ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

09.02.2009 07:44:16
གཡུ་འབྲུག་སྔོན་མོ།

 

གུ་ཇེ་རཱ་ཐ་ཁུལ་མུ་སྟེགས་རྒྱལ་བ་པ་དང་ཁྱབ་འཇུག་པའི་རྗེས་འབྲངས་མང་པོ་ཡོད་པ་ཚང་མ་དཀར་ཟས་དང༌། སྔོ་ཟས་ལས། དམར་ཟས་ཀྱི་རིགས་ནམ་ཡང་མི་ཟ་ཞིང༌། གན་ངྷིའི་ཁྱིམ་ཚང་གི་མི་ཡོངས་རྫོགས་ཀྱང་དཀར་སྐྱོང་གནང་མཁན་ཡིན་རུང༌། དགེ་རྒན་མང་པོས་ཤ་ཟ་བས་མ་ཚད་ཆང་རག་ཀྱང་འཐུང་གི་ཡོད་པ་དང༌། ཡུལ་མི་གཙོ་དྲག་གི་ཁྲོད་དུའང་དེ་ལྟར་བྱེད་མཁན་དེ་དང་དེ་འདྲ་འདུག་ཅེས་གྲོགས་པོ་དེས་གན་ངྷི་ལ་ཞུས།


གྲོགས་པོ་དེ་ལུས་སྟོབས་དང་བློ་ཁོག་ཆེ་བ་རྩེད་མོ་དང་ལུས་རྩལ་མཁས་པར་ཡོད་པས། གན་ངྷིའི་ཐུགས་ལ་དེ་ཐམས་ཅད་ཤ་ཟས་པའི་ནུས་པ་ཡིན་འདུག་སྙམ་པ་བྱུང༌། ལྷག་པར་དབྱིན་ཇིའི་མི་ལུས་སྟོབས་ཆེ་བ་ཡོད་པས་རྒྱ་གར་ལ་དབང་སྒྱུར་ཐུབ་པ་བྱུང་འདུག་དགོངས། དེ་ལྟར་གྲོགས་པོའི་སྐྱོན་སེལ་ཐུབ་པ་ལྟ་ཞོག རང་ཉིད་དེའི་དབང་དུ་སོང་སྟེ་དེ་དང་མཉམ་དུ་གསང་སྟབས་ཀྱིས་ཤ་བཞེས། ཐོག་མར་ཚོད་ལྟའི་དོན་དུ་ར་ཤ་བཞེས་སྐབས། ཤའི་བྲོ་བ་རྙེད་པ་ལྟ་ཅི། ར་གསོན་པོ་རང་གི་ཁོག་ནང་དུ་རྒྱུག་བཞིན་པ་ལྟ་བུའི་ཚོར་བ་ངན་པ་འཁྲུངས། མཚན་ལ་མནལ་ཡང་མ་ཁུག དེ་རྗེས་ཟས་སྤྱོད་ཀྱི་གསར་བརྗེའི་འདུ་ཤེས་བཟུང་ནས་གྲོགས་པོ་དང་མཉམ་དུ་ཡང་ཡང་ལྐོག་ཏུ་ཤ་བཞེས། གཟིམ་ཁང་དུ་གསོལ་ཚིགས་མ་བཞེས་པའི་སྐབས། ཡུམ་གྱིས་དྲི་བ་མཛད་པ་དང་ཟས་ཀྱི་དང་ཁ་ཉམས་འདུག་གསུངས། དེ་དང་དུས་མཚུངས་པར་སེམས་ཅན་གྱི་ཤ་ཟ་མི་འོས་སྙམ་པ་ཤེས་པའི་གཏིང་དུ་གནས་ཤིང༌། ཕ་མ་ལ་རང་སྐྱོན་སྨྲ་བའི་སྙིང་སྟོབས་མེད་པར་རྫུན་སྨྲས་པའི་ཉེས་སྐྱོན་དེ་རྟག་ཏུ་སེམས་ལ་གསལ་བར་གནས་པས། ཕ་མ་ནམ་འཚོའི་བར་དབུ་སྐོར་བར་མི་བྱ། དེ་རྗེས་ཤ་ཟའམ་མི་ཟ་རང་དབང་ཡིན་བསམ་ཞིང༌། ཉི་མ་དེ་ནས་བཟུང་ཤ་མི་བཟའ་བའི་དམ་བཅའ་བརྟན་པོ་མཛད། ཤ་བཞེས་པའི་གོང་ཙམ་ལ་ཨ་ཁུས་ཐ་མག་འཐེན་པ་གཟིགས་སྐབས། དེ་འདྲ་ཞིག་ངས་ཀྱང་བྱེད་བསམས་ནས་ཐ་མག་གི་དུམ་བུ་གཡུགས་པ་དེ་ཚོ་བསྒྲུགས་ཤིང་འཐེན། ཁ་ནས་དུ་བ་ཕྱིར་གཏོང་བ་དེ་ལ་རང་བཞིན་གྱི་དགའ་ཚོར་ཤར། དུམ་བུ་དེ་ཚོ་རྟག་པར་ཐོབ་དཀའ་བས། སྤུན་ཞིག་དང་གན་ངྷི་གཉིས་ཀྱིས་གཡོག་པོའི་གོས་ཀྱི་དངུལ་ཁུག་ནས་ཟངས་ཊཾ་བརྐུས་ཏེ་ཐ་མག་ཉོས། དེ་ལྟར་བདུན་ཕྲག་ཁ་ཤས་བར་མཛད། དེ་སྐབས་རྩི་ཤིང་སོབ་སོབ་གཅིག་ཡོད་པ་ཐ་མག་ལྟ་བུར་འཐེན་ཆོག་པའི་སྐོར་ཐོས་པས་དེ་བླངས་ནས་ཐ་མག་འཐེན། རྒན་རབས་ཀྱི་གནང་བ་མེད་པར་དེ་ལྟར་རང་དབང་དུ་བྱས་མི་ཆོག་པའི་མི་ཚེ་དེ་ལ་ཧ་ཅང་ཡི་མུག་ནས་གཉེན་ཚན་དེ་དང༌། གཞོན་ནུ་གན་ངྷིས་རང་སྲོག་གཅོད་པར་ཐག་བཅད། རྡ་ཏུ་རའི་འབྲས་བུ་ཟོས་ན་དེ་མ་ཐག་ཏུ་ཤི་ཟེར་བ་ཐོས་པས། དེ་འཚལ་བར་ཕེབས་ནས་ཐོབ་པ་དང༌། འཆི་བའི་སྔོན་དུ་ཀེ་དར་ཇི་ལྷ་ཁང་ལ་མར་མེ་ཕུལ། དེ་ནས་གནས་དབེན་པ་ཞིག་བལྟས་ནས་དུག་ཟ་སྙམས་ཀྱང༌། གཉིས་ཀར་ཤི་ནུས་པའི་བློ་ཁོག་མེད་པས། གལ་སྲིད་དུག་འདི་ཟོས་རྗེས་སྐད་ཅིག་དེ་ཉིད་ལ་མ་ཤི་ན་ཅི་བྱེད། རང་གསོད་བྱེད་པས་གང་ལ་ཕན་སྙམ་པ་བྱུང་རུང༌། དུག་གི་འབྲས་བུ་གསུམ་རེ་ཁྱུར་མིད་བྱས། དེ་ལས་མང་བ་ཟ་མ་ནུས་པས་ཉེས་སྐྱོན་གང་ཡང་མ་བྱུང་བ་དང༌། གཉིས་ཀ་ར་མ་ཇི་ལྷ་ཁང་ལ་ཕྱིན། སེམས་བག་ཡོད་པར་བྱས་ནས་རང་ཁྱིམ་དུ་ལོག དེ་ནས་བཟུང་གན་ངྷིས་ཐ་མག་རྩ་བ་ནས་སྤངས་ཤིང་རྐུན་མ་ཡང་མ་མཛད། དེ་སྐབས་ཐ་མག་འཐེན་པ་དེ་ཀླ་ཀློའི་རང་བཞིན་དང༌། བཙོག་པ་རང་ལ་གནོད་སྐྱོན་ཀྱི་འབྱུང་ཁུངས་ཡིན་པར་དགོངས། གཞོན་ནུ་མོ་ཧན་དཱ་ས་གཞི་རྩའི་སློབ་གྲྭའི་ནང་བཞུགས་ཏེ་དགུང་ལོ་བཅུ་གསུམ་ལ་ཕེབས་པའི་སྐབས་རང་གི་ཡབ་ཡུམ་གྱི་དགོངས་པ་ལྟར་ཁོ་རང་དང་ན་ཚོད་མཉམ་པའི་གཞོན་ནུ་མ་ཀ་ས་ཏུར་བ་ཡེ་དང་མཉམ་དུ་ཡུལ་ལུགས་ཀྱི་རྟེན་འབྲེལ་དང་བཅས་ཆང་བཟའ་མཛད་དགོས་བྱུང༌། དེ་ལྟ་བུའི་ཧ་ཅང་ན་གཞོན་གྱི་ཆང་བཟའ་དང༌། དེ་ལས་ཀྱང་རྨོངས་ཤིང་ངན་པ་བྱིས་པའི་ཁྱིམ་ཐབས་ལེན་སྲོལ་ཡོད་པ་དེ་ནི་གནའ་སྲོལ་ངན་པ་ཡིན་པས་སྤངས་དགོས་ཞེས་རྗེས་སུ་གན་ངྷིས་དགག་བྱ་ཆེན་པོ་མཛད། དེའི་ཚེ་མོ་ཧན་དཱ་ས་ནི་གཞོན་ནུའི་གནས་སྐབས་སུ་ཡོད་པས། ཆང་བཟའི་དགོས་ནི་དོན་མ་ཤེས། རྟེན་འབྲེལ་དེ་ནི་གོས་བཟང་གྱོན་པ་དང༌། རོ་བཅུད་ལྡན་པའི་བཟའ་བཏུང་ལ་ལོངས་སྤྱོད་པ། མཛའ་འབྲེལ་གྱི་གཉེན་གྲོགས་དང༌། ཉེ་མཐུན་ཡོད་པའི་ངོ་ཤེས་ཀྱི་མི་མང་པོ་མགྲོན་འབོད་བྱས་པ་རྣམས་ཐུག་འཕྲད་སོགས་དགའ་སྐྱིད་ཀྱི་དུས་བཟང་ཙམ་ལ་མངོན་པ་ཡིན་འདུག །

དེ་ནས་མོ་ཧན་དཱ་ས་གན་ངྷིས་རང་གི་ལྕམ་གཞོན་ནུ་དང་ལྷན་དུ་འདོད་ཡོན་ལ་ལོངས་སྤྱོད་ཀྱིན་དེ་ལ་སྲེད་ཞེན་དང་དགའ་ཚོར་རིམ་གྱིས་འཕེལ། གཏན་གྲོགས་དེ་ལ་སྙིང་ནས་དགའ་ཞིང་བྱམས་པས་བསྐྱངས། མོ་ཧན་དཱ་ས་རང་ཉིད་བློ་སྟོབས་ཆུང་ལ་ངོ་ཚ་སྨིན་པ། རང་ཁྱིམ་དང་སློབ་གྲྭའི་ཕྱི་ནང་གང་སར་གཞན་ལ་ཉེ་མཐུན་བྱེད་མི་ནུས་ཤིང༌། གཏམ་སྨྲ་བ་ལ་ཡང་ཞེ་འཚེར་སྐྱེས། གདོན་འདྲེ་དང༌། མུན་ནག་ལ་འཇིགས་སྣང་ཆེ་བ་ཡིན་པས། རང་དང་ན་མཉམ་གྱི་ལྕམ་ཀ་ས་ཏུར་བ་ཡེ་དེ་ནི་དེ་ལྟར་མིན་པར། སྙིང་སྟོབས་ཆེ་ལ་རིག་པ་ཕྲ་བ། མུན་ནག་དང་འདྲེ་ལ་འཇིགས་སྣང་ཙམ་མེད་པའི་སེམས་ཀྱི་ཡོན་ཏན་དེ་མཐོང་ནས་དེ་ལ་སྙིང་ནས་ཡིད་སྨོན་ཡང་ཤོར།

ལྕམ་གཞོན་ནུ་དེས་འབྲི་ཀློག་མ་ཤེས་པས་མོ་ཧན་དཱ་ས་ཉིད་ཀྱིས་ཞར་ཞོར་ལ་ཡི་གེ་བསླབས་པས་གཏོང་ཡིག་འབྲི་ཤེས་ཙམ་བྱུང༌། བདག་གིས་གཞོན་དུས་འདོད་པའི་དབང་དུ་སོང་བས་དེ་ལ་སྙིང་ནས་བྱམས་པས་བསླབ་མ་ཐུབ་པ་མ་གཏོགས། དེ་མཁས་པར་འགྱུར་སྲིད་གསུངས། རྐང་རྩེད་དང་ལག་རྩེད་ཀྱི་སྤོ་ལོ་སོགས་རྩེད་མོ་དང༌། ལུས་རྩལ་ལ་མ་དགའ་བས་དེ་དག་ལ་ཉམས་སྣང་རྩ་བ་ནས་མ་བྱས། རྗེས་སུ་ལུས་རྩལ་དང༌། སེམས་སྦྱོང་གཉིས་ཀ་ཕྲུ་གུའི་སློབ་སྦྱོང་ལ་གལ་ཆེ་ཞེས་གསུངས། གཞོན་ནུ་གཞན་དང་མཉམ་དུ་འགྲོ་སྡོད་སྨྲ་སྤྱོད་བྱེད་པ་ལ་དེ་ཙམ་མི་དགའ་ཞིང༌། གཙོ་བོ་རང་ཉིད་གཅིག་པུར་གནས་པ་ལ་དགའ། རང་ཡུལ་འདི་གཞན་དབང་ནས་ཐར་པ་ཞིག་བྱུང་ན་སྙམ་པའི་རེ་འདུན་བློ་ལ་ཡོད་པ་ལས། གསར་བརྗེ་དང༌། བཅོས་སྒྱུར་གྱི་བསམ་པ་མེད། རིག་པ་དང་བརྩོན་འགྲུས་ཀྱི་ཆ་ནས་ཀྱང་ཁྱད་དུ་འཕགས་པའི་རྟགས་གང་ཡང་མེད་པ་ཞིག་ཡིན་ཀྱང༌། སེམས་ཆུང་ལ་ཀུན་སྤྱོད་བཟང་ཞིང༌། ལེགས་ཉེས་ཀྱི་བླང་དོར་ལ་རྟག་ཏུ་དྲན་ཤེས་ཐུབ་པ་ཞིག་ཡོད་པས། ཁོང་ལ་དགེ་རྒན་གྱིས་ཀྱང་སློབ་ཕྲུག་གཞན་ལས་དགའ་བར་བྱས། སློབ་སྦྱོང་དང་ཀུན་སྤྱོད་ཀྱི་ཐོ་ཡིག་ངན་པ་ནི་ནམ་ཡང་མ་ཐོབ། རང་ལ་ཤེས་བརྩོན་གྱི་ནུས་པ་ཡོད་པའི་བློ་གདེངས་མེད་པས། ལེགས་སྐྱེས་ཀྱི་བྱ་དགའ་དང༌། སློབ་སྦྱོང་བཟང་བའི་མཐུན་རྐྱེན་འགའ་ཤས་ཐོབ་པའི་སྐབས་རང་གིས་རང་ལ་ཡ་མཚན་གྱི་སྣང་བ་ཡང་ཤར། གཞོན་དུས་ཡིག་གཟུགས་ལ་ཉམས་སྣང་མ་མཛད་པས་ཡིག་གཟུགས་ཞན་ཅིང༌། ན་ཚོད་ལོངས་སྐབས་གཞན་གྱི་ཡིག་གཟུགས་མཛེས་པོ་མཐོང་བས་དེ་གལ་ཆེ་བ་ཡིན་པར་དགོངས་ནས་སྐབས་ཤིག་འདི་ལྟར་གསུངས། བྱིས་པ་རྣམས་ལ་ཐོག་མར་རི་མོ་འབྲི་ཚུལ་སློབ་དགོས། དེ་རྗེས་མེ་ཏོག་དང་བྱེའུ་ལ་སོགས་པའི་དངོས་པོར་བལྟས་ནས་རི་མོ་འབྲི་བ་དང་འདྲ་བར་ཡིག་གཟུགས་ཀྱི་དཔེ་ལ་བལྟས་ནས་སྦྱོང་དུ་འཇུག་དགོས། །

གཞོན་ནུའི་དུས་ནས་ཆང་བཟའ་མཛད་རུང་ཁྱིམ་ཚང་འཛིན་སྐྱོང་ཐུབ་པ་མེད། ཆང་བཟའི་སྐབས་ལོ་གཅིག་སློབ་སྦྱོང་བར་མཚམས་བཅད་རྗེས། མོ་ཧན་དཱ་ས་ལ་རང་གི་སློབ་སྦྱོང་རྒྱུན་སྐྱོང་ཆོག་པའི་གོ་སྐབས་རྙེད་དེ། གཞི་རྩའི་སློབ་གྲྭ་ཧ་ཡེའེ་སེ་ཀུའུལ་ལ་ཕེབས། འཛིན་གྲྭ་བཞི་བ་ནས་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གི་མགོ་འཛུགས་མཛད། སྦྱངས་གཞི་ཚང་མ་དབྱིན་སྐད་ཐོག་ནས་བསླབས། སཾ་སྐྲི་ཏ་ཡང་སློབ་སྦྱོང་མཛད། མཐར་མེལ་ཊི་ཀུ་ལེའི་ཤོན་ཞེས་པ་རྩ་བའི་ཐོན་ཚད་ཀྱི་ཡིག་རྒྱུགས་ལེགས་པར་ཐོན། དེ་ནས་བྷ་ཝ་ན་གར་ལ་ས་མའལ་ད་ས་ཀོའོ་ལེ་ཇི་ཞེས་པའི་མཐོ་རིམ་སློབ་གྲྭར་ཞུགས། དེ་ལ་སློབ་སྦྱོང་བྱ་རྒྱུ་དཀའ་ཙམ་བྱུང་ཞིང༌། མཐོང་སྣང་གནས་ལུགས་དོན་ཕན་ལྡན་པ་ཞིག་མེད་པར་གཟིགས། སྤྱི་ལོ་༡༨༨༥ ལ་ཁོང་གི་ཡབ་ཡུན་རིང་བསྙུན་རྗེས་སྐུ་ཚེ་འཕོས། དེ་ནས་ཁྱིམ་གྱི་གྲོགས་པོ་ཞིག་གིས་གཞོན་ནུ་མོ་ཧན་དཱ་ས་གན་ངྷིས་དབྱིན་ཡུལ་དུ་ཁྲིམས་གཞུང་སྦྱངས་ཏེ་རང་གི་ཡབ་ཀྱི་མཛད་ཁུར་གྱི་རྗེས་ཤུལ་སྐྱོང་དགོས་ཞེས་པའི་སློབ་སྟོན་བྱས་པ་དེ་ལ་མོ་ཧན་དཱ་ས་རང་ཉིད་ཤིན་ཏུ་མོས་ཤིང་དགའ་ནས་འགྲོ་བར་ཐག་བཅད། ཡུུམ་གྱིས་དེ་ལ་དགག་བྱ་མཛད་པ་ན། གན་ངྷིས། དབྱིན་ཡུལ་དུ་ཤ་ཆང་བུད་མེད་གསུམ་ལ་ལོངས་སྤྱོད་མི་བྱེད་པའི་དམ་བཅའ་ཕུལ་བས། ཡུམ་གྱིས་ཀྱང་ཞལ་བཞེས། གྲུ་གཟིངས་ཐོག་ཐོན་དགོས་པས་གན་ངྷི་བྷོམ་བྷེ་ལ་ཕེབས་པ་ན། རང་གི་རིགས་རུས་གཅིག་པའི་མི་ཚོགས་ཀྱིས། རྒྱ་མཚོའི་ཕ་རོལ་དུ་འགྲོ་བ་དེ་ནད་ཡམས་ཀྱི་འབྱུང་ཁུངས་ཡིན་པའི་རྣམ་རྟོག་ངན་པར་ཡིད་ཆེས་བྱེད་པས། གཞོན་ནུ་གན་ངྷི་རིགས་ཀྱི་ཁྱུ་ནས་ཕྱིར་འབུད་བྱ་རྒྱུའི་སྡིགས་ར་བསྐུལ་ཀྱང༌། གན་ངྷིས་ཡ་ང་བ་ཙམ་ཡང་མེད་པར་དབྱིན་ཡུལ་དུ་འགྲོ་བའི་དམ་བཅའ་བརྟན་པོར་བཟུང་བས། ཁོང་རིགས་ཀྱི་གྲལ་ནས་ཕྱིར་འབུད་བྱས། སྤྱི་ལོ་༡༨༨༨ལ་དགུང་ལོ་བཅོ་བརྒྱད་ལ་ཕེབས་པའི་སྐབས་ཁོང་གི་ལྕམ་ཀ་ས་ཏུར་བ་ཡེ་ལ་སྲས་གཅིག་འཁྲུངས། དེ་ནས་ཟླ་བ་ཁ་ཤས་སོང་རྗེས་གན་ངྷི་གྲུ་གཟིངས་ཐོག་དབྱིན་ཡུལ་གྱི་སའུ་ཐམ་ཊོན་ལ་ཐོན།

ལོན་ཊོན་གྲོང་ཁྱེར་ནང་ཐོག་མའི་ཉིན་ཁ་ཤས་ཀྱི་རིང་སྐུ་ངལ་ཆེན་པོ་བྱུང༌། ས་ཡུལ་དང༌། མིའི་དབྱིབས་མདོག་བྱ་སྤྱོད་ལམ་སྲོལ་གང་ས་ནས་འདྲིས་ཚོར་མེད་པའི་ཡ་མཚན་ཀྱི་སྣང་བ་ཤར་ཞིང༌། ལྷག་པར་དབྱིན་ལུགས་ཀྱི་སྤྱོད་ལམ་ལ་གོམས་འདྲིས་མེད་པས་རྟག་ཏུ་དྲན་ཤེས་བརྟན་པོར་གནས་དགོས་བྱུང་བ་དང༌། དམར་ཟས་ལ་མི་རེག་པའི་དམ་བཅའ་བཞག་ཡོད་པས་བཟའ་བཏུང་ལོངས་སྤྱོད་ཐུབ་པ་དེ་དག་ནི་བྲོ་བ་མེད་པ། དང་གར་མི་འགྲོ་བ་ཤ་སྟག་བྱུང༌། སྐབས་ཤིག་འཕའ་རིང་ཊོན་ལམ་གཞུང་གི་སྔོ་ཟས་ཀྱི་ཟ་ཁང་ཞིག་ནས། སྔོ་ཟས་ལ་སྤྱོད་པའི་གདམས་ངག་ཅེས་པའི་དེབ་གཅིག་ཉོས་ནས་དེའི་བརྗོད་དོན་ལ་བློ་མོས་ཆེན་པོ་ཤར། དེ་ནས་བཟུང་དམ་བཅའི་ཤུགས་ཙམ་གྱིས་མ་ཡིན་པར། སྔོ་ཟས་དང་དཀར་ཟས་ལ་སྙིང་ནས་མོས་པར་གྱུར། སྔོ་ཟས་སྐོར་དེབ་མང་ཙམ་ཀློག་པ་དང༌། གསར་དུས་ཀྱི་དངོས་པོའི་རིག་གནས་ནང་སྔོ་ཟས་ལ་རྒྱབ་སྐྱོར་བྱས་པ་གཟིགས་ནས། རང་གི་ཕ་མེས་རིམ་ཅན་གྱི་ཉམས་ལེན་དེ་གཞན་ལ་སྤེལ་བའི་འདུན་པ་ཡང་ཤར། དེ་ལྟར་སྐུ་ཚེ་མ་སྟོངས་ཀྱི་བར་སྔོ་ཟས་ཀྱི་དགེ་མཚན་གཞན་ལ་སྤེལ་བའི་ཁུར་བརྩོན་མི་ལྷོད་པ་མཛད། དབྱིན་ཡུལ་དུ་ཐོག་མར་དུས་ཡུན་གང་འཚམས་ཀྱི་རིང་གན་ངྷིས་དབྱིན་ཇིའི་མི་དྲག་གི་ཆས་གོས་དང༌། ་འགྲོ་འདུག་བྱ་སྤྱོད་ཀྱི་ལད་མོ་མཛད་ཅིང༌། དབྱིན་ལུགས་ཀྱི་ཆས་གོས་ཆ་ཚང་བཟོས། གསེར་ཐག་ཉིས་བསྒྲིལ་གྱི་ཆུ་ཚོད་ཀྱི་ཐག་པ་ཉོས། ཧཕ་རིན་སིའི་སྐད་ཡིག་དང༌། དབྱིན་སྐད་ཀྱི་གཏམ་བརྗོད་བྱ་ཚུལ། རོལ་དབྱངས་གཏོང་ཚུལ། སྤྲོ་སྐྱིད་ཀྱི་སླད་དུ་འབོའོལ་རུའམ་ཌའན་སེ་ཞེས་པ་ཁང་ཆེན་གྱི་ཞབས་བྲོ་བཅས་སྦྱངས། མི་རིང་བར་གན་ངྷིས་རང་གི་ད་ལྟའི་ཀུན་སྤྱོད་ལ་བརྟག་དཔྱད་དང༌། མ་འོངས་པའི་ལས་འགན་གྱི་བསམ་བློ་བཏང་སྟེ། བྱ་བ་དེ་དག་ལ་བརྟེན་ནས་ཕྱི་མིའི་རྗེས་འབྲངས་ཐུབ་ཙམ་ལས་གང་ཡང་མི་ཡོང་བས། ནོར་འཁྲུལ་ཡིན། ད་ནི་དེ་དག་སྤངས་ནས་ཡང་དག་ཀུན་སྤྱོད་ལྡན་པའི་མི་བཟང་ཞིག་བྱེད་སྙམ་དུ་དགོངས་ནས། རོལ་དབྱངས་དང་ཞབས་བྲོ་སློབ་པ་བཅས་དེ་འཕྲལ་རྒྱབ་སྐྱུར་མཛད། རང་ཅག་སོ་སྐྱེ་མང་པོ་ཞིག་མ་རིག་པ་དང༌། འདོད་པའི་དབང་དུ་སོང་ནས། རང་སྐྱོན་རྟོག་ཞིབ་ཙམ་མི་ནུས་པར་བསམས་ན། གཞོན་ནུ་གན་ངྷིའི་མཛད་པ་དེ་ཡང་དག་གི་དཔེ་བཟང་དུ་འོས་པ་ཞིག་ཡིན།

ལོན་ཌོན་ལ་ལོ་གཉིས་རྫོགས་ཁར། ཧིན་ངྷུའི་ཆོས་ཀྱི་གསུང་རབ་བཅོམ་ལྡན་འདས་ཀྱི་གླུ་དབྱིན་སྐད་ཀྱི་སྙན་ཚིག་འབོལ་རྩོམ་དུ་བསྒྱུར་བ་དེ་བཀླགས་ནས་དེ་ལ་ཤིན་ཏུ་མོས་གུས་ཆེན་པོ་ཤར། དེ་ནི་ཆོས་ཀྱི་གསུང་རབ་ཀུན་གྱི་ནང་ནས་གན་ངྷིས་ཐུགས་དམ་གཙོ་བོར་མཛད་པ་དེ་ཡིན། དེ་ནི་དོན་དམ་གྱི་ཤེས་བྱའི་བསྟན་བཅོས་ཤིག་ཡིན་ལ། བདག་ལ་དཀའ་སྡུག་ནམ་བྱུང་གི་མཚམས་རིན་ཐང་བྲལ་བའི་གྲོགས་བཟང་པོ་ཞིག་ཡིན་གསུངས། གསུང་རབ་དེ་གན་ངྷིའི་ཐུགས་དམ་གྱི་སྙིང་པོར་མཛད་པའི་ཚུལ་འདིའི་འོག་ཏུ་ཉིད་ཀྱི་གསུང་ནས་གསལ་བཀོད་ཡོད། གྲོགས་པོ་ཡེ་ཤུའི་ཆོས་པ་ཞིག་གིས་ཡེ་ཤུའི་གསུང་རབ་བ་ཡེ་བའལ་གཟིགས་པར་བསྐུལ་བ་ལྟར། ཡེ་ཤུའི་ཞལ་གདམས་གསར་མ་དང་རྙིང་མ་གཉིས་ཀར་གཟིགས་སྐབས་ཕྱི་མ་ལ་ལྷག་པར་ཐུགས་མོས་ཆེ་བ་བྱུང་འདུག གོང་དུ་སྨོས་པའི་བཅོམ་ལྡན་འདས་ཀྱི་གླུ་དབྱིན་སྐད་དུ་སྒྱུར་མཁན་ནི། སེའེར་ཨེྜ་ཝིན་ཨཱར་ནོའོལྜ་ཞུ་བ་དེ་ཡིན་པ་དང༌། དེས་དབྱིན་སྐད་ཀྱི་སྙན་ངག་འབོལ་རྩོམ་དུ་བསྒྲིགས་པ་སྟོན་པ་སངས་རྒྱས་ཀྱི་རྟོགས་བརྗོད་ལ་ཡེ་ཊ་ཨོཕ་ཨེ་ཤ་ཡ། ཡང་ན། ཨེ་ཤ་ཡའི་འོད་སྣང་ཞེས་པ་དེ་ལ་ཡང་གཟིགས་རྟོག་མཛད་པ་དང༌། གན་ངྷིའི་རང་རྣམ་གྱི་ནང་དུའང་སངས་རྒྱས་ཀྱིས་རང་གི་རྒྱལ་སྲིད་ཐལ་བའི་གོང་བུ་བཞིན་དུ་སྤངས་པ་དང༌། འགྲོ་བ་སེམས་ཅན་ཀུན་ལ་བརྩེ་བར་མཛད་པ་དག་ལ་དད་འདུན་གྱི་རྣམ་པ་གསལ་བར་བསྟན་ཀྱང༌། སངས་རྒྱས་ཀྱི་ཆོས་ནི་རྒྱ་ཆེ་བའི་ཧིན་ངྷུའི་ཆོས་ཀྱི་ཆ་ཤས་ཡིན་པ་དང༌། ཧིན་ངྷུའི་ཆོས་ཀྱི་ལྟ་སྤྱོད་ཉམས་འཆལ་དུ་གྱུར་པ་དག་ལ་དག་ཐེར་ཡང་དག་པ་ཞིག་ཡིན་ཚུལ་གསུངས། །

གཞན་ཡང་ཁ་ཆེའི་སྟོན་པ་མོ་ཧམ་མེ་དའི་མཛད་པ། ཏ་ཟིག་གི་བོན་ཆོས་ཛོ་རོ་ཝ་ཊེ་ནེ་ཟམ་ཞེས་པའི་སྟོན་པ་ཛོ་རོ་ཝ་ས་ཊར་གྱི་རྟོགས་བརྗོད་བཅས་ལ་གཟིགས་ནས་ཆོས་ཀྱི་གྲུབ་མཐའ་རྣམས་ནི། ཐར་པའི་ཁང་བཟང་དུ་བགྲོད་པའི་གཞུང་ལམ་མི་འདྲ་བ་ཙམ་ཡིན་པར་དགོངས་ཏེ་ཀུན་ལ་ཡིད་ཆེས་མཛད་ཅིང༌། དེ་སོ་སོའི་ནང་གི་ལྟ་སྤྱོད་ཀྱི་གདམས་ངག་ཟབ་མོ་དག་སྙིང་ནས་རྟོགས་པའི་ཐུགས་འདུན་དང་ལྡན་ཅིང༌། སྐུ་ཚེའི་སྨད་ལ་སྨོན་ལམ་ཚུགས་སྐབས་ཆོས་ལུགས་སྣ་ཚོགས་ཀྱི་གསུང་རབ་སྒྲོག་པ་དང་སྨོན་ལམ་ཁག་འདོན་པར་མཛད། དབྱིན་ཡུལ་དུ་ཁྲིམས་གཞུང་སློབ་སྦྱོང་གྲུབ་ནས་སྤྱི་ལོ་༡༨༩༡ ཟླ་༦ ཚེས་༡༠ ཉིན་ཁྲིམས་ཁང་དུ་ཁྲིམས་གཞུང་གི་ཤེས་བྱའི་ཐོག་ནས་སྲི་ཞུ་སྒྲུབ་དགོས་པའི་འབོད་བརྡ་བྱུང་ཞིང༌། དེ་ནས་ཉི་མ་གཉིས་ཀྱི་རྗེས་སུ་གྲུ་གཟིངས་ཐོག་རྒྱ་གར་ལ་ཕྱིར་ལོག་མཛད་དོ། །

དུས་དེ་ནས་བཟུང་དབྱིན་ཇི་པས་རང་གི་འཕྲུལ་ཆས་ཀྱི་བཟོས་པའི་ཚོང་ཟོག་རིན་གོང་ཁེ་བོ་རྒྱ་གར་ལ་ཁྱེར་ཡོང་ནས་བཙོང་བར། རྒྱ་གར་གྱི་འགོ་འཁྲིད་རྣམས་ཀྱིས་དེ་ནི་རྒྱ་གར་ལ་གནོད་ཚབས་ཆེ་བའི་ཁྱབ་བསྒྲགས་བྱས། ང་ཚོ་རང་གི་སྤྱིལ་བུའི་ནང་གི་བཟོ་གྲྭའི་ལག་ཤེས་ཐོན་རྫས་རྣམས་ཐོན་ཐུབ་དགོས་པ་དང༌། ང་ཚོས་ང་ཚོ་རང་གི་འཕྲུལ་ཆས་ཅན་གྱི་བཟོ་གྲྭ་འཛུགས་མི་ཐུབ་ལ་དང༌། རྒྱ་གར་ནི་སྡུག་བསྔལ་ཅན་དང་དབུལ་ཕོངས་ཅན་ཅུ་འགྱུར་ངེས་ལ་སོང༌། འགོ་ཁྲིད་དེ་དག་གིས་མི་དམངས་ཀྱིས་ཕྱི་རྒྱལ་གྱི་ཚོང་ཟོག་མི་ཉོ་བར་རྒྱ་གར་ནས་ཐོན་པའི་དངོས་པོ་ཁོ་ན་བེད་སྤྱོད་གཏོང་དགོས་པར་བརྗོད། དེ་ཡང་ཕྱི་རྒྱལ་གྱི་ཚོང་ཟོག་ཉོ་འགོག་གམ་ཉོ་མཚམས་བཞག་སྟེ་རྒྱ་གར་པའམ་སྭ་དེ་ཤི་ ༼ང་ཚོ་རང་གི་རྒྱལ་ཁབ་ཀྱི༽ཡི་ཚོང་ཟོག་ཁོ་ན་ཉོ་བ་དེ་ཡིན། དང་པོར་ཕྱི་རྒྱལ་གྱི་ཚོང་ཟོག་ཉོ་འགོག་གིས་སྭ་དེ་ཤི་ཡི་ཚོང་ཟོག་ཁོ་ན་བེད་སྤྱོད་བྱེད་དགོས་པ་ལ་གོ་རྟོགས་སད་མཁན་ནི་བྷོ་ལ་ནཐ་ ཅནྡྲ་དང༌། ཀོ་པལ་ར་ཨོ་དེཤ་མུཁ། ཨེམ་ཇི་རན་ད་དེ། རཇ་ན་ར་ཡན་བྷོསེ་དང་ཏི་ལག་རྣམས་ཡིན། བངྒལ་ཆ་བགོས་ཀྱི་དུས་སུ་ཕྱི་ཚོང་མི་ཉོ་བ་དང་སྭ་དེ་ཤི་ཧ་ཅང་དར་ཁྱབ་ཏུ་སོང་སྟེ་མི་སྟོང་ཕྲག་མང་པོ་དེར་ཞུགས་ཡོད། ད་ལྟ་གན་ངྷི་ཇི་ཡིས་དེ་ལ་འགོ་འཁྲིད་གནང་ཞིང་ལས་འགུལ་དེ་དོན་འབྲས་ཆེན་པོ་བྱུང༌། ཁོང་གིས་མི་དམངས་ལ་དབྱིན་ཇིའི་ཚོང་ཟོག་དང༌། ལྷག་པར་དུ་གྱོན་ཆས་ཉོ་བའི་འབོད་སྐུལ་གནང༌། ཁོང་གིས་ཁོང་ཚོ་ལ་ཅར་ཁ་སྟེ་སྐུད་འཁེལ་ལག་འཁོར་གྱིས་མ་མོག་སྐུད་པར་འཁེལ་རྒྱུ་དང་ལག་པའི་འཐག་ཆས་ཀྱིས་ཁ་དི་སྟེ་རས་ཆ་འཐག་དགོས་པའི་འབོད་སྐུལ་གནང༌། ཁོང་གིས་ཁོང་རྣམས་ལ་རྒྱ་གར་གྱི་ཐོན་རྫས་ཁོ་ན་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་གནང༌། ཐེངས་འདིའི་སྭ་དེ་ཤི་ལ་དོན་འབྲས་ཧ་ཅང་ཆེན་པོ་བྱུང༌། མངར་ཆ་བཟོ་མཁན་རྣམས་ཀྱིས་ཕྱི་རྒྱལ་གྱིས་བྱེ་མ་ཀ་ར་བེད་སྤྱོད་མ་བྱས་པ་དང༌། འཁྲུད་མཁན་རྣམས་ཀྱིས་ཕྱི་རྒྱལ་གྱིས་ལྭ་བ་མ་དཀྲུས་པ། བུད་མེད་རྣམས་ཀྱིས་ཕྱི་རྒྱལ་གྱི་ལག་གདུབ་དང་ཤེལ་གྱི་རྒྱན་ཆ་མ་བཏགས་པ། སློབ་ཕྲུག་རྣམས་ཀྱིས་ཕྱི་རྒྱལ་གྱི་ཤོག་གུ་བེད་སྤྱོད་མ་བྱས་པ་རེད། རྒྱ་གར་པ་རྣམས་ཀྱིས་མཁོ་དངོས་ཐམས་ཅད་བཟོ་འགོ་བརྩམས་པ་རེད། སྤྱིལ་བུའི་བཟོ་གྲྭ་རྣམས་ཙག་གྲ་དང༌། ཡི་ཙི། ཤོག་གུ རྫ་ཆས། ལུགས་བཅོས་ཀྱི་ཀོ་བ་བཟོ་ཐུབ་པའི་རབ་དུ་ཡར་རྒྱས་བྱུང༌། ཕྱིས་སུ་བཟོ་གྲྭ་ཆེན་པོ་རྣམས་བྱུང་སྟེ་གྱོན་ཆས་དང༌། རྣོ་ལྕགས་བཅས་ཀྱིས་མཚོན་པའི་ང་ཚོའི་དགོས་དངོས་ཐམས་ཅད་བཟོ་ཐུབ་པར་གྱུར།

ཕྱི་ལོ་ ༡༩༣༥ ལོར་དབྱིན་ཇི་པས་སྒྱུར་བཅོས་མང་ཙམ་ཞིག་གཏོང་རྒྱུའི་གསལ་བསྒྲགས་བྱས། འོས་འདེམས་ནི་མི་མང་ཙམ་ལ་འོས་འདེམས་ཀྱི་ཐོབ་ཐང་སྤྲད་ནས་བྱེད་ཆོག་པར་གྱུར། འོས་ཐོན་བྱུང་བའི་འགོ་འཁྲིད་རྣམས་ཀྱིས་མངའ་སྡེ་ཁག་གི་སྲིད་གཞུང་གྲུབ་རྒྱུ། ཡིན་ནའང་མངའ་སྡེ་སྤྱི་ཁྱབ་རྣམས་ལ་དབང་ཚད་ཆེན་པོ་སྤྲོད་རྒྱུ། སྤྱི་ཁྱབ་རྣམས་འདོད་པ་མེད་ཚེ་དེ་རྣམས་ཀྱིས་འོས་ཐོན་བྱུང་བའི་འགོ་འཁྲིད་རྣམས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལ་ཡང་ཆོག་མཆན་མ་སྤྲད་ན་ཆོག་རྒྱུ། དེ་མ་ཟད་ཁོ་ཚོ་རང་ཉིད་ཀྱིས་ཁྲིམས་བཟོ་ཆོག་རྒྱུ། རྒྱལ་ཡོངས་གྲོས་ཚོགས་དེ་ལ་འདོད་པ་མེད་ན་ཡང་དེ་ཚོད་ལྟ་བྱེད་པའི་ཐག་གཅོད་བྱས། ཁོ་ཚོ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཅིང་ཕྱི་ལོ ༡༩༣༧ ལོར་གྲོས་ཚོགས་ཀྱི་བློན་ཆེན་གྱི་གཞུང་མངའ་སྡེ་མང་པོ་ལ་བཙུགས། མངའ་སྡེ་གཞན་པ་རྣམས་ལ་ཡང་འོས་ཐོན་བྱུང་བའི་འགོ་འཁྲིད་རྣམས་ཀྱིས་བློན་ཆེན་གྱི་གཞུང་བཙུགས། ཡིན་ནའང་ཕྱི་ལོ་ ༡༩༣༩ ལོར་དམག་ཆེན་བྱུང་སྐབས་གྲོས་ཚོགས་བློན་ཆེན་རྣམས་ཀྱིས་དགོངས་པ་ཞུས་པ་རེད། འདི་ལ་རྒྱུ་མཚན་གཉིས་ཡོད་པ་རེད། གཅིག་ནི་དབྱིན་ཇི་པས་ང་ཚོའི་འགོ་འཁྲིད་རྣམས་ལ་དགོངས་སྐོར་ཙམ་ཡང་མེད་པར་རྒྱ་གར་མི་དམངས་ཀྱིས་འཇར་མན་དང་དམག་རྒྱག་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད། གཉིས་པ་ནི་དབྱིན་ཇི་པས་ཁོ་ཚོས་འཇར་མན་གྱིས་བཙན་བཟུང་བྱས་པི་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་རང་དབང་སྤྲོད་པར་དམག་རྒྱག་གི་ཡོད་ཚུལ་བརྗོད་སྐབས། ང་ཚོའི་འགོ་འཁྲིད་རྣམས་ཀྱིས་དབྱིན་ཇི་པས་རྒྱ་གར་ལ་རང་དབང་སྤྲོད་འགོ་རྩོམ་མི་རུང་བ་ཅི་ཡིན་ཞེས་དྲིས་པ་རེད།

ཕྱི་ལོ་ ༡༩༤༢ ལོར་དམག་ཆེན་དེ་རྒྱ་གར་ལ་ཉེན་ཚབས་ཅན་དུ་གྱུར། སྐབས་དེར་ཉི་ཧོང་གིས་དབྱིན་ཇི་དང་དེའི་ཕྱོགས་གཏོགས་ལ་དམག་རྒྱག་པའི་འགོ་བརྩམས། དབྱིན་ཇི་པས་རྒྱ་གར་དུ་ཉི་ཧོང་ལ་འཐབ་པའི་དམག་མང་པོ་ཉར་ཡོད་སྟབས། ཉི་ཧོང་གིས་རྒྱ་གར་ལ་རྒོལ་རྒྱུའི་འཇིགས་སྣང་བསྐུལ། དེའི་སྟབས་ཀྱིས་གྲོས་ཚོགས་ཀྱིས་རྒྱ་གར་ནས་རྒྱུགས་ཤིག་ཅེས་པའི་ལས་འགུལ་བརྩམས། ཁོང་ཚོས་དབྱིན་ཇི་པ་རྒྱ་གར་ནས་མྱུར་དུ་ཐོན་དགོས་པའི་འབོད་སྐུལ་བྱས། དབྱིན་ཇི་པས་འདི་ལྟར་མི་བྱེད་པ་ནི་སྨོས་མེད་ཡིན། རྒྱ་གར་གྱི་འགོ་འཁྲིད་རྣམས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག རྒྱ་གར་མི་དམངས་ཁོང་ཁྲོ་ཆེན་པོ་ལངས་ནས་ཐབས་ལམ་སྣ་ཚོགས་ཀྱིས་གཞུང་དང་འཐབ་འཛིན་བྱས། ལས་འགུལ་དེ་ཕྱི་ལོ་ ༡༨༥༧་ལོའི་གྱེན་ལོག་ནང་བཞིན་སྐད་གྲགས་ཅན་དུ་གྱུར། དབྱིན་ཇི་དབང་སྒྱུར་པ་རྣམས་ཀྱིས་དབང་སྒྱུར་འདོར་མ་འདོད་དེ་འཛེམ་ཟོན་མེད་པའི་སྒོ་ནས་ལས་འགུལ་དེ་དྲག་གནོན་བྱས། མི་སྟོང་ཕྲག་མང་པོ་ལ་རྡུང་རྡེག་བྱེད་པ་དང༌། མེ་མདའ་རྒྱག་པ། བཙོན་ལ་འཇུག་པ་བཅས་བྱས།

དམག་ཆེན་འཇུག་བསྒྲིལ་རྗེས། དབྱིན་ལན་དུ་ངལ་རྩོལ་ཚོགས་པ་ལ་སྟོབས་ཤུགས་རྒྱས། ཁོང་ཚོས་རྒྱ་གར་དྲག་ཤུགས་ཀྱིས་དབང་སྒྱུར་མུ་མཐུད་བྱེད་ཐབས་མེད་པ་དེ་ཤེས། ཁོང་ཚོ་ལས་མང་པོ་ཞིག་གིས་དྲག་ཤུགས་ཀྱིས་རྒྱ་གར་དབང་སྒྱུར་མི་རུང་བར་སྙམ། གན་ངྷི་ཇི་ཡིས་དབྱིན་ཇི་པ་ལ་ཁོ་ཚོ་ཇི་འདྲི་དྲང་བདེནམ་ཡིན་པ་དེ་ངོས་ཟིན་དུ་བཅུག དབྱིན་ཇི་གཞུང་གིས་སྐུ་ཚབ་ཚོགས་པ་ཞིག་རྒྱ་གར་ལ་རྒྱ་གར་གྱི་མ་འོངས་པའི་སྐོར་ལ་གྲོས་བསྡུར་བྱེད་དུ་བཏང༌། འོད་དཀར།


  རྒྱ་གར་རང་བཙན་ཇི་ལྟར་ཐོབ།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -