ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.12.2011 23:53:40
ཤ་ཀླན་འཇམ་དབྱངས་གྲགས་པ།

འདུ་འཛི་དྲག་པོའི་རླུང་དམར་ཁྲོད་ནས་བདག་ལ་གོ་སྐབས་མ་མཆིས་མོད།།
དུང་ཟླ་ཚེས་འདྲའི་སྐར་ཆེན་ཤར་འདྲའི་ཁྱེད་བཞིན་ཡིད་ངོར་ཤར་ཐེངས་རེར།།
ས་ཆེན་ཤོག་བུར་རྒྱ་མཚོ་སྣག་ཚར་བདག་ཉིད་ལྷ་ཆེན་ཚངས་པ་ཆེར།།
སྤྲུལ་ཏེ་ཁྱེད་ལ་བསྟོད་པའི་སྙན་ངག་བསྐལ་བའི་བར་དུ་འབྲི་ན་བསམ།།

ཁྱེད་ཀྱི་ཡིད་འོང་ཞལ་རས་འཀྱིལ་འཁོར་བདག་ཡིད་ངོས་སུ་ཤར་བ་དང་།།
ཁྱེད་ཀྱི་གཤིས་བཟང་ཤིང་བལ་འཇམ་པོས་བདག་སྙིང་དམར་པོར་རེག་པ་ནས།།
འཆི་མེད་ལྷ་ཡི་བུ་མོའི་ཚོགས་ལ་ཞེན་ཆགས་གཏན་དུ་བོར་གྱུར་ཏེ།།
ཚེ་རབས་གཏན་དུ་ཁྱེད་དང་འགྲོགས་པའི་འདོད་འདུན་དྲག་པོས་བདག་སེམས་གཡོས།།
ཁྱེད་རང་ཡོད་པས་འཇིག་རྟེན་སྙིང་པོ་འདུག །
ཁྱེད་རང་ཡོད་པས་འཚོ་བར་དོན་སྙིང་ལྡན།།
ཁྱེད་རང་འགྲོ་བ་སྤྱི་ལ་དོན་ཆུང་ཡང་།
ཉམས་ཆུང་ང་ལ་ཡིད་བཞིན་ནོར་བུ་འདྲ།།
ཐེངས་གཅིག་འཁྲིག་པའི་དོན་དུ་རེ་བ་མིན།།
དོན་གཉིས་ཤོར་བའི་ཆེད་དུ་རྩོད་པ་མིན།།
སྐུ་གསུམ་མངོན་དུ་བྱེད་ཆེད་བསྟེན་དགོས་པས།།
རྩ་བཞིར་འགལ་ཡང་བཙུན་ཆུང་ང་མི་སྐྲག །
ཡིད་འོང་ཞལ་རས་དཀྱིལ་འཁོར་རྫོགས་པ་ཉ་གང་ཟླ།།
རྟག་ཏུ་འཛུམ་དམུལ་འོད་ཟེར་བཀྱེ་བ་འཛམ་གླིང་ཉི།།
ལྷ་ཡིས་གནང་བའི་བུ་མོ་ཁྱེད་ནི་བལྟ་ན་སྡུག།
ཁོ་བོའི་སྙིང་གི་གསང་བ་འདི་ཀོ་སྐྱེས་སུ་ཕུལ།།
རྒྱ་རྫོངས་ནགས་ན་ལྗོན་པའི་དབང་པོ་དང་།།
རིན་ཆེན་དབུས་ན་རིན་ཆེན་དང་པོར་བསྔགས།།
བུ་མོ་ཀུན་གྱི་དབུས་ན་ཁྱེད་ཉིད་དེ།།
ཁོ་བོའི་སྙིང་གི་དཀྱིལ་ནའང་ཁྱེད་ལས་སུ།།
བདེ་ཆེན་དབང་མོ་བདེ་སྦྱིན་མ་དེ་ངོ་དེབ་དྲ་བར་ཞུགས་དང་ལྷན།།
བོད་གྲགས་ང་ཡང་སྤྲོ་འཚེ་གླིང་ནས་ངལ་གསོ་ཏོག་ཙམ་བྱེད་དགོས་པས།།
ཕན་ཚུན་གྲོགས་སྒྲིག་ངོ་ཤེས་བཏང་སྟེ་གཏམ་ཞིག་གླེང་ན་ཅི་འདྲ་རེད།།
ཡར་མར་ཕར་ཚུར་རྒོད་ཞོར་རྩེད་ཞོར་འཆམ་ཙམ་བྱས་ན་གང་འདྲ་འདུག །
སྡོམ་ཁྲིམས་འདི་ལ་དམ་ལྷོད་མི་འདུག་འདུལ་བའི་གླེགས་ཐག་ཆད་དུ་ཅི།།
བུ་མོ་འདི་ཚོ་གཅིག་ལས་གཅིག་མཛེས་བདུད་དམ་ལྷ་མིན་སྤྲུལ་བར་ངེས།།
ཐ་མལ་སྐྱེས་བུ་དུག་གསུམ་དབང་གྱུར་ང་ནི་ལྷག་ཏུ་དེ་ཡིས་གཙེས།།
མ་འདྲིས་མཛའ་བཤེས་སྟོན་པ་སངས་རྒྱས་དགོངས་སྐོར་མི་ཕོད་ད་ཅི་བྱ།།
༢༠༡༡  ༡༢  ༢༡ཉིན་ཐོལ་གྱིས་རྡོལ་བའི་སྙན་ངག་རྣམས་ཕྱོགས་གཅིག་ཏུ་ལེགས་པར་བསྒྲིགས་པ་དགེའོ།།  །།

  བཅད་མའི་སྙན་ངག
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -