ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.08.2011 12:18:52
མཁར་སྒང་བསོད་ནམས་དབང་ལྡན།

༡ དུས་རབས་ ༢༠ པའི་སྤྱི་ཚོགས་དང་རྩོམ་པ་པོའི་ཁ་ཕྱོགས།
སྔར་དུས་རབས་ཉུ་ཤུ་པའི་ལོ་རབས་བརྒྱད་ཅུ་དགུ་བཅུའི་རྩོམ་པ་པོ་རྣམས་ཀྱི་ཁ་ཕྱོགས་ནི། གཙོ་ཆེར་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པར་དཀའ་ངལ་ཁག་མང་པོ་ལ་གདོང་ལེན་དྲག་པོ་གནང་ཡོད་པ་དཔེར་ན།

སྐབས་དེར་སྤྱི་ཚོགས་ཧྲིལ་པོ་ཅུང་ཟད་གུ་དོག་པོར་གནས་ཡོད་པས། དྲག་ཞན་བར་མ་སུ་ལའང་སྐྱོན་ཆ་ཡོད་ཀྱང་ཐེར་འདོན་བྱེད་པ་ཉུང་ཞིང་ཐེར་འདོན་བྱེད་མཁན་ལ་ངན་ཁག་དཀྲི་བའི་གནས་ཚུལ་མང་པོ་བྱུང་བའི་དུས་ཤིག་ཡིན་མོད། སྐབས་དེའི་བོད་ཀྱི་རྩོམ་པ་པོ་གང་མང་ཞིག་གིས་མཐོ་རིམ་དཔོན་རིགས་ནས་དམའ་རིམ་སྤྲང་པོའི་བར་གྱི་སྐྱོན་ཆ་རྣམས་རིམ་གྱིས་ཚགས་ཤོག་དང་དུས་དེབ་ཁག་བརྒྱུད་ནས་ཐེར་འདོན་བྱས་པས། མི་མང་པོས་ཤིན་ཏུ་ཡ་མཚན་དང་ཧ་ལས་ཤིང་ཧོན་ཐོར་བའི་བྱ་བར་བརྩིས་མྱོང་། ད་དུང་མི་མང་གིས་འཕྱ་དམོད་དང་སྡིག་ར་ཚུན་ཆད་གཟེད་དགོས་བྱུང་བ་དང་། སྟབས་ཉེས་ཤིང་ལམ་ལྷོང་མ་བྱུང་བ་འགའ་ཤས་ནི་མིའི་སྤྱི་ཚོགས་ཀྱི་ཁྲོད་ནས་མཐོང་ཆགས་ཤིང་སྨྱོན་པར་བརྩིས་པའང་བྱུང་མྱོང་བས། སྐབས་དེའི་རྩོམ་པ་པོ་མི་ཉུང་བ་ཞིག་ནི་རང་གིས་རང་ལ་སྨྱོན་པའི་མིང་ཡང་བཏགས་དགོས་པ་བྱུང་ཡོད།
ཁོང་ཚོས་འཛེམས་མེད་དུ་སྐྱོན་ཆ་ཐེར་འདོན་བྱས་པའི་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ནི། ད་ལྟའི་སྤྱི་ཚོགས་ཁྲོད་དུ་མི་ཆེ་ཆུང་སུ་ཡིན་རུང་སྐྱོན་ཆ་གང་ཡོད་ཐེར་འདོན་བྱེད་ཆོག་པ་དང་བྱེད་དགོས་པའི་སྤྱིར་བཏང་གི་གནས་ཚུལ་ཞིག་ཏུ་གྱུར་ཟིན་པ་འདི་རེད། འོན་ཀྱང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཁོ་ན་མིན་པར། དེའི་ཤུགས་རྐྱེན་ངན་པའང་འགའ་རེ་བྱུང་ཡོད་པ་ནི། དེ་ནས་བཟུང་གསར་སྐྱེས་ཀྱི་རྩོམ་པ་པོ་གང་མང་ཞིག་སྤང་ལ་ཤ་མོ་བརྡོལ་བ་ལྟར་བྱུང་བ་དག་ཀྱང་མཐོ་དམན་བར་གསུམ་ཀུན་ལ་སྐྱོན་ཆ་ཐེར་འདོན་གྱི་རྩོམ་ཡིག་མི་ཉུང་བ་སྤེལ་མྱོང་མཁན་དང་། དེའི་དབང་གིས་སྤྱི་ཚོགས་ཀྱི་ཁྲོད་དུའང་མཐོ་རིམ་དཔོན་རིགས་ཁག་དང་། དགོན་སྡེའི་ལས་བྱེད་པ་སོགས་ལ་སྐྱོན་ཆ་ཁོ་ནར་རྟོག་དཔྱོད་བྱེད་པ་མ་གཏོགས་ཡོན་ཏན་གྱི་ཆ་ནས་གླེང་མཁན་ཉུང་བར་གྱུར་ཏོ། །
༢ དུས་རབས་ ༢༡ པའི་སྤྱི་ཚོགས་དང་རྩོམ་པ་པོའི་ཁ་ཕྱོགས།
དེ་ལྟར་ཡོན་ཏན་གྱི་ཆ་ནས་རྟོག་དཔྱོད་བྱེད་མཁན་ཉུང་བས། ལས་བྱེད་པ་མཐོ་དམན་སུ་ཡིན་རུང་དེས་ལས་ཀ་གང་བྱེད་ཡོན་ཏན་དུ་མི་མཐོང་བར་སྐྱོན་ཁོ་ནར་ལྟ་ཞིང་མཐོང་བའི་དབང་གིས་དཔོན་རིགས་དང་ལས་བྱེད་པ་རྣམས་ལ་ཡིད་ཆེས་བརླགས་ཤིང་། དེ་དག་གི་ཁ་ལ་མི་ཉན་པར། ཁོང་རྣམ་པས་བཀོད་འདོམས་བྱེད་པའི་ལམ་དུ་མི་འཇུག་པ་དང་། ཞུགས་ཀྱང་ལྡོག་ཕྱོགས་སམ་འགལ་བ་ཁོ་ནར་བྱེད་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཡར་རྒྱས་ཀྱི་ལམ་བུར་བཀག་རྡོ་ཆེན་པོ་མང་དུ་ཐོན་ཡོད་པ་ནི། དུས་རབས་ཉེར་གཅིག་པ་འདིའི་ལོ་འགོ་ནས་མི་ཉུང་བ་ཞིག་བྱུང་ཡོད། དེ་ནི་ངས་བལྟས་ན། རང་རེའི་རྩོམ་པ་པོས་མཚོན་པའི་མི་ཕལ་མོ་ཆེ་བློ་ཕྱོགས་སུ་ལྷུང་བའི་རྟགས་སུ་གསལ་ཏེ། ང་ཚོས་གཞན་ལུགས་དགག་པ་ཁོ་ན་མ་གཏོགས་རང་ལུགས་བཞག་པ་ཉུང་བའི་རྒྱུ་མཚན་གྱིས་རེད།
དེས་ན་བོད་ཀྱི་མཁས་པ་གོང་མ་རིམ་བྱོན་གྱིས་རིག་པའི་གནས་བཅུ་པོ་གང་ལའང་དགག་བཞག་སྤང་གསུམ་གྱི་སྒོ་ནས་མཐའ་ཆོད་པར་མཛད་པའི་དབང་གིས་དུས་ད་ལྟའང་ང་ཚོས་འཛམ་བུ་གླིང་པར་ངོམ་དུ་རི་བའི་ལེགས་བཤད་རི་བོའི་གཏོས་དང་མཉམ་པར་བཞག་ཡོད་པར་མ་ཟད། གང་ཡོད་པ་རྣམས་སྤུས་ཀ་ཅན་ཤ་སྟག་ཡིན་པས། བོད་ཀྱི་རིག་གནས་ནི་ཆུ་ཚད་མཐོན་པོར་སོན་པ་རེད། དེ་དག་དཔེར་ལེན་ནས་ང་ཚོ་དུས་རབས་ཉེར་གཅིག་པའི་རྩོམ་པ་པོས་འགོ་ཁྲིད་དེ་དཔྱད་བརྗོད་ཀྱི་རྩོམ་ཡིག་འབྲི་སྐབས་ངེས་པར་དུ་དགག་བཞག་སྤང་གསུམ་ལས་རང་ལུགས་རེ་གཞག་དགོས་ངེས་རེད་ལ། སྤྱི་སྒེར་གང་གི་སྐྱོན་ཆ་ཡོད་པ་རྣམས་ཡོ་བསྲང་བྱེད་ཐབས་ནི་དེའི་སྐོར་གྱི་རང་ལུགས་སམ་རང་གི་ལྟ་ཚུལ་གསལ་བཤད་བྱེད་དགོས་པ་དེ་ཡིན། དེས་ན་ངའི་རེ་བར་རང་ས་ནས་གོམ་པ་དང་པོ་སྤོ་སྟེ། རྩོམ་པ་པོ་རྣམས་ཀྱིས་སྤྱི་ཚོགས་སྣེ་ཁྲིད་ཀྱི་བསམ་བློ་མང་དུ་གཏོང་བ་དང་། དཔྱད་རྩོམ་སྤེལ་སྐབས་ཀྱང་རང་ལུགས་རེ་ངེས་པར་དུ་འཇོག་གནང་འོང་བའི་སྨོན་འདུན་ཞུ།
༢༠༡༡།༨།༡༩


  
 

20.08.2011 03:53:32

ཡག་པོ་འདུག

 
 
20.08.2011 15:28:56

རྒྱ་སྟུག་ལགས། ཕེབས་པར་དགའ་བསུ་ཞུ། དགོངས་ཚུལ་རེའང་གསུང་བར་ཞུ་ཞིང་། གལ་ཏེ་འདི་ཡག་པོ་འདུག་དགོངས་ན་དེ་བཞིན་མཛད་པར་ཞུ།

 
 
21.08.2011 00:31:21

མི་སུ་ཞིག་ཡིན་རུང་ཟེར་ན་ཁ་མོད། འོན་ཀྱང་དེང་རབས་ཉེར་གཅིག་པའི་ཁྲོད་དུ་དྲྭ་ཐོག་དང་། གཞན་ཡང་ཚགས་པར་དང་དུས་དེབ་སོགས་ཀྱི་ཐོག་ཏུ་རྩོམ་ཡིག་འཁྱར་འཁྱོར་རེ་བྲིས་ནས་རྩོམ་པ་པོ་རློམ་མཁན་འདི་དག་གི་ཁྲོད་དུ་ཁྱེད་ཀྱིས་གསུངས་པ་བཞིན་གང་དུ་རྩོམ་ཡིག་དེ་དང་འབྲེལ་ནས་རང་ལུགས་ཚད་ལྡན་ཞིག་བཞག་ཡོད་པ་ནི་ཧ་ཅང་གི་ཉུང་ཉུང་ཡིན་པ་འདོད་ཀྱིན་ཡོད། དེ་ལས་ལྡོག་སྟེ་གཞན་གྱིས་ཟེར་ཟློས་ཁོ་ན་ཡི་ལམ་ནས་བྲིས་པ་ཧ་ཅང་མང་པོ་ཡོད། གང་ལྟར་ཁྱེད་ཀྱིས་འདི་དག་ལ་ལམ་སྟོན་རེ་གནང་བར་ཐུགས་རྗེ་ཆེ།

 
 
21.08.2011 14:42:01

དབྱིག་གཉེན་ལགས་ཕེབས་ནས་བསམ་ཚུལ་བཤད་པར་དགའ་བསུ་ཞུ། ངོ་མ་ངས་ཀྱང་གཙོ་བོར་དྲྭ་ཐོག་དང་ཚགས་པར་སོགས་སུ་དོན་མེད་དང་གཞི་མེད་ཀྱི་སྐད་ཆ་མང་པོ་འོང་གི་འདུག་པ་དེ་ཚོ་ལ་ཡང་དམིགས་ཡོད་ལ། གཙོ་ཆེར་ང་ཚོའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་སྐྱོན་ཆ་ལ་དམིགས་ཡོད། ང་ཚོ་ཕལ་མོ་ཆེས་གཞན་སྐྱོན་ཁོ་ན་འཚོལ་བ་མ་གཏོགས་སྐྱོན་ཆ་ཡོ་བསྲང་གི་ཐབས་ལམ་མི་སྟོན་པ་འདི་ངས་བལྟས་ན་ཡར་རྒྱས་ཀྱི་བཀག་རྡོ་ཆེན་པོ་ཞིག་དང་ཐབས་སྡུག་ཅིག་རེད་སྙམ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -