ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

25.07.2011 23:20:50
མཁར་སྒང་བསོད་ནམས་དབང་ལྡན།

༄༅། །འདིར་ཉེ་བའི་ཆར་ྋསྤྱི་ནོར་ྋགོང་ས་ཡིད་བཞིན་ནོར་བུ་མཆོག་གི་བཀའ་སློབ་སྔ་ཕྱིར་སྩལ་པའི་དགོངས་དོན་ཅུང་ཟད་བཤད་ན། ས་བཅད་གསུམ་ཙམ་སྟེ། ༡ མང་ཚོགས་ཁྲོད་དུ་ནང་ཆོས་དར་སྤེལ་ཇི་ལྟར་བྱ་བ། དེའང་ྋགོང་ས་མཆོག་གིས་ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས་ནས་གང་ལ་གང་འཚམས་པ་དེ་ཁོ་ན་གསུངས་པས། སྔར་བཙན་བྱོལ་དུ་ཐོག་མར་ལྷགས་པའི་སྐབས་སོགས་སུ་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ནང་ཆོས་སློབ་གཉེར་ཁོ་ན་ལ་གཙོ་བོར་བྱེད་དགོས་པའི་བཀའ་ཕེབས་པ་དང༌།

མང་ཚོགས་ཁྲོད་དུ་སློབ་གྲྭ་ཞིང་ལས་འཚོ་ཐབས་སོགས་ལ་གཙོ་བོར་འབད་སྒྲུབ་དགོས་སྐོར་གསུངས་པ་ལ། ད་ཆར་མང་ཚོགས་མི་སྐྱའི་སྡེ་རྣམས་སུ་སློབ་གྲྭ་སོགས་དེང་གི་ཤེས་ཡོན་གྱི་གཞི་རྩ་ཚུགས་པས། གལ་ཆེ་ཞིང་རིན་ཐང་དང་བྲལ་བའི་ནང་ཆོས་སློབ་གཉེར་དགོས་སྐོར་གྱི་བཀའ་སློབ་ནན་པོ་དངོས་སུ་ཕེབས་པ་དང༌། རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཏུ་བཤད་སྒྲུབ་འཆད་ཉན་གྱི་རྐང་ཚུགས་ཤིང་གཞི་རྩ་སྲ་བརྟན་དུ་གྱུར་པར་གཟིགས་ནས་ཆབ་སྲིད་ལའང་དོ་སྣང་དགོས་སྐོར་གྱི་བཀའ་སློབ་ཕེབས་པའི་དགོངས་དོན་ནི་རང་རེའི་རྒྱལ་ཁབ་འདི་ཆོས་སྲིད་གཉིས་ལྡན་གྱི་དམངས་གཙོའི་རྒྱལ་ཁབ་གཅིག་ཏུ་སྔར་ཡང་གྱུར་པ་དང་ཕྱིས་སུའང་དེ་ལྟར་འགྱུར་རྒྱུ་སྟེ། བོད་མི་མི་རེ་ངོ་རེ་ནས་ཆོས་སྲིད་གཉིས་ལྡན་བྱ་དགོས་ཀྱི། རྒྱལ་ཁབ་དེར་ཆོས་སྡེ་དང་སྲིད་སྡེ་གཉིས་ཀ་ཡོད་ཙམ་གྱིས་མི་ཆོག་སྟེ།
གཞན་དུ་ན་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེའང་ཆོས་སྲིད་གཉིས་ལྡན་དུ་འགྱུར་རོ། །དེའང་དཔེར་ན། མི་རེ་རེ་བཞིན་བྱ་བ་གང་ཞིག་ལ་འཇུག་ཀྱང་དྲང་བདེན་དང༌། གཞན་ལ་གནོད་པའི་རིགས་གང་ཐུབ་སྤངས་པའི་སྒོ་ནས་དགེ་བ་བཅུ་དང་མཐུན་པར་ཆབ་སྲིད་ལ་སོགས་པའི་ལས་དོན་སྒྲུབ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ཏེ། དེ་ལྟར་བྱུང་ཚེ་ཆ་དུ་མ་བསགས་པའི་ལྷ་སྡེ་མི་སྡེ་ཐམས་ཅད་དང༌། དེ་དག་ལས་གྲུབ་པའི་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའང་ཆོས་སྲིད་གཉིས་ལྡན་དུ་ངང་གིས་འགྱུར་བ་ཡིན་གྱི། དེ་ལས་བཟློག་ན། ཆོས་སྲིད་ཡ་བྲལ་དུ་འགྱུར་རོ། །
རང་རེ་བྱེས་འབྱོར་སྤྱི་ཚོགས་ནང་ལྷ་སྡེ་མི་སྡེ་གཉིས་ཀྱི་བར་ན་རྒྱང་ཐག་རིང་པོ་ཞིག་གིས་ཆོད་པ་འདི་ནི་ཆེས་ཤིན་ཏུ་ཡ་མཚན་པའི་གནས་ཚུལ་ཞིག་ཀྱང་ཡིན་ལ། བསམ་གཞིགས་བྱ་དགོས་པའི་གནད་དོན་ཞིག་ཀྱང་ཡིན། དེའང་མི་སྡེའི་ཁྲོད་དུ་ནང་ཆོས་ཀྱི་གོ་རྟོགས་ཞན་ཅིང༌། གཞི་རྩའི་སློབ་སྦྱོང་རྣམས་རྒྱལ་ཁབ་དང་མི་རིགས་གཞན་གྱི་ལུགས་ལ་བརྟེན་པ་དང༌། མ་ཟད་འདི་སྣང་གི་འཚོ་ཐབས་ཙམ་གྱི་སློབ་སྦྱོང་ཕལ་ཆེ་བའི་ཕྱིར། ནང་ཆོས་བདུད་རྩིའི་རོ་མངར་མྱོང་མེད་པ་ཡིན་ལ། དེ་ལས་བཟློག་སྟེ་གྲྭ་པ་སྤྱོད་ངན་རེ་ཟུང་གི་སྤྱོད་ལམ་ལས་དད་པ་ལོག་པའི་ལྟ་ངན་གྱིས་སྤྱི་ཚོགས་ཁྲོད་རིམ་གྱིས་ཁྱབ་པ་དང༌། དེང་གི་ཆར་ཧ་ཅང་ཕངས་དགོས་པ་ནི། སློབ་གྲྭ་ཁག་གི་ཁྱིམ་ཚང་ཨ་མ་སོགས་ཀྱིས་ཕྲུ་གུ་རྣམས་ལ་ཁྱོད་ཡག་པོ་མ་བྱས་ན་གྲྭ་པ་བཟོ་འཇུག་གི་ཡིན། ཞེས་པ་ལྟ་བུ།འཇིགས་སྣང་སྐུལ་བྱེད་དུ་གྲྭ་པའི་མཚན་བེད་སྤྱོད་པའང་ཐོས་སོ། །དེ་བཞིན་ྋགོང་ས་མཆོག་གི་ཞལ་ནས། ནང་པའི་ཆོས་ཀྱི་ལྟེ་གནས་གདན་ས་ཆེན་པོ་འདི་དག་འཁྲིས་སུ་བཞག་ནས་མང་ཚོགས་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་ཅུང་ཟད་ཙམ་ཡང་མེད་ན། རྒྱ་མཚོའི་འགྲམ་དུ་སྐོམ་པས་ཤི་བ་དང་འདྲ་བས་ཕངས་པོ་རེད་གསུངས། གནད་དོན་འདི་ནི་དངོས་ཡོད་ཡིན་ཞིང༌། དེ་སེལ་ཐབས་ཀྱང་ང་ཚོས་བྱ་དགོས་པ་ནི་ཕྲག་ཏུ་བབ་པའི་ལས་འགན་ཞིག་ཡིན་པས། དོན་ཚན་འགའ་ཤས་ནི་འདི་ལྟར།
༡        དགོན་སྡེ་ཁག་གིས་གཙོ་མཛད་ནས་བགྲོ་གླེང་ཚོགས་པ་ཞིག་བཙུགས་ནས་ཚོགས་མི་རྣམས་ཉིན་ཤས་སམ་བདུན་ཕྲག་རེའི་དུས་དུས་སུ་གྲོང་སྡེ་ཁག་ཏུ་ཕེབས་ཏེ་ྋརྒྱལ་བའི་བཀའ་དགོངས་བཞིན་བླ་སློབ་ཀྱི་རྣམ་པ་མིན་པར་འདྲ་མཚུངས་སུ་བཞུགས་ནས་ཆོས་ཀྱི་རྨང་གཞི་སྐྱབས་འགྲོ་ནས་བཟུང་སྟེ་རིམ་བཞིན་གོ་གང་བདེའི་སྒོ་ནས་བགྲོ་གླེང་དང་དྲིས་ལན། མང་ཚོགས་ལ་རང་སྦྱོང་དང་ནང་ལས་སྤྲད་རྒྱུ། ཆོས་ཀྱི་དཔེ་ཆ་གོ་བདེ་བ་མཚན་ཉིད་དབྱེ་བ་ཕན་ཡོན་དང་ཉེས་དམིགས་སྐོར་བསྟན་པ་མང་དུ་དཔར་བསྐྲུན་ཞུས་ནས་བཀྲམས་པ། གྲོང་སྡེ་སོ་སོའི་བརྒྱ་དཔོན་སོགས་ཀྱིས་འགན་བཞེས་ནས་དགོང་མོ་དུས་སྟོང་སྐབས་ཆུ་ཚོད་གཅིག་ཙམ་ལ་མང་ཚོགས་ནང་ཕན་ཚུན་རྟགས་བསལ་དང་བགྲོ་གླེང་སོགས་ཚུགས་རྒྱུ།
༢        གདན་ས་ཆེན་པོའི་ཡོན་ཏན་མི་མཐོང་བའི་སྐྱོན་ཆ་དང༌། རེ་ཟུང་གི་རྟགས་ལས་འཕགས་པའི་དགེ་འདུན་པ་ཐམས་ཅད་ལ་སྐུར་བ་བཏབ་པ་ནི་དམྱལ་བ་མི་བཟད་པའི་རྒྱུ་ཡིན་པས། དེ་ལས་བཟློག་ཐབས་སུ་བརྒྱ་དཔོན་དང་གཞིས་འགོ་སོགས་ཀྱིས་བཀོད་སྒྲིག་འོག་བདུན་ཕྲག་གམ་ཟླ་རེའི་མཚམས་སུ་མི་མདའ་བཅུ་ཉི་ཤུ་ཙམ་གདན་ས་ཆེན་པོར་ཉིན་ཞག་ཕྲུག་གཅིག་གི་འགྲོ་ལུགས་ལ་བལྟ་སྐོར་དུ་འོང་ན། ད་གཟོད་དགེ་འདུན་པས་ཚོགས་ཆོས་སློབ་གཉེར་དང༌། སྡུག་དཀའ་ལས་བརྒྱབ་ཚུལ་མཁྱེན་ངེས་ཡིན། དེ་མིན་གཏམ་དཔེར། ཨ་ཕོ་ཧོར་གྱིས་ལ་བརྒྱབ་པ་མ་མཐོང་ཐུད་ཟ་བ་མཐོང༌། ཞེས་པ་ལྟར་འགྱུར་རོ། །
༣        གཞན་ཡང༌། ད་ཆ་ང་ཚོ་བྱེས་སུ་འབྱོར་ནས་མི་ལོ་ལྔ་བཅུར་ཉེ་ཡང༌། རྒྱ་གར་གྱི་ཡུལ་མི་རྣམས་དང་ཆོས་ཀྱི་བགྲོ་གླེང་སོགས་འབྲེལ་བ་མ་བྱུང་བ་འདི་གཙོ་ཆེར་རང་རེ་ཁུལ་སིམ་མེར་ས་ཁུག་ཏུ་བསྡད་པའི་ཉེར་ལེན་གྱིས་ཡིན་པ་དང༌། ཕྱི་རྒྱལ་ཁག་ཏུ་ནི་ྋརྒྱལ་དབང་དོན་གྱི་བདག་པོ་དང་བླ་སྤྲུལ་དགེ་བཤེས་རྣམས་ཀྱི་དྲིན་ལས་གྲྭ་ས་གྲྭ་ཚང་གི་མཚན་སྙན་ཅུང་ཟད་རྒྱས་པ་བྱུང༌། དེས་ན་ང་ཚོས་མཐོ་སློབ་འགྲིམ་པའི་སློབ་མའམ། སྐྱ་བོའི་སྡེ་དང༌། རྒྱ་གར་སོགས་ཕྱི་རྒྱལ་བ་རྣམས་ལ་ཟླ་ཤས་སམ་ལོ་ཤས་སོགས་ཟླ་དུས་དང་ལོ་དུས་སོ་སོའི་རིང་གི་སློབ་ཚན་བགོ་འགྲེམས་ཀྱིས་ནང་ཆོས་ཀྱི་སྒྲོམ་གཞི་དང༌། དེ་ནས་བཀའ་པོད་ལྔའི་བརྗོད་བྱ་དོན་བསྡུས་རེ་ངོ་སྤྲོད་རགས་རིམ་སོགས་སློབ་ཚན་དང་དགེ་རྒན་མགྲོན་ཁང་སོགས་གྲ་སྒྲིག་གནང་དགོས་རྒྱུ།
༤        གསར་འགྱུར་སོགས་ཀྱི་བརྒྱུད་ལམ་ཁག་ནས་དགོན་སྡེ་རྣམས་ཀྱི་ལོ་རྒྱུས་དང་སློབ་ཚན་སོ་སོར་སློབ་གཉེར་ཇི་ལྟར་བྱ་བའི་ཚུལ་སོགས་བརྒྱུད་བསྒྲགས་ཡང་ཡང་བྱ་དགོས་རྒྱུ་ནི། དགོན་སྡེ་དང་གྲྭ་ཚང༌། གཙུག་ལག་སློབ་གཉེར་ཁང་ཆེན་མོ་རྣམས་ལ་ནི་ངེས་པར་དུ་ཉེ་བར་མཁོ་བ་ཞིག་ཡིན།
༥        ནང་ཆོས་གོ་བརྡ་སྤྲོད་ཐུབ་ངེས་ཀྱི་ཆོས་ཀྱི་གློག་བརྙན་གང་མང་བཟོ་བསྐྲུན་གྱིས་ལྷ་སྡེ་མི་སྡེ་གང་སར་གཟིགས་འབུལ་ཞུ་རྒྱུ་སྟེ། འདིའི་སྐོར་འོག་ཏུ་བཤད།
༢ དགེ་འདུན་གྱི་སྡེ་རྣམས་སུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཐབས།
སྤྱིར་ན་ྋརྒྱལ་བ་དོན་གྱི་བདག་པོའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་རང་རེ་རྣམས་བཙན་བྱོལ་དུ་ལྷགས་པའི་ཚེའང་རིམ་བཞིན་གཅིག་དགུ་དྲུག་ཅུ་རེ་གྲངས་ནས་བཟུང་ལྷ་སྡེ་ལ་དགོན་པ་གསར་བཞེངས་དང༌། མི་སྡེ་ལ་གཞིས་ཆགས་དང་སློབ་གྲྭ་སྨན་ཁང་སོགས་འཛུགས་བསྐྲུན་རྒྱ་ཆེར་གནང་བ་ལ་སོགས་པ་མ་འོངས་ཕུགས་རྒྱང་རིང་པོའི་གཟིགས་པ་མཆོག་ཏུ་མངའ་བའི་བྱེད་ལས་ལ་བརྟེན་ནས་ད་ཆར་འཛམ་གླིང་ནང་གི་བཙན་བྱོལ་བ་གཞན་ལས་ཁྱད་དུ་འཕགས་པ་འདི་བྱུང༌།
དེའང་ྋགོང་ས་མཆོག་ནི་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ལྟར། དུས་འགྱུར་མི་བཟད་པའི་རླུང་དམར་འཚུབ་པའི་འོག་ནས་བོད་བསྟན་པ་ཆབ་སྲིད་དང་བཅས་པ་ལ་བློས་མི་བཟོད་པའི་ཉམས་རྒུད་ཆེན་པོ་བྱུང་བ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བ་ལ། ཐོག་མར་ནང་བསྟན་གྱི་རྨང་ནས་སྲ་བརྟན་ཡོང་མིན་ནི་དགེ་འདུན་གྱི་སྡེ་ལ་རག་ལས་པར་གཟིགས་ཏེ་དགོན་སྡེ་དང་དེའི་བཤད་སྒྲུབ་འཆད་ཉན་ལ་ཧ་ཅང་ནན་ཏུར་མཛད་པས། ད་སྐབས་རིས་མེད་ཆོས་སྡེ་ཁག་ཕལ་མོ་ཆེར་བཤད་སྒྲུབ་དབྱར་མཚོ་ལྟར་འཕེལ་རྒྱས་དང་སྲ་བརྟན་དུ་གྱུར་ཏོ། །
ད་ནི་ལྷ་སྡེ་རྣམས་ཀྱིས་ཆབ་སྲིད་དང་མི་སྡེ་རྣམས་ཀྱིས་ཆོས་ལ་དོ་སྣང་དང་སྦྱང་ བརྩོན་གྱིས་བོད་མི་སྤྱི་བོ་གནམ་བསྟན་ཐམས་ཅད་ཆོས་སྲིད་གཉིས་ལྡན་དུ་བསྒྱུར་རྒྱུའི་དགོངས་བཞེད་བླ་ན་མེད་པས་ཉེ་བར་དྲངས་ཏེ་ཉེ་ཆར་འདི་ག་ལྷོ་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར་པའི་ཚེ་བཀའ་སློབ་གསུང་གི་བདུད་རྩི་ཕེབས་པ་བཞིན་རང་རེའི་དགོན་སྡེ་ཁག་གི་མཐོ་རིམ་མི་སྣས་ཐུགས་ཁུར་ཅུང་ཟད་བཞེས་ན་སྒྲུབ་སླ་བ་ཞིག་ཡིན། དཔེར་ན། ཡེ་ཤུའི་གྲྭ་པ་རྣམས་སྒེར་སོ་སོར་བརྙན་འཕྲིན་ལྟ་ཅི། རླུང་འཕྲིན་དང་ཚགས་ཤོག་ཀྱང་ཉོ་མི་དགོས་པར་ཞལ་ལག་བཞེས་རིང་དགེ་འདུན་འདུ་འཛོམས་སར་འཛམ་གླིང་གི་གནས་ཚུལ་སོགས་གསར་འགྱུར་སྒྲོག་སྦྱངས་ཞུ་བའི་ལུགས་སྲོལ་དེ་དྭང་བ་འདྲེན་པ་ལྟར་ང་ཚོས་ཀྱང་བརྗོད་གཞི་དང་རྗོད་ཚིག་གཅིག་པའི་སྐྱབས་ཞུ་ཁག་བསྐྱར་མི་དགོས་པར་ཐོག་མཐའི་ཐུགས་སྨོན་མཚམས་སྦྱོར་དང༌། འདས་གསོན་གྱི་མིང་འབོད་ཙམ་གྲུབ་རྗེས་གཞུང་འབྲེལ་ཡིན་མིན་གྱི་ཚགས་པར་སོགས་དང༌། ཁྱད་པར་དུའང་རྒྱལ་སྤྱིའི་འགྱུར་ལྡོག་གི་གནས་ཚུལ་ཤེས་དགོས་ངེས་རྣམས་ཉིན་རེ་བཞིན་རླུང་འཕྲིན་དང་རྒྱལ་སྤྱིའམ་རྒྱལ་ཁབ་ཁག་གི་ཚགས་པར་རྣམས་དྲྭ་རྒྱ་སོགས་ཀྱི་བརྒྱུད་ལམ་ནས་བོད་སྐད་དུ་ཕབ་བསྒྱུར་གྱིས་སྙན་སྒྲོན་ཞུ་ཚེ། ད་གཟོད་འཐུས་ཚང་ཞིག་ཏུ་འགྱུར་ངེས་པར་མ་ཟད། འཛམ་གླིང་སྤྱིའི་གནས་ཚུལ་མཐོང་རྒྱ་ཆེར་འགྲོ་བ་དང་མི་ཐམས་ཅད་ལ་གོ་རྟོགས་གསར་པ་ཞིག་རྙེད་ནས་མི་རིགས་ཀྱི་ཤ་ཞན། རྒྱལ་ཁབ་ཀྱི་ལ་རྒྱ། ཆ་མི་སྙོམས་པའི་འཇིག་རྟེན་གྱི་སྣང་ཚུལ་ལས་ཡིད་འབྱུང་དང་ཆོས་ཀྱི་ཕན་ཡོན་ལ་ཐུགས་ངེས་འདྲོངས་པ། ཐ་ན་ཀུན་ཏུ་སྤྱོད་པ་ངན་པའི་ཕྱོགས་རྣམས་ཀྱང་རང་ཞིར་འགྲོ་ངེས་པ་ཞིག་ཡིན། ད་རུང་དེ་བས་ཀྱང་ལེགས་པ་ནི་གྲྭ་ཚང་ཁག་ལྟ་བུས་ཞལ་ལག་སྐབས་ཀྱི་དུས་སྟོང་ལ་བརྙན་འཕྲིན་གསར་འགྱུར་ཅུང་ཟད་བསྟན་ན། ཚིག་འབྲུ་སྟོང་ལས་བརྙན་འཕྲིན་གཅིག་གིས་གོ་བརྡ་འཕྲོད་ཆེ་བའི་དགེ་མཚན་ཡོད། དེ་ལྟའི་བྱ་བ་བསྒྲུབ་པ་ལ་ཚོགས་ཆུང་ཞིག་ཟུར་འཛུགས་གནང་ཚེ་ལས་དོན་ཚགས་ཚུད་འོང་ངེས་ཡིན་ལ། ད་ལོར་ྋརྒྱལ་མཆོག་ཡིད་བཞིན་ནོར་བུ་ཕེབས་དོན་གྱི་ཕྱོགས་གཅིག་ཀྱང་འགྲུབ་པ་ཡིན་ནོ། །
༣ ཆོས་ཀྱི་གློག་བརྙན་གྱི་སྐོར།
དེའང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་གནས་པ་ནི། འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དམ་པ་ཡིན་ལ། དེ་གནས་ཐབས་ཀྱང་མཛོད་ལས། དེ་འཛིན་བྱེད་པ་སྨྲ་བྱེད་དང༌། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། བཤད་སྒྲུབ་འཆད་ཉན་སོགས་ཀྱི་སྒོ་ནས་སེམས་རྒྱུད་ལ་ཆོས་ཀྱི་གོ་རྟོགས་སྤེལ་བ་དང༌། དེ་ནས་ལྷག་པའི་བསླབ་པ་གསུམ་ལ་སོགས་པའི་རྟོགས་པའི་བསྟན་པ་རང་རྒྱུད་ལ་སྐྱེད་པ་དེ་ཡིན་ལ། དེའི་ཐབས་སུ་ཐོག་མར་སྟོན་པ་བཀའ་དྲིན་ཅན་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས་སུ་དངོས་སུ་ཆོས་གསུངས་པ་དང༌། དེ་ནས་གདུལ་བྱ་རྣམས་ཀྱི་བློ་ཞན་དུ་སོང་བ་དང་གཟུངས་ཐོབ་པའི་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་བ་མཛད་པ་དང༌། དེ་ནས་ཀྱང་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་སུ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཤིང་རྟའི་སྲོལ་གསར་དུ་བཏད་ནས་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་ཤིང༌། སེམས་ཅན་གྱི་བློ་ཇེ་ཞན་དུ་གྱུར་པ་དང་བཀའ་དང་བསྟན་བཅོས་རྣམས་ལ་འགྲེལ་པ་དང་འགྲེལ་བཤད་ཡང་འགྲེལ་སོགས་པོ་ཏི་བརྒྱ་ཕྲག་མང་པོ་དང༌། བོད་གངས་ཅན་གྱི་ལྗོངས་སུའང་བཀའ་དྲིན་ཅན་གྱི་ཆོས་རྒྱལ་ལོ་པཎ་དང་མཁས་གྲུབ་རིམ་བྱོན་གྱིས་བཀའ་བསྟན་བསྒྱུར་པ་དང་འགྲེལ་པ་ཡང་འགྲེལ་སོགས་པོ་ཏི་ཁྲི་ཕྲག་བརྒལ་བ་མཛད་པར་མ་ཟད། རིགས་པའི་དབང་ཕྱུག་ཕྱྭ་པ་ཆོས་སེང་གིས་རྟགས་བསལ་བགྲོ་གླེང་གི་སྲོལ་གསར་དུ་བཏད་པ་ནས་རིམ་གྱིས་འཕེལ་རྒྱས་ཆེན་པོ་ཕྱིན། གལ་ཏེ་སྐབས་དེ་དང་དེར་གསར་གཏོད་ཀྱི་རྣམ་པ་ལ་འགོག་རྐྱེན་བྱས་ཡོད་ཚེ། ད་སྐབས་ང་ཚོར་ཐོབ་པའི་གྲུབ་འབྲས་ལ་པོ་ཏི་གཅིག་ཀྱང་མེད་པའམ། ཡང་ན་ཉུང་ཤས་ཤིག་ལས་མེད་པའམ། ཡོད་ཀྱང་དགོངས་འགྲེལ་གྱི་བསྟན་བཅོས་མེད་པའམ། དེ་ཡོད་ཀྱང་དེ་དག་གི་འགྲེལ་པ་འགྲེལ་བཤད་ཡང་འགྲེལ་སོགས་མེད་པའམ། ཡོད་ཀྱང་རྟགས་བསལ་གཏོང་བའི་ལུགས་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པ་འདི་མེད་ངེས་པ་ཡིན།
དེས་ན་ང་ཚོས་བསྒྲུབ་བྱ་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང༌། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱ་རྒྱུ་དེ་ཡིན་ལ། དེའི་སྒྲུབ་བྱེད་དུ་གོང་ཞུས་ཀྱི་ཐབས་ལམ་དེ་དག་ཡོད་པའི་ཁར་ཡུལ་དུས་དང་བསྟུན་ནས་བྱ་དགོས་པ་ནི། སྤྱིར་ནང་པ་ཡོངས་དང༌། བྱེ་བྲག་བོད་ཁ་བ་གངས་ཅན་པ་རྣམས་དང༌། ཡང་སྒོས་བྱེས་སུ་ལྷགས་པའི་ལྷ་སྡེ་མི་སྡེ་མི་རེ་ངོ་རེའི་ཕྲག་ཏུ་བབ་པའི་ལས་འགན་དང༌། ལས་དབང་གིས་སྤྲད་པའི་ལྡོག་མེད་ཀྱི་བྱ་བ་ཞིག་ཀྱང་ཡིན།
དེས་ན་དཔེ་ཆ་ཁོ་ནའི་བརྒྱུད་ནས་ནང་ཆོས་ལ་གོ་རྟོགས་འོང་རྒྱུ་ནི་ཤིན་ཏུ་ནས་དཀའ་བའི་གནས་ཚུལ་ཞིག་ཡིན་པར་མ་ཟད། ཡིག་རྨོངས་པ་རྣམས་ལ་གོ་སྐབས་གཏན་བྲལ་དུ་གྱུར་པ་ཡིན། འོན་ཀྱང་མིག་ཡིད་རྣ་བ་གསུམ་གྱི་སྒོ་ནས་ནང་ཆོས་གོ་བརྡ་སྤྲད་དུ་ཡོད་པའི་ཆོས་ཀྱི་གློག་བརྙན་གང་མང་གསར་བཟོ་ཐུབ་ཚེ། ཡིག་རྨོངས་ཡིན་མིན་ཐམས་ཅད་ལ་ནང་ཆོས་ཀྱི་གོ་རྟོགས་ཁྱབ་གདལ་ཆེན་པོར་སྤེལ་ཐུབ་པའི་དགེ་མཚན་ཡོད་པར་མ་ཟད། རང་རེ་ཆོས་བྱེད་རབ་བྱུང་ཕོ་མོ་རྣམས་ལའང་གཞུང་དོན་ངེས་བྱེད་མཆོག་ཏུ་གྱུར་པ་ཞིག་ཡིན་པ་ནི། ཕྱི་རྒྱལ་གྱི་གཏམ་དཔེར། ཚིག་འབྲུ་སྟོང་ཕྲག་གཅིག་ལས་ཀྱང༌། །དཔར་རྡོག་གཅིག་གིས་ལེགས་པ་ཡིན། ། (One picture is better than a thousand of words.) ཞེས་པ་ལྟར་ཡིན་ན། གློག་བརྙན་ནི་སྨྲོས་མི་དགོས་པའོ། །
དེའང་ངས་འདིར་བཤད་པ་ནི། སྒྲུབ་བྱེད་དེང་རབས་ཅན་གྱིས་སྣོན་པ་བཏབ་ཚུལ་དེ་ཡིན་གྱི། བསྒྲུབ་བྱ་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་ཚུལ་ལ་བཅོས་བསྒྱུར་དགོས་སྐོར་མིན་པར་མ་ཟད། དེ་ལས་ལྡོག་སྟེ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་གནའ་དེང་ཟུང་འབྲེལ་དགོས་སྐོར་འཆད་བཞིན་ཡོད་པས། གོ་ནོར་མི་འོང་བའི་རེ་སྨོན་ཞུ་རྒྱུ་དང༌། དེའང་འདུལ་བ་ནི་གླེང་གཞི་གཞིར་བཟུང་གིས་བཟོ་རྒྱུ་དང༌། མདོ་སྡེ་དང་མངོན་པའི་སྡེ་སྣོད་ལས་སེམས་ཀྱི་སྐོར་རྣམས་ལྷ་དང་འདྲེའི་གཟུགས་སུ་བཅོས་ནས་བློ་དེ་དང་དེའི་མིང་འདོགས་ཀྱི་སྒོ་ནས་བྱེད་ཚེ་གོ་རྟོགས་འཕེལ་ཆེ་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྐོར་ནི་འཁྲབ་སྟོན་སླ་བ་ལ་སོགས་པ་ནི་བསམ་ཚུལ་ཙམ་སྟེ། གུས་འདུད་བཅས། ༢༠༠༧།༥།༡༢ ཉིན་སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན་གྱིས་བྲིས་པའོ། །

  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -