ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.05.2011 12:28:15
ཁྲུང་ཁྲུང་དཀར་པོའི་བུ།

དང་པོ། འདས་པའི་ལོ་ཤས་སྔོན་༧སྐྱབས་མགོན་རིན་པོ་ཆེས་བགྲེས་ཡོལ་གྱི་སྐོར་གསུངས་དུས་གཞུང་མང་ཚང་མས་བགྲེས་ཡོལ་མ་གནང་རོགས་ཞེས་སྐྱབས་འཇུག་ཞུས་བསྡད་ཡོད་པ་རེད། འོན་ཀྱང་འདི་ལོ་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་བགྲེས་ཡོལ་གནང་རྒྱུ་ཐུགས་ཐག་བཅད་དེ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་དགོས་པའི་གསུང་འཕྲིན་ནན་པོ་གནང་བ་དང་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་ཆེན་པོ་སོང་བ་རེད།
དམིགས་བསལ་གྲོས་ཚོགས་ནས་འདིའི་ཐད་བོད་གཞུང་མང་ཚོགས་ཆེན་ཞིག་བསྡུ་སྐོང་བྱས་རྗེས་གྲོས་ཚོགས་འཕར་མ་འཚོགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་བྱེད་གཏན་ཁེལ་ཡོད་སྤྱི་གཏང་ཚོགས་ཆེན་དེའི་ཐོག་མི་མང་གི་བསམ་ཚུལ་སླེབས་དགོས་ན་མི་མང་གི་གྲོས་བསྡུར་དང་མི་མང་གི་བགྲོ་གླེང་དགོས་པ་ལས་སྲིད་དོན་པ་རེ་གཉིས་ཀྱི་གྲོས་འཆར་བཏོན་ནས་གྲོས་ཐག་བཅད་ན་ཕན་འབྲས་གང་ཡང་སོན་གྱི་མ་རེད་སྙམ་།  དེ་བཞིན་འདི་བཙན་བྱོལ་བོད་མི་ཆིག་འབུམ་ཙམ་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་གལ་ཆེན་ཞིག་ཡིན་པས་བྱུང་ན་ཚོགས་ཆེན་འདིའི་ཐོག་གཞིས་བཞུགས་བོད་མིའི་སྐུ་ཚབ་ངེས་པ་ཏུ་དགོས།

དེ་ཡང་ལོ་རྒྱུས་ཡོད་པའི་གཞུང་སར་དགའ་ལྡན་ཕོ་བྲང་ཞེས་པའི་ཚབ་ཏུ་བདེན་པ་ཉིན་རྒྱས་གྱུར་ཅིག་ཅེས་པ་དང་བཙན་བྱོལ་བོད་གཞུང་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུག་ཞེས་པ་སོགས་མི་རིགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་ལ་འགྱུར་བ་གཏོང་འཆར་འདུག་ན་བོད་རིགས་རྒྱ་ཆེར་མང་ཚོགས་ཀྱིས་ཤེས་གལ་ཆེན་པོ་རེད། མ་གཞི་ད་ཐེངས་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཞིག་གཙུག་ནས་ད་ལྟ་ལས་རིམ་འགྲོ་བཞིན་པ་རེད་།  དེ་ཡང་ཉིན་ཆར་གོ་ཐོས་ལ་བཅའ་ཁྲིམས་བསྐྱར་བཅོས་བཏང་ཕྱོགས་ཀྱི་ཐད་ཟིན་བྲིས་ཚོགས་མི་འགས་རླུང་འཕྲིན་ཁང་སོགས་སུ་༧རྒྱལ་བའི་དགོངས་པ་དང་མང་ཚོགས་ཀྱི་འདོད་བབ་དང་མ་མཐུན་པའི་དགོངས་འཆར་གང་མང་བཤད་འདུག།

དེའི་ནང་ནས་གུས་པས་འདིར་བཤད་འདོད་པ་ནི་འཛམ་གླིང་སྤྱིའི་ལེགས་འཆར་མ་གཟིགས་པར་གང་ཟག་སྒེར་ལ་བལྟས་ཏེ་༧རྒྱལ་བའི་སྐུ་དབང་བགོ་ཤག་རྒྱབ་སྟངས་ཐད་ཡིན།      སྤྱིར་འཛམ་གླིང་ནང་དངངས་གཙོ་རྒྱལ་ཁབ་ཡིན་ཕྱིན་སྲིད་འཛིན་ལམ་ལུགསདང་གྲོས་ཚོགས་ལམ་ལུགས་གཉིས་སུ་ཕལ་ཆེར་ངེས་པ་རེད།     ལྷག་དོན་ང་ཚོའི་དམངས་གཙོའི་ལྟ་གྲུབ་དང་གཞི་འཛིན་ས་ཞིག་མེད་དུ་མི་རུང་བ་ཡིན་པས་དཔེ་ན་ཨ་རི་ལྟར་བུ་སྲིད་འཛིན་ལམ་ལུགས་དང་རྒྱ་གར་ལྟར་བུ་གྲོགས་ཚོགས་ལམ་ལུགས་གཉིས་དཔེ་མཚོན་དུ་ལེན་མི་འོས་པ་མེད་།        དེ་མིན་བལ་པོའི་སྲིད་གཞུང་བཞིན་ལོ་རེེ་རྩ་ཁྲིམས་ལ་བརྒྱུར་བཅོས་དང་དམིགས་བསལ་གང་ཟག་ལ་བལྟས་པའི་གཞུང་འཛིན་ལམ་ལུགས་ཞིག་འཛིན་ན་དམངས་གཙོ་མིང་ཙམ་ལས་དོན་དངོས་ཁྲིམས་ཀྱི་ནུས་པ་ཐོན་པའི་དམངས་གཙོའི་གཞུང་ཞིག་འགྱུར་བ་ཧ་ཅང་དཀའ་མོ་རེད།

གཉིས་པ།

དེ་ཡང་༧གོང་ས་མཆོག་གི་ད་ཡོད་སྐུ་དབང་དམངས་གཙོའི་ཀ་བ་གསུམ་ཀའི་སྟེང་ལ་བགོ་བཤའ་རྒྱག་དགོས་བཤད་པ་ནི་དོན་དངོས་དང་འབྲེལ་བ་ཆེས་ཡང་བོད་རིགས་རྒྱ་ཆེར་ཡང་རྒྱ་ཆེར་མང་ཚོགས་ཀྱི་བསམ་ཡུལ་འདས་པའི་སྐད་ཆ་ཞིག་ཡོད་པ་ནི་ཀ་བ་གསུམ་པོ་དང་འབྲེལ་བ་མེད་པའི་མི་སྣ་ཞིག་ལ་སྐུ་དབང་བགོ་བཤག་རྒྱབ་ཏེ་མིང་ལ་སྤྱི་ཁྱབ་དབུ་ཁྲིད་འབོད་དགོས་བཤད་པ་འདི་ཡིན།     དེ་ཡོང་སྟངས་དང་དེ་ལྟར་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོར་དཔྱད་དགོས་པ་སྣང་ལ་དེ་ཡང་དྲི་བའི་ནང་ནས་དྲི་བ་དང་དོགས་པའི་ནང་ནས་དོགས་པ་མང་པོ་ཞིག་རང་བཞིན་དུ་སླེབས་ཀྱི་ཡོད

གང་ལྟར་འདིའི་ཐད་ངས་གོང་ཏུ་ཞུས་པ་བཞིན་གང་ཟག་ལ་བལྟས་པའི་ལམ་ལུགས་འཛིན་ཏེ་རྩ་ཁྲིམས་བསྐྱར་བཟོ་གནང་བ་ཡིན་ན་དགོས་པ་ལས་དགག་བྱ་ཆེ་བའི་འཇུག་འབྲས་ཇི་ཡོད་ད་ལྟ་བཤད་ཐུབ་པ་ཞིག་རེད།  དེས་ན་ངས་འདི་ཟིན་བྲིས་ཚོགས་མི་རྣམས་པས་ཆེད་དུ་བཟོས་པའི་རྙོག་གླེང་ཞིག་དང་དགྲ་དགའ་གཉིན་སྡུག་གི་དམག་ཇུས་ཙམ་ལས་སྔར་ཡོད་བོད་ཀྱི་ལོ་རྒྱུས་བཟང་པོ་རྒྱུན་སྐྱོང་དང་མ་འོངས་བོད་གྱི་རྩ་དོན་དང་འབྲེལ་བ་སྣ་གཅིག་མེད་པར་གསལ་པོ་ཞུས་ན་བོད་རིགས་རྒྱ་ཆེར་མང་ཚོགས་ཀྱི་རང་གི་མགོ་ཁྲིད་དུ་འདེབས་ཐོན་བྱུང་བའི་མཁས་དབང་བློ་བཟང་སེངྒེ་མཆོག་གི་སྐུ་དབང་ལ་དམིགས་ནས་ཆེད་དུ་བཟོས་པའི་སྐད་ཆ་ཞིག་རེད་བསམ་བཞིན་འདུག།

གསུམ་པ།

ང་ཚོས་ངེས་པ་ཏུ་ཤེས་གལ་ཆེ་བར་༧གོང་ས་མཆོག་གི་དགོངས་པ་དང་བོད་རིགས་རྒྱ་ཆེར་མང་ཚོགས་ཀྱི་བསམ་བློའི་ནང་ཐེངས་འདིར་གསར་ཏུ་འདེབས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་དེ་དབུ་ཁྲིད་ཚད་ལྡན་ཞིག་ལ་ངོས་འཛིན་ཏེ་བོད་རིགས་མང་ཚོགས་ནས་སྔར་མེད་དོ་སྣང་ཤུགས་ཆེ་བྱེད་པ་དང་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པར་དམངས་གཙོའི་རྒྱལ་ཁབ་ཁག་གི་ལེགས་ཆ་ལེའུ་ཧ་ཅང་མང་པོ་ཞིག་གསར་གཏོད་རྣམས་པའི་ཐོག་དཔེ་ན་བགྲོ་གླེང་རིམ་པ་གནང་བའི་དགོས་པ་གཙོ་བོ་གཅིག་ནི་བོད་འདི་ལོ་རྒྱུས་ཐོག་དམངས་གཙོའི་གོམ་པ་མདུན་སྤོ་བྱེད་པའི་ལམ་ལུགས་འོག་རང་གཞུང་འདི་དམངས་གཙོ་ཚད་ལྡན་ཞིག་ཡོང་བ་དང་དམིགས་བསལ་བཀའ་བློན་ཁྲི་པ་དེ་རྒྱལ་སྤྱིའི་འདོད་པའི་སྲིད་འཛིན་ལྟར་བུ་ཞིག་ཆགས་ན་བསམ་པ་དེ་རེད

དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་དམིགས་བསལ་རྒྱལ་སྤྱིའི་ནང་སྙན་གྲགས་ཡོད་པའི་བརྙན་འཕྲིན་དང་ཚགས་ཤོག་ཐོག་འདིའི་ཐད་ལྟ་སྟངས་གཅིག་གྱུར་ཡོད་པ་ནི་ད་ཐེངས་བཀའ་བློན་ཁྲི་པར་སྲིད་འཛིན་ཅེས་འབོད་ཡོད།      ལྷག་དོན་༧རྒྱལ་བ་དོན་ཀྱི་བདག་པོའི་བཀའ་སློབ་ནང་རིམ་པ་བཞིན་གསན་ན་ཧ་ཅང་གསལ་པོ་རེད། དེ་ཡང་སྐྱབས་རྗེ་ཟམ་དགོང་རིན་པོ་བཀའ་ཁྲི་གནང་ཡོན་རིང་༧གོང་ས་མཆོག་གི་ང་ཕྱེད་བགྲེས་ཡོལ་ཡིན་ཅེས་གསུངས་ནས་བཀའ་ཁྲི་ཐེངས་གསུམ་པ་འོས་འདེབས་བྱེད་ལ་ཉེར་བའི་སྐབས་འདི་ལོ་ཕྱི་ཟླ་གསུམ་པ་ནས་ཁོང་གི་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཐུགས་ཐག་བཅད་ཡོད

དེ་ཡང་ཁོང་གི་མང་ཚོགས་ལ་ང་སེམས་ཤུགས་ཆག་པ་སོགས་གང་ཡང་མིན། ཆབ་སྲིད་གྱི་འགན་དེར་བཀའ་བློ་ཁྲིད་པས་གནང་གི་རེད་། སྐབས་རེ་མ་འགྲིག་པ་བྱུང་ན་ཤ་གཅུས་ཏོག་ཙམ་རྒྱབ་ཆོག་གི་རེད་ཅེས་ཐུགས་རྩེད་དང་སྦྲགས་གསུངས་ཡོད་། དེ་མཚུངས་ཉིན་ཆར་ཁོང་ཨ་རི་ལ་ཕེབས་སྐབས་བཀའ་སློབ་ནང་(ད་ལྟ་རེ་བ་ཆེ་རུ་ཕྱིན་པ་མ་ཟད། སེམས་ཤུགས་གོང་དུ་འཕེལ་ཏེ་ཐག་གཅོད་བྱས་པ་ཡིན། གཞོན་སྐྱེས་ཚོས་འགན་འཁྱེར་གྱི་འདུག་བསམ་པའི་གདེང་འཁེལ་བ་ཞིག་བྱུང་སྟབས། ངོས་ཀྱིས་ཐག་གཅོད་དེ་བྱས་པ་ཡིན་པས། ཁྱེད་ཚོས་བློ་གཡེང་རྩ་བ་ནས་བྱ་མི་དགོས།)ཅེས་བཀའ་སློབ་ཕེབས་ཡོད། (ཀའ་སློབ་འདི་མཁས་དབང་བློ་བཟང་སེང་གེ་བཀའ་ཁྲི་འོས་ཐོབ་བྱུང་རྗེས་ཟླ་འདིའི་ནང་རེད ) དེ་བཞིན་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་གསུངས་འཕྲིན་ནང་(ད་རེས་ཀྱི་འཕོ་འགྱུར་དེ་གལ་གནད་ཆེ་བའི་འཕོ་འགྱུར་ཞིག་གི་སྐབས་ལ་བསླེབས་པར་བརྟེན། བཀའ་ཁྲི་གསར་པ་དེ་དགུང་ལོ་གཞོན་གཞོན་དང་མཁྱེན་ཡོན་ཆེན་པོ། ལྷག་བསམ་དང་སྙིང་སྟོབས་ཆེན་པོ་ཞིག་ལ་ཐོབ་པ་དེས་ང་ཚོ་བློ་བདེ་པོ་དང་རེ་བ་ཆེན་པོ་བྱུང་ ) ཅེས་འཁོད་ཡོད་

བཞི་པ།

དེས་ན་༧གོང་ས་མཆོག་གི་བཀའ་སློབ་ནང་རང་ཉིད་གྱི་སྐུ་དབང་མང་ཚོགས་ཀྱི་འདེབས་ཐོན་བྱུང་བའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་གི་ཡིན་གསུངས་པའི་མགོ་ཁྲིད་ནི་བཀའ་ཁྲི་རང་ལ་གོ་དགོས་པ་ལས་དེང་སྐབས་སྲིད་དོན་པས་བཤད་པའི་སྤྱི་ཁྱབ་དབུ་ཁྲིད་དང་ཆོལ་ཁོང་དང་ཆོས་རྒྱུད་ཀྱི་འཐུས་མི་སྤྱི་འཐུས་ལ་མགོ་ཁྲིད་དུ་འབོད་པ་མ་རེད་སྙམ།      རྒྱུ་མཚན་ནི་སྤྱི་ཁྱབ་དབུ་ཁྲིད་ཅེས་པ་ནི་ཉིན་ཤས་སྔོན་གསར་ཏུ་བཟོས་པའི་མིང་ཡིན་པ་དང་སྤྱི་འཐུས་ནི་ཆོལ་ཁོང་དང་ཆོས་རྒྱུད་ཀྱི་འཐུས་མི་འམ་ངོ་ཚབ་ཡིན་པ་ལས་མང་ཚོགས་ཀྱི་འདེབས་ཐོན་བྱུང་བའི་དབུ་ཁྲིད་ཞིག་མིན།      ཡིན་ཡང་༧གོང་ས་མཆོག་གི་སྐུ་དབང་དམངས་གཙོའི་ཀ་བ་གསུམ་ཀའི་སྟེང་ལ་བགོ་བཤའ་རྒྱབ་དགོས་པ་ངས་གོང་ཏུ་ཞུས་པ་ལྟར་དངོས་ཡོད་རེད་།     དེ་ཡང་༧གོང་ས་མཆོག་གི་ཆོས་སྲིད་ཀྱི་མཛད་པ་རླབས་ཆེན་བཅངས་པའི་སྐུ་དབང་བཀའ་ཁྲི་མི་གཅིག་དང་ཕྱགས་རོགས་བཀའ་བློན་འགས་འཛིན་ཐུབ་ཀྱི་མེད་པས་བོད་མི་ཡོད་དོ་ལྕོག་གི་ད་ཐེངས་དམིགས་བསལ་འགན་ཁྱེར་དགོས་པ་དང་ལྷག་དོན་གཞུང་ཞབས་ཐ་ན་གད་པ་ཞིག་ཡིན་ཕྱིན་འོས་འགན་ཆེ་ཙམ་ལེན་དགོས།

ལྔ་པ།

རང་ཁོང་མང་ཚོགས་ཀྱི་འདེབས་ཐོན་བྱུང་བའི་མགོ་ཁྲིད་དཔེ་ན་སྤྱི་འཐུས་དང་ས་གནས་འཐུས་མི་སོགས་འོས་འདེབས་ཁྲོན་ཐོན་པའི་སྤྱི་མི་སུ་འདྲ་ཞིག་ཡིན་ན་རང་རང་གི་མཚན་གནས་དང་ནུས་པར་དཔག་པའི་དབང་ཚད་ཞིག་ཡོང་གི་ཡོད་ཀྱང་ད་ཡོད་༧གོང་ས་མཆོག་གི་སྐུ་དབང་ཐབས་བརྩོད་ནང་རྩོད་གཞི་ཡོང་སྟངས་མེད་པ་ཞིག་རེད། (རང་ཁོང་མང་ཚོགས་ཅེས་པ་ཆོལ་ཁའི་སྤྱི་འཐུས་ཡིན་ན་ཆོལ་ཁོང་མང་ཚོགས་དང་ས་གནས་འཐུས་མི་ཡིན་ན་ས་གནས་མང་ཚོགས་ལ་གོ་དགོས)དེས་ན་ངས་བཤད་དོན་མང་ཚོགས་ཀྱི་འདེབས་ཐོན་མ་བྱུང་ཡང་རང་ཁོངས་མང་ཚོགས་ཀྱི་འདེབས་ཐོན་བྱུང་བའི་སྤྱི་འཐུས་དང་ས་གནས་འཐུས་མི་གཙོའི་མགོ་ཁྲིད་ཆེ་ཆུང་སུ་འདྲ་ཞིག་ཡིན་ན་དེར་ཟིན་བྲིས་ཚོགས་ཆུང་གི་ངོས་ནས་ལུགས་མཐུན་གྱི་བགོ་བཤའ་རྒྱབ་དགོས་པ་ལས་ད་ཡོད་དབང་འཛིན་པ་རེ་གཉིས་ཀྱི་ངོ་གདོང་ལ་བལྟས་ནས་བགོ་བཤའ་རྒྱབ་ན་འགྲིག་གི་མི་འདུག་ཅེས་ཞུས་ཀྱི་ཡོད།

དྲུག་པ།

འཇུག་དུ་ཞུ་དོན་སྙིང་པོར་།   རྩ་དོན་གསུམ་གྱི་འབོད་ཚིག་འོག་རྣམས་པ་རྒྱལ་བའི་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་མཚོན་ན་མང་ཚོགས་ཀྱི་རེ་བ་བཅངས་པ་བཞིན་རང་གི་ཤེས་འཇོན་ཁ་ཡོད་དོན་ཐོག་ཏུ་སོན་པར་མེད་དུ་མི་རུང་བ་ནི་དབང་ཚད་ཆེ་ཙམ་དགོས་པ་དང་མང་ཚོགས་ཀྱི་ངོས་ནས་རང་གི་མགོ་ཁྲིད་ལ་གུས་བརྩི་དང་དབང་ཚད་སྤྲོད་དགོས་པ་ལས་འདྲ་མཉམ་དང་ཕྱོགས་རིས་ཀྱི་ལྟ་སྟངས་འཛིན་ན་སྤྱི་སྒེར་གཉིས་ལ་ཕན་འབྲས་གང་ཡང་ཐོན་རྒྱུ་མེད་པ་ཤེས་དགོས། མ་འོངས་ལྟ་བ་དང་ལམ་ཕྱོགས་དེ་འདྲའི་འོག་བྱེད་སྟངས་རིམ་པ་བཞིན་སོང་ན་མཁས་དབང་ཁོང་གི་ཤེས་འཇོན་ཇེ་བཞིན་ལག་ལེན་དུ་བསྟར་བ་ཧ་ཅང་ཁག་པོ་ཆགས་པ་མ་ཚད་གནས་སྟངས་འདིའི་བོད་རིགས་སྤྱི་ལ་གྱོང་གུད་ཚབ་ཆེན་ཐེག་ངེས་ཡིན་པས་ངན་ཁག་ཅི་བྱུང་ད་ཡོད་གཞུང་མང་ཚོགས་ཆེན་གྱི་འཐུས་མི་རྣམས་པ་དང་དམིགས་བསལ་ཟིན་བྲིས་ཚོགས་མི་རྣམས་པས་ཁྱེར་དགོས་ངེས་རེད།


  མ་འོངས་པའི་དབུ་ཁྲིད།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -