ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.11.2011 13:06:23
མཁར་སྒང་བསོད་ནམས་དབང་ལྡན།

༄༅། །ཕར་ཕྱིན་སྐོར་ལ་དཔྱད་པའི་གཏམ་ལས་གཞི་ཤེས་ལ་དཔྱད་པ་རྣམ་དཔྱོད་བློའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།
༄༅། །དགྲ་གཉེན་ཀུན་ལ་འཛུམ་མདངས་རྒྱས་པ་དང༌། །

ཐམས་ཅད་སྒྱུ་མར་སྨྲ་བའི་གསུང་དག་ལས། །
སྲིད་ཞི་འགོག་བྱེད་ཐབས་ཤེས་རྫོགས་པར་རྟོགས། །
རྟག་ཆད་མཐའ་གཉིས་སྤངས་ལ་མགོས་ཕྱག་འཚལ། །


ཞེས་ནང་ཤེས་བྱེད་ཀྱི་རྒྱུའི་སྒོ་ནས་མཐའ་གཉིས་སྤངས་པའི་བླ་མ་རྣམས་ལ་མཆོད་པར་བརྗོད་དེ། འདིར་སྐབས་གསུམ་པའི་བརྗོད་བྱ་མཐའ་གཉིས་འགོག་པའི་ཤེས་རབ་ཀྱིས་ཟིན་པའི་གཞི་ཤེས་སོགས་ཅུང་ཟད་འཆད་པ་ལ། ཁ་ཅིག མི་མཐུན་ཕྱོགས་ཀྱི་གཞི་ཤེས་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོའི་དེ་ཡིན་ཟེར་བ་ལ། སྤྱི་དོན་དུ།༤ བྱང་འཕགས་ཀྱིས་མི་མཐུན་ཕྱོགས་ཀྱི་གཞི་ཤེས་རང་རྒྱུད་ལ་བསྐྱེད་ནས་མི་སྒོམ་པ་དང༌། སྐབས་གསུམ་པའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་མེད་པའི་ཕྱིར་ཞེས་བཀག

འོ་ན། རྒྱན་གྱི་མཆོད་བརྗོད། ཉན་ཐོས་ཞི་བ་འཚོལ་རྣམས། ཞེས་སོགས་ཀྱིས་ཉན་རང་གི་རྒྱུད་ཀྱི་གཞི་ཤེས་སམ་ཉེར་ཞི་འཚོལ་བ་པོའི་གཞི་ཤེས་དངོས་བསྟན་བསྟན་བྱའི་གཙོ་བོར་མི་བྱེད་པར་ཐལ། དེ་བྱང་འཕགས་ཀྱི་རྒྱུད་ལ་བསྐྱེད་ནས་མི་སྒོམ་པའི་ཕྱིར་དང༌། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་མེད་པའི་ཕྱིར་ཟེར་ན་མི་མཚུངས་སོ་སྙམ་སྟེ། མཆོད་བརྗོད་ཀྱིས་ནི་ལམ་ཉམས་ལེན་གྱི་རིམ་པ་དང་མཐུན་པར་ཉེར་ཞི་འཚོལ་བ་པོའི་གཞི་ཤེས་ལ་བསྟོད་པ་ཙམ་ཡིན་ཞིང༌། འདིར་ནི་ཉན་རང་རྣམས་རྗེས་སུ་བཟུང་བ་ལ་བྱང་སེམས་ཀྱིས་གཉེན་ཕྱོགས་གཞི་ཤེས་རྒྱུད་ལ་བསྐྱེད་དགོས་པར་བསྟན་པའི་ཕྱིར་རོ། །

གཞན་ཡང༌། ཁ་ཅིག དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་གཞི་ཤེས་དེ་སྐབས་གསུམ་པའི་དངོས་ཀྱི་བསྟན་བྱའི་གཙོ་བོ་ཡིན་ཟེར་བ་ལ། སྤྱི་དོན་དུ། ༧ མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པའི་བྱང་སེམས་མཐོང་ལམ་པ་མེད་པའི་ཕྱིར། ཞེས་བཀག་གོ།

རྟགས་དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ཅི་ཞེ་ན། དེ་འདྲའི་ཉན་ཐོས་ཀྱི་ལམ་ནི། བྱང་སེམས་ཀྱིས་རང་རྒྱུད་ལ་བསྐྱེད་པའི་སྒོ་ནས་ཤེས་པར་བྱ་བ་ཡིན་ཡང༌། འདའ་བྱའི་ཚུལ་གྱིས་མངོན་དུ་བྱ་བ་མ་ཡིན་པས། དེ་འདྲའི་སྒོམ་ལམ་འདིར་བསྟན་བྱའི་གཙོ་བོར་མི་གཟུང་བའོ། །དེ་ལྟར་ཡང་འགྲེལ་པ་ལས། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་ནི་མ་ཡིན་པས། སྒོམ་པའི་ལམ་ནི་མ་བསྟན་ཏོ། །ཞེས་གསུངས་སོ། །

འོན་ཀྱང་གཞི་ཤེས་ཀྱི་སྐབས་སུ་ཉན་ཐོས་ཀྱི་ལམ་དུ་གྱུར་པའི་བྱང་སེམས་ཀྱི་སྒོམ་ལམ་བསྟན་པ་ཙམ་ནི་ཡིན་ཏེ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཞེས་པའི་འབྲས་ཡུམ་ལ་མཐོང་སྒོམ་གྱི་ལམ་ཤེར་ཕྱིན་གཉིས་ཀ་འཇོག་དགོས་པ་གསེར་ཕྲེང་ཡིག་ཆ་སོགས་ལས་གསུངས་པས་སོ། །ཡང་འདའ་བྱ་འདའ་བྱེད་སོགས་ལ་བྱེད་ན། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་སྒོམ་ལམ་ཡང་འདིར་བསྟན་ནམ། ཞེས་སོགས་དཔྱད་བྱ་མང་ངོ༌། །

 

རིགས་པའི་རོལ་རྩེད་ཅུང་ཟད་སྤྲོ་ན།

 

འགྲེལ་པའི་༦༧། སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར། ཞེས་སོགས་ཀྱི་སྐབས་སུ། གསེར་ཕྲེང་༥༧༨ལས། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང༌། འདིར་ཡང་འོག་ཏུ་འཁོར་བ་དང༌། ཞེས་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས། ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །ཞེས་གསུངས།

རྣམ་བཤད་༣༢༢ལས་ནི། ཉན་རང་རྣམས་ཀྱིས་ཉི་ཚེ་བའི་ཚུལ་དུ། ཞེས་པ་ནས། ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་ཕྱིར། ཞེས་པའི་བར་གྱིས་བཀྲལ་ལོ། །

འདིར་རྣམ་བཤད་ཀྱི་ཚིག་དོན་ཅུང་ཟད་འགྲེལ་ན་འདི་ལྟར། ཉན་རང་རྣམས་ཀྱིས་ཉི་ཚེ་བའི་ཚུལ་དུ་རང་གི་རྟོགས་པ་ཙམ་གྱི་གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་གནས་པའི་ཉན་ཐོས་སློབ་པ་ཆོས་ཅན། འཁོར་བའི་མཐའ་ལ་གནས་པ་ཡིན་ཏེ། འཁོར་བར་སྐྱེ་བའི་དངོས་པོ་ཙམ་ལ་མཐའ་གཅིག་ཏུ་དོར་བྱར་བཟུང་བ་སྟེ་བདག་འཛིན་ཙམ་སྤང་བྱར་བཟུང་བའི་ཕྱིར། རྟགས་གྲུབ་སྟེ། ལས་ཉོན་གྱིས་སྐྱེ་བ་འགོག་པར་མ་ཟད། སྙིང་རྗེ་དང་སྨོན་ལམ་གྱིས་སྐྱེ་བའང་འགོག་པའི་ཕྱིར་ཏེ། སྙིང་རྗེ་ཆེན་པོ་རྒྱུད་ལ་མེད་པའི་ཉན་ཐོས་སློབ་པ་ཡིན་པས་སོ། །

ཡང་དེ་ཆོས་ཅན། མྱང་ངན་ལས་འདས་པའི་མཐའ་ལ་གནས་པ་མེད་པར་ཤེས་པར་བྱ་སྟེ། སྲིད་པར་སྐྱེ་བ་ཙམ་ཆད་པ་ལས་ཐོབ་པའི་སྲིད་པར་སྐྱེ་བའི་དངོས་པོ་མེད་པ་སྟེ་ཐེག་དམན་གྱི་མྱང་འདས་བླང་བྱར་བཟུང་བའི་ཕྱིར། ཁྱབ་སྟེ། ཐོབ་ཟིན་ན་བླང་བྱའམ་འཐོབ་བྱར་བཟུང་བ་འགལ་བའི་ཕྱིར། རྟགས་གྲུབ་སྟེ། སྲིད་པར་སྐྱེ་བ་ཆད་པ་སྟེ་མྱང་འདས་ཐོབ་འདོད་པ་གང་ཞིག ཐེག་ཆེན་གྱི་མྱང་འདས་སྒྲུབ་པའི་ཐབས་མི་ཤེས་པའི་ཕྱིར། ཕྱི་མ་དེར་ཐལ། ལས་ཉོན་གྱིས་སྐྱེ་བ་བཀག་ཀྱང༌། སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་མྱང་འདས་སྒྲུབ་པའི་ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་ཕྱིར་རོ། །

གཞན་ཡང་རྣམ་བཤད་༣༢༣ལས། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང༌། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི། གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ། །ཞེས་གསུངས་པས། མང་པོས་རྣམ་བཤད་ལ་ནང་འགལ་འདུག་སྙམ་པ་ཡོད་ཤས་ཆེ་ཞིང༌། མཁས་པ་ཆེན་པོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ཀྱང༌། དགོངས་མཛོད་འབྱེད་པའི་ལྡེ་མིག་༡༠༡ཏུ། ༼ས༽འགྲེལ་པའི། སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར། ཞེས་པ་གོ་བཟློག་ནས་སྦྱོར་དགོས་པར་བཞེད། ༼ན༽ གོ་རིམས་སུ་སྦྱར་བ་རང་ལུགས་མཛད་ནས། རྒྱུ་མཚན་གཉིས་གོ་བཟློག་ནས་སྦྱོར་བ་འགྲེལ་པའི་གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བར་བཤད། ཅེས་གསུངས། ཚིག་གི་བབ་ལ་དཔག་ན། རྣམ་བཤད་ལས། མཇུག་ཐོགས་དེ་མ་ཐག་ཏུ་གསུངས་པ་ལ་བསམས་ནས། རྒྱུ་མཚན་སྔ་མ་གཉིས། ཞེས་པའི་སྔ་མ་དེ་སྙིང་བརྩེ་བ་ལ་བཟུང་བར་སྣང་ཡང༌། མིན་ཏེ། རྒྱུ་མཚན་སྔ་མ་གཉིས་ཞེས་པའི་སྔ་མ་ནི་འགྲེལ་པའི། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། ཞེས་པ་དེ་ཡིན་ནོ། །

དེའི་ཚུལ་ཡང༌། འགྲེལ་པ་དོན་གསལ་དུ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། ཞེས་པ་དང༌། ཤེས་རབ་དང་བྲལ་བའི་ཕྱིར། ཞེས་པ་གཉིས་རིམ་བཞིན་འབྱུང་བ་ལ། རྗེ་རིན་པོ་ཆེའི་སྔོན་གྱི་མཁས་པ་ཁ་ཅིག དེ་གཉིས་གོ་བཟློག་ནས་འདི་ལྟར། འབྲས་ཡུམ་ལ་རིང་བ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བའི་ཕྱིར། ཞེས་དང༌། འཁོར་བ་ལ་གནས་པ་ཡིན་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། ཞེས་སྦྱར་དགོས་པ་ཡིན་ཟེར།

དེ་འགོག་པ་ལ་གསེར་ཕྲེང་༥༨དུ། འདི་ལ་ཁ་ཅིག་སྔར་ལྟར་མི་སྦྱོར་བར་དུས་གསུམ་ཞེས་སོགས་སྲིད་ཞི་ལ་མི་གནས་པའི་རྒྱུ་མཚན་དུ་འགོད་པ་ནི། དོན་མིན་ཏེ། དངོས་བསྟན་འདིས་དུས་གསུམ་ཞེས་སོགས་ཉེ་བ་དང༌། ཤུགས་བསྟན་དུ་དེ་ཉན་རང་ལ་ཡུམ་རིང་བའི་རྒྱུ་མཚན་དུ་མ་སྦྱར་ན། འོག་ཏུ་དུས་གསུམ་མཉམ་ཉིད་རྟོགས་པ་ཡོད་མེད་ཀྱི་རྒྱུ་མཚན་གྱིས་ཐེག་པ་ཆེ་ཆུང་ལ་ཡུམ་ཉེ་རིང་དུ་འཇོག་པ་མི་འཐད་ཅེས་རྩོད་པ་ཇི་ལྟར་འབྲེལ་སྨྲ་དགོས་སོ། །ཞེས་གསུངས།

དེས་ན་རྣམ་བཤད་ལས། རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ། །ཞེས་པའང་འདི་ལ་ཞལ་འཕངས་མཛད་པ་ཡིན་ཏེ། གསེར་ཕྲེང་ལས། དོན་མིན་ཏེ། ཞེས་པ་དང༌། རྣམ་བཤད་ལས། དོན་མིན་པར་རྗེ་ཉིད་ཀྱི། ཞེས་སོགས་ཚིག་རིས་ཀྱང་ཤིན་ཏུ་འདྲ་བའི་ཕྱིར་རོ། །

འོ་ན། འགྲེལ་པར། འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་འབྱུང་བ་ལ། རྣམ་བཤད་དུ། མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་མེད་པར་ཤེས་པར་བྱའོ། །ཞེས་འབྱུང་བའི་རྒྱུ་མཚན་ཅི་སྙམ་ན། བཤད་པར་བྱ་སྟེ། རྣམ་བཤད་༣༢༣ལས། གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་གནས་པའི་ཉན་ཐོས་ཆོས་ཅན། ཞེས་ཉན་ཐོས་སློབ་པ་འཕགས་པ་ཆོས་ཅན་དུ་བཟུང་བས། དེ་ནི་མྱང་འདས་ཀྱི་མཐའ་ལ་གནས་པ་མེད་པའི་ཕྱིར་དེ་ལྟར་གསུངས་པ་ཡིན་ལ། འགྲེལ་པར་གསུངས་པ་ནི། སློབ་མི་སློབ་ཀྱི་ཁྱད་མ་ཕྱེ་བར་ཉན་ཐོས་འཕགས་པ་སྤྱི་ཙམ་པ་ཆོས་ཅན་དུ་བཟུང་བས། སློབ་པ་འཕགས་པ་རྣམས་འཁོར་བའི་མཐའ་ལ་གནས་པ་དང༌། མི་སློབ་པ་རྣམས་མྱང་འདས་ཀྱི་མཐའ་ལ་གནས་པ་ཡིན་པར་གསུངས་པས་འགལ་བ་མེད་དོ། །

ཡང་འགྲེལ་པའི། ཤེས་རབ་དང་བྲལ་བའི་ཕྱིར། ཞེས་པ་ལ་མཁས་པའི་དབང་པོ་ཁ་ཅིག རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་བ་འཇོག་པའང་འཁོར་བ་ལ་གནས་པའི་སྒྲུབ་བྱེད་དུ་འགོད་ན་ནི། ལུགས་འདིར་ཁྱབ་པ་མ་ངེས་ལ། འཁོར་བ་ལ་བདེན་པར་ཞེན་པའི་སྒྲུབ་བྱེད་ཡིན་ན་ནི་ཁྱབ་པ་ངེས་མོད། འགྲེལ་པར། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་རྗེས་འགྲོ་དང་ལྡོག་འགྲོའི་སྒོ་ནས་བཀྲལ་ཅིང༌། སྔ་མ་ཐ་སྙད་དུ་ཡོད་པའི་དབང་དུ་བྱས་ནས་བཀྲལ་འདུག་པས། ཕྱི་མའང་དེའི་ལྡོག་འགྲོ་ཡིན་པའི་ཕྱིར་ཐ་སྙད་པའི་དབང་དུ་བྱ་དགོས་མིན་སོགས་དཔྱད་བྱ་མང་ངོ༌། །

གཞན་ཡང༌། འདིའི་ཤེས་རབ་དེ་བདག་མེད་རྟོགས་པའི་ཤེས་རབ་ལ་བྱེད་ན། སྒྲུབ་བྱེད་དུ་འགྲོ་བ་ལྟར་སྣང་ཡང༌། རྟགས་མ་གྲུབ་པ་ཡིན་ཏེ། འགྲེལ་པར། རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་ཉན་ཐོས་འཕགས་པ་ཆོས་ཅན་དུ་བཟུང་བའི་ཕྱིར་རོ། །ཁྱབ་སྟེ། ཉན་ཐོས་འཕགས་པ་ཡིན་ན་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་ལྡན་པས་ཁྱབ་པའི་ཕྱིར། དེས་ན་རྣམ་བཤད་ཀྱིས་བཀྲལ་ཚུལ་ཉིད་རྗེ་ཡབ་སྲས་རྣམས་ཀྱི་དགོངས་པ་བླ་ན་མེད་པའོ། །འོ་ན་གསེར་ཕྲེང་དང་འགལ་སྙམ་ན། དེར་བཀོད་པ་ནི་སྔ་རབས་པའི་འདོད་ཚུལ་ཞིག་ཡིན་ནམ་སྙམ།

མཁས་པའི་དབང་པོ་ཁ་ཅིག ཉན་ཐོས་ལ་སོགས་པ་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞི་ཤེས་ཆོས་ཅན། ཕུང་པོའི་དངོས་པོ་དང་དངོས་པོ་མེད་པར་བདེན་པར་མི་དམིགས་པའི་མཚན་འཛིན་གྱི་ས་བོན་གྱིས་བཅིངས་པ་ཉིད་ཀྱིས་འཁོར་འདས་ལ་གནས་ཏེ། སྙིང་བརྩེ་བ་དང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་བའི་གཞི་ཤེས་ཡིན་པའི་ཕྱིར། ཞེས་གསུངས་ཀྱང་སྔར་བཤད་པ་ལྟར་ཁྱབ་པ་མ་ངེས་སོ་སྙམ།

ཡང་དོགས་པ་འདི་ལྟར། འགྲེལ་པའི། སྙིང་བརྩེ་བ་དང་བྲལ་བའི་ཕྱིར། ཞེས་པ་ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པའི་ལྡོག་འགྲོ་ཡིན་ན་ནི། བདག་མེད་རྟོགས་པའི་ཤེས་རབ་ལ་བྱེད་དགོས་པས། ཉན་ཐོས་འཕགས་པ་ཆོས་ཅན་དུ་བཟུང་མི་རིགས་ཏེ། དེ་དང་མ་བྲལ་བའི་ཕྱིར། ཞེས་སོགས་དཔྱད་བྱ་ཤིན་ཏུ་མང་ངོ༌། །

ཡང་རྣམ་བཤད་ཀྱི། རྒྱུ་མཚན་སྔ་མ་གཉིས། ཞེས་སོགས་ལ་ཁ་ཅིག སྔ་མ་ནི་སྙིང་བརྩེ་བ་ལ་བྱེད་ཟེར་ཡང་མི་འཐད་དེ། གསེར་ཕྲེང་ལས། ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །ཞེས་དེ་གཉིས་གོ་བཟློག་ནས་སྦྱར་བ་རང་ལུགས་སུ་མཛད་བཞིན་དུའང་ཡང་གོ་བཟློག་ནས་སྦྱོར་བ་དོན་མིན་ཞེས་རྗེ་ཉིད་ཀྱིས་ཇི་ལྟར་གསུངས།

དེའང་ཐལ་ངག་ཏུ་བཤད་ན། སྔ་མ་སྙིང་བརྩེ་བ་དང་ཕྱི་མ་ཤེས་རབ་དང་བྲལ་བ་གཉིས་གོ་བཟློག་ནས་སྦྱར་བ་མི་འཐད་པར་ཐལ། དེ་ལྟར་སྦྱར་བ་དོན་མིན་པར་རྗེ་ཉིད་ཀྱིས་གསུངས་པའི་ཕྱིར། ཞེས་པ་སྟེ། དེ་ལྟར་ཡང་རྣམ་བཤད་ལས། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི། གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གསེར་ཕྲེང་ལས། ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །ཞེས་གསུངས་པའི་ཕྱིར།

གཞན་དག་ན་རེ། རྒྱུ་མཚན་སྔ་མ་གཉིས་ཞེས་པའི་གཉིས་ཚིག་ལ་བསམས་ནས། སྔ་མ་གཉིས་ནི་དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས། ཞེས་པ་ལ་བྱེད་ཟེར་ཡང༌། ཚིག་ཙམ་ལའང་ལེགས་པར་མ་བརྟགས་པའི་སྐྱོན་ཡིན་ཏེ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང༌། རྒྱུ་མཚན་སྔ་མ་གཉིས་གོ་བཟློག་ནས། ཞེས་འབྱུང་བས། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་གཅིག རྒྱུ་མཚན་སྔ་མ་གཅིག་སྟེ། དེ་གཉིས་གོ་བཟློག་ནས། ཞེས་པའི་དོན་ཡིན་པས་སོ། །དཔེར་ན། ཀ་བ་དང་བུམ་པ་གཉིས་ཞེས་བརྗོད་ཚེ། བུམ་པ་གཉིས་གོ་ན་བཞད་གད་ཀྱི་གནས་ཡིན་པ་ལྟར་རོ། །

ཡང་ཁ་ཅིག་གིས། རྒྱུ་མཚན་སྔ་མ་གཉིས་ཞེས་པ་ནི། རྣམ་བཤད་རང་གི། དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་བྱ་ཞིང༌། དེ་གཉིས་གོ་རིམ་བཟློག་སྟེ་སྦྱོར་བ་གཞུང་འདིའི་དོན་མིན་པར་གསེར་ཕྲེང་༥༧༨དུ། རྟོགས་དཀར། ཉན་ཐོས་ཀྱི་ལུགས། ཞེས་སོགས་ཀྱིས་བསྒྲུབས་སོ། །སྙམ་དུ་བསམས་པར་མངོན་ཡང་གོང་བཤད་ལྟར་རྣམ་བཤད་ཀྱི། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང༌། ཞེས་པའི་ཚིག་འདི་ལ་དགོངས་པ་མ་བཞེས་པའི་རྟགས་དང༌། རྣམ་བཤད་ཀྱི་དམིགས་འབྱེད་ཚུལ་ཇི་བཞིན་མ་ཤེས་པའི་སྐྱོན་དུ་ངེས་སོ། །

ཡང་ཁ་ཅིག རྣམ་བཤད་༣༢༢ལས། མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་མེད་པར་ཤེས་པར་བྱའོ། །ཞེས་པ་ཡིག་ནོར་ཏེ། གནས་པར་ཤེས་པར་བྱའོ། །ཞེས་པའི་དོན་ཡིན་ཏེ། འགྲེལ་པ་དོན་གསལ་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ཟེར་ཡང་ཞིབ་ཏུ་མ་དཔྱད་པའི་སྐྱོན་ཡིན་ཏེ། རྣམ་བཤད་མཇུག་ཐོགས་དེ་མ་ཐག་ཏུ། དེའི་རྟགས་ལ། སྲིད་པར་སྐྱེ་བ་ཙམ་ཆད་པ་ལས་ཐོབ་པའི་སྲིད་པར་སྐྱེ་བའི་དངོས་པོ་མེད་པ་བླང་བྱར་དམིགས་པ་ཉིད་ཀྱིས་སོ། །ཞེས་ཐེག་དམན་གྱི་མྱང་འདས་བླང་བྱའམ་འཐོབ་བྱར་བཟུང་བར་བཤད་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་འཕགས་པས་རྣམ་མཁྱེན་འཐོབ་བྱར་མི་གཟུང་བའི་ཕྱིར། རྟགས་གྲུབ་སྟེ། སྲིད་པར་སྐྱེ་བ་ཙམ་ཞེས་པའི་ཙམ་སྒྲས་ཐེག་ཆེན་གྱི་མྱང་འདས་བཅད་པས་ཐེག་དམན་གྱི་མྱང་འདས་ཡིན་པར་གྲུབ་ཅིང༌། བླང་བྱར་དམིགས་པ་ཉིད་ཀྱིས་སོ། །ཞེས་པས་ཉན་ཐོས་དགྲ་བཅོམ་ཡིན་པ་བཅད་པས། ཉན་ཐོས་སློབ་པ་འཕགས་པ་ཆོས་ཅན་དུ་བཟུང་བ་ལེགས་པར་གྲུབ་ལ། དེ་ལྟར་ན་མྱང་འདས་ལ་གནས་པ་མེད་པར་ཤེས་པར་བྱའོ། །ཞེས་པ་ཡིག་ནོར་དུ་འགྲོ་དོན་ཅུང་ཟད་ཀྱང་མི་འདུག་ལ། སྤྱིར་ན་རྗེ་ཡབ་སྲས་སོགས་རྩོམ་ལ་ཤིན་ཏུ་མཁས་པས། ཚིག་རེ་ལའང་གོ་རྒྱུ་ཟབ་མོ་རེ་མཛད་འདུག་པ་རྣམས་རང་རེས་མ་འདྲེས་པར་ཤེས་པར་བྱ་དགོས་རྒྱུ་གལ་ཆེ་བར་འདུག་སྟེ། དེང་ཡི་གེའི་འགྲོས་ལ་རིན་ཐང་མི་བརྩི་བའི་ལུགས་ཡིན་པས་བཤད་དཀའོ། །

ཡང་ཁ་ཅིག རྒྱུ་མཚན་སྔ་མ་དུས་གསུམ། ཞེས་སོགས་ལ་བྱེད་པ་མི་འཐད་དེ། གསེར་ཕྲེང་གི། འདི་ལ་ཁ་ཅིག་སྔར་ལྟར་མི་སྦྱོར་བ། ཞེས་སོགས་ཀྱི་གཞུང་དེ་རྗེས་ལྡོག་གཉིས་ལས་རྗེས་འགྲོ་འགྲེལ་སྐབས་སུ་འབྱུང་བས་སོ། །ཟེར་ན་སྐྱོན་མེད་དེ། དངོས་བསྟན་ཤུགས་བསྟན་ལ་སྦྱར་ནས་བཤད་ཆོག་པ་གསེར་ཕྲེང་རང་ལས་གསལ་བའི་ཕྱིར་རོ། །

ཡང་ཁ་ཅིག འདིའི་རྒྱུ་མཚན་སྔ་མ་གཉིས་ཞེས་པ་ནི། རྗེས་འགྲོའི་སྐབས་སུ་བྱང་འཕགས་རྒྱུད་ཀྱི་གཞི་ཤེས་འབྲས་ཡུམ་ལ་ཉེ་བའི་རྒྱུ་མཚན་དང༌། བྱང་འཕགས་རང་ཉིད་ཀྱང་སྲིད་ཞི་ལ་མི་གནས་པའི་རྒྱུ་མཚན་གཉིས་གསུངས་པ་ལ་བྱེད་པ་མི་འཐད་དེ། རྣམ་བཤད་ཀྱི། ཉན་ཐོས་འཕགས་པ་དང་རང་སངས་རྒྱས། ཞེས་པ་ནས། ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་ཕྱིར། ཞེས་པའི་བར་གྱིས་འགྲེལ་པའི། ཀུན་ཤེས་པ་ཉིད། ནས། ཤེས་པར་བྱའོ། །ཞེས་པའི་བར་ལ་འབྲུ་སྣོན་ལེགས་པར་མཛད་ཟིན་པ་འགྲེལ་རྣམ་སྦྱར་ཏེ་བལྟས་པས་ཤེས་ནུས་ལ། དེ་ལྟར་ན། རྣམ་བཤད་ཀྱི། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང༌། ཞེས་པ་བཟློག་འགྲོའི་འབྲུ་སྣོན་དུ་ཡར་སྦྱར་བ་ནི། མི་འགྲིག་བཞིན་དུ་ཞྭ་དཔེ་ལྷམ་འགེབས་ལྟར་ཡིན་པས། དེ་ནི་རྒྱུ་མཚན་སྔ་མ་ཞེས་པའི་ཟླ་རུ་མར་སྦྱར་དགོས་སོ། །དེའི་ཕྱིར། རྒྱུ་མཚན་སྔ་མ་ལ་གཅིག་ལས་གཉིས་མེད་པར་གྲུབ་སྟེ། གཞན་དུ་ན། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང༌། ཞེས་པའི་ཚིག་འདི་གང་དུ་སྦྱར་ཡང་མི་འགྲིག་པར་འགྱུར་བས་སོ། །

འདིར་སྨྲས་པ།

སྔོན་བྱོན་དྲན་དབང་ཚོགས་ཀྱིས་གནས་འདི་ལ། །

རོ་འཛིན་གཡོ་བའི་ངལ་བ་མ་མཛད་པར། །

རྨོངས་རྟུལ་ཁོ་བོའི་བགོ་སྐལ་དུ་བཞག་པ། །

ཅུང་ཟད་བཤད་འདིས་བླ་མ་མཉེས་གྱུར་ཅིག །

ཅེས་པ་འདི་ནི། སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན་ནམ་མིང་གཞན་རིགས་པའི་སྨྱུ་གུས་༢༠༠༤།༩།༡༡ དང༌། ༡༠།༢༢ སོགས་ལ་བྲིས་པའོ། །

ཕྱག་དཔེ་རྣམས་ཀྱི་མཚན་དང་པར་སྐྲུན་ཞུ་ཡུལ།

༡་       འགྲེལ་པ་དོན་གསལ། བློ་གླིང་པར་མ།

༢་       ལེགས་བཤད་གསེར་ཕྲེང༌། སེར་བྱེས་པར་མ།

༣་       རྣམ་བཤད་སྙིང་པོ་རྒྱན། ཝར་ཎཱ་པར་མ།

༤་      སྤྱི་དོན་རོལ་མཚོ། བོད་པར།

༥་       དགོངས་མཛོད་འབྱེད་པའི་ལྡེ་མིག ཝར་ཎཱ་པར་མ།

འདི་ནི་དུས་དེབ་གཅིག་ཏུ་སྔར་བཀོད་པ་སླར་ཡང་འདིར་འགོད་པའོ། །


  གཞུང་ཆེན་མོའི་སྐོར།
 

13.11.2011 07:54:59

ཁོ་བོའི་རྟོག་ངོར་འཆར་ཚུལ་མདོར་བསྡུས་ཤིག་ཞུ་ན་ རྣམ་བཤད་ལས་ རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་ཞེས་སོགས་ཀྱི་དོན་ནི་རྒྱུ་མཚན་སྔ་མ་གཉིས་ནི་དངོས་པོ་དང་དངོས་པོ་མེད་པ་ཉིདཀྱིས་ཞེས་པའི་རྒྱུ་མཚན་དེ་གཉིས་ལ་ལྟོས་ཏེ་སྔ་མ་རྙིང་བརྩེ་བ་དང་བྲལ་བའི་ཕྱིར་དང་ཤེས་རབ་དང་བྲལ་བའི་ཕྱིར་ཞེས་པ་དེ་གཉིས་ཡིན་ལ་ འགྲེལ་བའི་ཚིག་ཟིན་ལ་རྒྱུ་མཚན་གཉིས་གོ་རིམ་བཞིན་གསལ་བ་འཁོར་བ་དང་མྱང་འདས་ལ་གནས་པ་་གཉིས་ལ་སྦྱར་བས་ ཚིག་ཟིན་ལྟ་ན་རྙིང་བརྩེ་བ་དང་བྲལ་བའི་ཕྱིར་འཁོར་བ་ལ་གནས་པ་དང་ཤེས་རབ་དང་བྲལ་བའི་ཕྱིར་མྱང་འདས་ལ་གནས་པར་བསྒྲུབས་པ་འགྱུར་ལ་་དེ་མི་འཐད་པ་ནི་གོ་སླ་ དེའི་ཕྱིར་རྣམ་བཤད་ལས་འགྲེལ་བའི་ཚིག་ཟིན་ལ་འོག་གི་གསལ་བ་གཉིས་ཀྱི་གོ་རིམ་ལ་ལྟོས་ཏེ་རྒྱུ་མཚན་སྔ་མ་གཉིས་་གོ་ལྡོག་ནས་སྦྱར་བ་གྱུར་ཡང་འགྲེལ་བའི་དགོངས་པ་མིན་པ་རྗེ་ཡི་ལེགས་བཤད་གསེར་ཕྲེང་ལས་འབྱུང་བ་ཡིན་ཞེས་པའི་དོན་ནོ་ ཇི་སྐད་དུ་ལེགས་བཤད་གསེར་ཕྲེང་ལས་ འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་སྔོན་ལ་བྱུང་བས་རྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ་ཞེས་གསུངས།

 
 
13.11.2011 08:05:28

ཪྒན་ལགས་ཀྱིས་རང་གི་ཁ་འདོན་དཔེ་ཆ་དང་། བཀའ་བསྟན་འགྱུར། དགོན་པ་གྲྭ་ཚང་ནང་རྫོགས་རྒྱུ་མེད་པའི་ཡིག་ཆ་ཚང་མ་འདིར་གསར་འགྱུར་འགོད་སར་འགོད་ཐུབ་ན་ཧ་ཅང་ཡག་པོ་འདུག

 
 
13.11.2011 08:38:33

འཇམ་ནོར་ལགས་ སྡིག་སྤོང་དགེ་སྒྲུབ་གྱིས་

 
 
13.11.2011 11:09:26

མཁར་སྒང་། ཁྱོད་རིག་གནས་སྐོར་བརྗོད་བྱ་ལྟས་ན་འགྲིག་ཙམ་ཞིག་འདུག ཀླད་པ་ལྗང་གུའི་སྐད་ཆ་དེ་ཚོ། བགྲོ་གླེང་གི་ཁོར་ཡུག་འདིར་ཡོང་ས་མེད་ལ་དོན་དག་ཀྱང་ཅི་གང་ཡང་མེད། གྲོགས་པོ་མང་པོ་ཞིག་གིས་ཁ་བྱང་མཐོང་བ་ཙམ་གྱི་ཞེན་པ་ལོག་སོང་ཟེར་ངེས་མང་པོ། བརྗོད་གཞི་དེའི་ཁྱོད་རང་ཚོ་སེར་བྱེས་ནང་རྙིང་ཕྱི་དགེ་ཚང་གི་ཆོས་རའི་བཤད་རྒྱུའི་རྩོད་རྙོག་སྐོར་ཞིག་རེད། འདིར་དེའི་ཚན་པ་དེར་རིན་ཐང་ཅི་ཡང་མེད་པས། དེའི་རིགས་གཏམ་བཤད་ཁོར་ཡུག་ནང་ཁྱེར་མ་ཡོང་་་་

 
 
14.11.2011 14:08:54

རྣམ་པ་ཚོ་ཕེབས་ནས་ཀློག་གནང་བ་ལ་ཐུགས་རྗེ་ཆེ། གཏམ་ཉོག་འདི་ཚོའང་ལོ་ཉྀས་སྟོང་ལྔ་བརྒྱ་ལྷག་ལ་འདང་མྱོང་བ་ཤ་སྟག་རེད་ལ། མ་འོངས་པར་ཡང་ཡུན་རིང་གནས་ངེས་ཡིན་པ་ལས། ཉིན་རེའི་གསར་འགྱུར་ལྟ་བུ་ཆུ་ཚོད་༢༤ཙམ་ལས་མི་འདང་བའི་གཏམ་རིན་ཐང་ཆེ་ཞིང་འུད་པོ་ཆེ་དེ་འདྲ་གཏན་ནས་མ་རེད། འོན་ཀྱང་རྣམ་པ་ཚོའང་ཁོར་ཡུག་འདིར་ལས་རླུང་གིས་དེད་ནས་འོངས་པ་ལ་ལན་གཅིག་ལེགས་སོའི་བསྔགས་བརྗོད་ཡོད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -