གོ་སྙམ་པའི་ཚོར་སྣང་ཞིག་ཁོ་བོར་སྟེར། བོད་ཡིག་འདིར་ཡིག་ནོར་བཅོས་བྱེད་ཀྱི་འཕྲུལ་ཆས་གང་ཡང་མེད་པས་ན། དབྱིན་ཡིག་དང་མི་འདྲ་བར་ཁ་ལག་གཉིས་ཀྱི་བར་ནས་ཡིག་ནོར་འགའ་རེ་ཤོར་འགྲོ་བ་བདེན་པ་རེད། ཡིན་ཡང་ཡིག་ནོར་ཤིན་ཏུ་མང་པོ་ཤོར་བ་དེ་འབྲི་བ་པ་དེ་དག་གིས་སྣང་མེད་བྱས་པས་རེད། དཔེར་ན་ངའི་དྲ་གྲོགས་རྙིང་བ་ཅོ་རི་ཉི་མ་ལྟ་བུར་ཆ་བཞག་ན་དོ་སྣང་ཡག་པོ་བྱེད་དུས་ཡིག་ནོར་མེད་པའི་རྩོམ་ཡིག་སྤུས་དག་རེ་འབྲིའང་དོ་སྣང་མི་སྤྲོད་དུས་མཆན་སོགས་སུ་ཡིག་ནོར་གྱི་དིང་རི་སྤུངས་པར་བྱེད་ཀྱི་རེད།

དྲ་པ་ཚོ་ལ་འགན་གཞན་ཞིག་ཡོད་པ་ནི་བོད་དང་རྒྱལ་སྤྱིའི་སྲིད་དོན་གྱི་འགྱུར་འགྲོས་ལ་དོ་སྣང་མང་བ་བྱེད་དགོས་པ་དང་། དེའི་སྐོར་གྱི་རྩོམ་ཡིག་གང་མང་འབྲི་རྒྱུའང་གལ་ཆེན་པོར་མཐོང་། དྲ་པ་མང་ཆེ་བ་གྲྭ་བ་ཡིན་པས་སྲིད་དོན་ལ་དོ་སྣང་མི་བྱེད་དོ་ཟེར་ན་ཀྱལ་ཀ་འདི་འདྲ་ཞིག་རྩེ་བར་བྱ་སྟེ། གྲྭ་བ་དག་གིས་མི་སྡུག་པ་སྒོམ་བཞིན་དུ་བུ་མོ་མཛེས་མར་བསྟོད་གླུ་ཅིའི་ཕྱིར་བླངས་ཞེས་པའོ།། སྲིད་དོན་ནི་ཤིན་ཏུ་གལ་ཆེ་སྟེ་ཇ་ཕོར་བ་གང་འཐུང་བ་དེའང་ཞིབ་ཏུ་བསམ་ན་སྲིད་དོན་དང་འབྲེལ་ནས་ཡོད་པ་རེད། ལྷག་པར་དུ་ང་ཚོ་ནི་སྲིད་དོན་སྐྱབས་བཅོལ་བ་ཡིན་པས་དེ་ལ་དོ་སྣང་མི་བྱེད་དོ་ཟེར་བ་ནི་རྒྱལ་ཁབ་མི་དགོས་སོ་མི་རིགས་མི་བསམ་མོ་ཟེར་བ་དང་གཅིག་མཚུངས་རེད། ཡིན་ཡང་དེ་ལྟར་བཤད་པ་དེ་སྤྱི་འཐུས་དང་བཀའ་བློན་གྱི་ཚོགས་མིར་ཞུགས་དགོས་པའི་སྐུལ་མ་མ་ཡིན་པ་དེའང་ཐུགས་སུ་བཞག་རོགས།

གཞུག་ཏུ་གལ་ཆེན་ཞིག་ཞུ་རྒྱུར་ཤམ་བྷ་ལའི་དྲ་བ་འདི་བོད་ཕྱི་ནང་གཉིས་དང་། ཆོལ་ཁ་གསུམ། ཆོས་ལུགས་ལྔ། མདོར་ན་བོད་སྐད་སྤྱོད་མཁན་ཡོངས་ལ་ཁ་ཕྱོགས་དགོས་ངེས་རེད། དེ་མིན་ཆོལ་ཁ་ག་གེ་མོ་ཞིག་དང་ཆོས་ལུགས་གཅི་གཅིག་གཉའ་གཉིས་ཞིག་ལ་དབང་རབས་བཤད་བསྡད་ན་སྤུན་ཟླ་ནང་ཁུལ་དུ་དམ་སྲི་འགྲོ་རྒྱུ་ཞིག་དང་། མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་ལ་ཐས་ཆག་གཏོང་བྱེད་ཀྱི་ལག་ཆར་འགྱུར་ངེས་རེད། ཁོ་ཚོས་ཆོལ་ཁ་ག་གེ་མོ་ཞིག་གི་ཡིན་རབས་བཤད་ཀྱིན་འདུག་པས་ང་ཚོས་ཀྱང་དེ་ལྟར་ཅིའི་ཕྱིར་ལབ་མི་ཆོག་ཟེར་ན་ཡང་ཀུ་རེ་ཞིག་རྩེ་བར་བྱ་སྟེ་ཁོ་ཚོས་སྐྱག་པ་ཟ་བཞིོན་འདུག་ན་ཁྱེད་ཀྱིས་ཀྱང་སྐྱག་པ་ཟ་རྒྱུ་ཡིན་ནམ་ཞེས་པའོ།།

འདི་ཚོ་ངའི་སེམས་སུ་ཤར་བ་དག་ཤར་མར་བྲིས་པ་ཡིན། སྤུན་ཟླ་ཚོ་ལ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་ཕུལ་སྙིང་འདོད། །།


  བསམ་ཚུལ།
 

23.12.2011 05:13:12

ཤ་ཀླན་པ། དམར་པོ་ཁྲག་དང་འདྲེས་པའི་སྐད་ཆ་འདི་དག་གཡས་ནས་གཡོན་དུ་འཁོར་སོང་། གཡོན་ནས་གཡས་སུ་འཁོར་སོང་། འོན་ཀྱང་ས་འདིར་ས་མཐའི་མྱི་འཁྱམ་འགའ་རེས་མཚམས་རེར་ལྷིང་འཇགས་ཀྱི་ཁོར་ཡུག་དཀྲུགས། གླེང་མོལ་གྱི་ར་བ་གཏོར་བ་སོགས་ཀྱིས་སྐབས་རེར་མི་མེད་ལུང་སྟོང་གི་རྣམ་པའང་ཆགས་ཀྱི་ཡོད། རེད་དེ། ང་ཚོ་རྒོད་རྒོད་ཀྱིས་ད་དུང་ས་འདིར་འཚོ་དགོས་ཡ

 
 
23.12.2011 09:58:27

བོད་མི་རིགས་ཀྱི་ཤ་ཁྲག་ལྡན་པའི་སྐད་ཆ་ཞེས་བཤད་འདུག དངོས་གནས་རྒྱབ་སྐྱོར་ཡོད།

 
 
24.12.2011 07:13:58

བཀུར་འོས་ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། སྙིང་དམར་པོའི་དབུས་ནས་བརྡོལ་བའི་བཀའ་མོལ་ལ་རྗེས་སུ་ཡིད་རངས་ཡོད། ལས་བྲེལ་གྱིས་རྐྱེན་པས་སྐུ་ཉིད་ཀྱི་གསུང་ལ་ལན་དུས་ཐོག་ཏུ་འབུལ་ཐུབ་མ་སོང་བས་དགོངས་འགལ་མེད་པ་ཞུ། སྐུ་ཉིད་ཀྱི་བཀའ་མོལ་ལ་དོ་སྣང་མེད་པ་དེ་འདྲ་རྩ་བ་ནས་མིན། སྐུ་ཉིད་ཀྱིས་གསུངས་པ་ལྟར་ངེད་ཤམ་བྷ་ལའི་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ཀྱི་གཅིག་ནི་ཤེས་ཡོན་གྱི་ཆུ་ཚད་དང་། གཉིས་ནི། ལས་བྲེལ། ལེ་ལོ་བཅས་ཀྱི་རྐྱེན་པས་ཡིག་ནོར་མི་ཉུང་བ་ཞིག་ཡོད་ངེས་པ་རེད། མ་འོངས་པར་ཡང་རྣམ་པ་ཚོས་དགོངས་འཆར་གཏོན་གིན་དུ་ང་ཚོའི་ངོས་ནས་ཀྱང་ཡོ་སྲང་དང་ནོར་བཅོས་གང་ཐུབ་ཞུའོ།

 
 
24.12.2011 09:56:06

དྲ་བདག་ལགས་ཀྱིས་གསུང་ལན་་གནང་བ་་བཀའ་དྲིན་ཆེ།

 
 
24.12.2011 09:25:42

ཡིག་ནོར་དང་ཡིག་ནོར་ཟེར་ནས་མང་པོ་ཞིག་བཤད་ཡོང་དུས་སུ་བོད་ཡིག་འབྲི་མི་ཕོད་པ་ཞིག་ཡོང་བ། ད་་མང་པོ་མི་འབྲི་་་གཟབ་གཟབ་འདྲ་ཨེ་ཐུབ་བལྟ་གི་ཡིན། ཡིག་ནོར་བྲིས་པ་དགོངས་དག་ཞུ། རྗེས་སུ་མི་འབྲི་ཐག་ཆད་ཡིན་་ཧཧཧཧ་་་མ་ཤེས་ཤོར་ན་ལེན་ཁག་མེད།

 
 
24.12.2011 10:00:02

སྤུན་ཟླ་་ལགས།ཡིག་ནོར་འབྲི་མི་ཆོག་ཟེར་བ་མིན།ཡི་གེ་འབྲི་དུས་གཟབ་གཟབ་གནང་རོགས་ཟེར་བ་ཡིན།གང་ལྟར་གསུང་ལན་འབྱོན་པར་ཐུགས་རྗེ་ཆེ།

 
 
25.12.2011 11:59:35

དྲྭ་གྲོགས་ཉིད་ཀྱིས་བསམ་འཆར་འདི་དུས་སུ་བབས་པའི་ཆར་དང་སྐབས་བབ་ཀྱི་གཏམ་ཞིག་ཅི་ལ་མིན་ཏེ་ཧ་ཅང་ཡག་པོ་གསུངས་འདུག་དགའ་བསུ་དང་ཡི་རངས་ཡོད།
དེ་མིན་བསམ་འཆར་ཅུང་ཟད་རེ་ཞུ་འདོད་ཡོད་ཀྱང་། དགོས་མི་དགོས་མང་པོ་ཞིག་སེམས་ལ་འཆར་ཡོང་བ་དང་འབྲི་ཚོད་མི་འདུག་པས་ད་དེ་རིང་བསྐྱུར་ཞོག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -