ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.01.2009 13:30:00
གཡུ་འབྲུག་སྔོན་མོ།

བོད་རོལ་དབྱངས་ཀྱི་ཆེད་སྒྲིག་སྐོར་ལ། ཁ་བྱང་འདི་མཐོང་སྐབས་ཕལ་ཆེར་ཁྱེད་ཀྱི་སྣང་ངོར་ཤར་བ་ནི་ང་ཚོ་བོད་ཀྱི་འཛམ་བུའི་ཁྱོན་ལ་ངོམས་སུ་ཆོག་པའི་ཕུལ་བྱུང་གི་ཐོན་རྫས་ག་གེ་མོ་ཞིག་གི་མཚམས་སྦྱོར་བྱེད་པའི་སྐོར་ཡིན་ངེས། ཡིན་ན་ཡང་། འདི་ན་འཆད་འདོད་པ་ནི་དེང་བོད་ཁུལ་དང་ལྷག་དོན་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་ལ་གང་ས་ཀུན་དུ་བཀང་བའི་རོལ་དབྱངས་ཆེད་སྒྲིག་འོད་སྡེར་དག་གི་སྐོར་ཡིན།


 

གྲངས་འབོར་མང་བར་དགག་དོན་མིན་འདུག ཡིན་ན་ཡང་། འབོར་ཚད་ཡོད་བཞིན་སྤུས་ཚད་མེད་པས་སྒེར་འཁོར་དག་གིས་ལྷ་སའི་གྲོང་དུ་ལྷག་པའི་འགྲིམ་འགྲུལ་གྱི་ལས་འཛོལ་དང་མཉམ་གཅིག་ཏུ་གླེང་ཆོག་གི་སྙམ། དེ་ཡང་ཆེད་སྒྲིག་དག་གི་གཞས་ཚིག་གི་ཐོག་ནས་གླེང་ན། སྤྱིར་ཚིག་གི་སྙན་ཆ་དང་། སྡེབ་སྦྱོར། ནང་དོན་སོགས་ཀྱི་སྐོར་ནས་ཅི་ཡང་གླེང་མི་དགོས། དང་ཐོག་དག་ཆ་ཁོ་ན་གླེང་ཚེ། ང་ཚོའི་ཆེད་སྒྲིག་ནི་གད་སྙིགས་ཀྱིས་སྦགས་པ་ཤ་སྟག་ཡིན་ཨང་། ཤ་སྟག་ཅེས་པའི་ཚིག་འདིས་ཆེད་སྒྲིག་རེ་ཟུང་ཞིག་ལ་ཕོགས་ཐུག་ཐེབས་ཡོད་ངེས་པས་གུ་ཡངས་ཤིག་བཏང་ན་ཆོག དཔེར་ན་ཆོས་འཕེལ་གྱིས་ཕབ་པའི་༼ལྷད་མེད་ཚེ་སྲོག་གཉིས་པ་༽ལྟ་བུའོ། ། དེ་མིན་རོལ་དབྱངས་དང་གདངས་ཐོག་ནས་གླེང་ཚེ། མ་གཞི་རང་ཉིད་བོད་ཀྱི་རོལ་མོའི་ཐོག་ལ་ཆ་རྒྱུས་མེད་པས་སྨྲ་བ་མང་མི་འདོད། ཡིན་ན་ཡང་། གཞས་གདངས་ཕར་བཤུ་ཚུར་བཤུ་བྱེད་པ་དེ་ནི་ཆེས་མི་ལེགས་སྙམ་སྟེ། བཤུ་བ་སྟེ་རྐུ་བའི་དོན་དུའོ། །གཞན་གྱི་གདངས་སྤུས་མ་ཞིག་ལ་ཚིག་ཁྱར་ཁྱོར་ཞིག་སྤྱད་དེ་རང་གི་མིང་ཐོག་ནས་ཆེད་སྒྲིག་བཏོན་པ་དེ་ནི་ངོ་མ་ངོ་ཚ་རྒྱུ་རེད། དེ་ཡང་གཞན་གྱི་གདངས་དེ་ནི་ཕ་རོལ་གྱི་གླིང་ཞིག་ཏུ་སྐད་གྲགས་ཀྱིས་ཁྱབ་ནས་ཡོད་པར་རང་མིང་འཁྱེར་ནས་བདག་པར་བྱེད་པ་དེ་རོལ་དབྱངས་ལ་མཐོང་ཆུང་དང་། སྒྱུ་རྩལ་ལ་ཐུབ་ཚོད། གཞན་རྒྱུ་ལ་བདག་དབང་ཞེས་པའི་གཏམ་དུ་ཟད། དཔེར་ན། ཉེ་དུས་བྱེས་ཞུགས་པ་ཕུར་བུ་རྣམ་རྒྱལ་གྱི་སྙན་དབྱངས་དུ་མ་ཞིག་བོད་ནང་གི་གྲགས་ཅན་གཞས་པ་གཞས་མ་དུ་མས་བདག་པར་བྱེད་ལ། རིན་ཐང་ཡང་ཟད་པར་བྱེད་བཞིན་པས་ཆེད་དུ་ཐེར་འདོན་ཞིག་བྱེད་འདོད། དེ་བཞིན་མི་རིགས་གཞན་གྱི་སྙན་དབྱངས་འགའ་ཞིག་ཐད་ཀར་བོད་དུ་བསྒྱུར་བ་དེས་བོད་འདི་གདངས་ཟད་པའི་གནས་སུ་ལྷུང་བའམ་གཞན་གྱི་ཡིད་ངོར་བོད་ཀྱི་རོལ་མོ་ནི་གཞན་ལ་སྐྱབས་སུ་བཅོལ་བ་ལྟ་བུའི་སྣང་བ་ཞིག་སྦྱིན་ཨང་། དེ་བཞིན་བརྙན་ཟློས་ཀྱི་པར་གཞིའི་ཐོག་ནས་གླེང་ཚེ། ཆེད་སྒྲིག་ཕབ་མཁན་རང་དང་རང་གི་ཉེ་བའི་གྲོགས་ཕོ་མོ་དག་མཚམས་སྦྱོར་བྱེད་པའི་སྒེའུ་ཁུང་ཞིག་ཏུ་གྱུར་གྱིན་འདུག་སྙམ། དེས་ན། གོ་ཤེས་ཡོད་པའི་གཞས་པ་གཞས་མ་ཚོས་མནོ་བསམ་ཞིག་བཏང་ན་ཤིན་ཏུ་ལེགས་ཨང་།

ང་ཚོར་དགོས་པ་ནི་འབོར་ཚད་མིན་པར་སྤུས་ཚད་ཡིན་པས་གྲགས་ཅན་གྱི་གཞས་པ་གཞས་མ་ཀུན་གྱིས་དོ་འཇོག་བྱེད་དགོས་ཨང་། ཉེ་ལམ་རང་ཉིད་ཀྱིས་གྲགས་ཅནགྱི་གཞས་པ་གཞས་མ་ག་གེ་མོའི་ཆེད་སྒྲིག་གཉིས་པ་དང་གསུམ་པ་ཞེས་པ་འགའ་ཉོས། དེ་ཡང་ཁོང་ཚོར་གྲགས་ཅན་ཞེས་པའི་མིང་ཐོགས་དོན་ནི་བོད་ཀྱི་དམངས་གཞས་དང་སྲོལ་རྒྱུན་རོལ་དབྱངས་ཀྱི་བཀའ་དྲིན་གྱིས་བསྐྱངས་བྱུང་ལ། ཆེད་སྒྲིག་ཐོག་མ་བརྒྱུད་དེ་གྲགས་ཅན་པའི་མཚན་སྙན་ཐོབ། ཡིན་ན་ཡང་། དུས་དེ་རིང་དམངས་གཞས་བསྡུ་རུབ་ལ་ཚད་བཀག་ཐེབས་པའམ་རང་གི་འཇོན་ནུས་ལས་འདས་པས། གྲགས་ཅན་པ་དག་གིས་དེང་གཞས་གསར་རྩོམ་གྱི་བྱ་བར་གཞོལ་ཏེ་འུར་ཟིང་ཞིག་བསླངས་བྱུང་། སྤུས་ཚད་དང་རིན་ཐང་ཡེ་ནས་མེད་པའི་དེང་གཞས་དག་གིས་བོད་ཀྱི་དེང་དུས་རོལ་དབྱངས་ཀྱི་ངོ་གདོང་གནག་པར་བྱེད་ཀྱིན་ཨང་། གལ་སྲིད་འཇོན་ནུས་མེད་པའམ། གྲ་སྒྲིག་འཐུས་ཚང་བྱུང་མེད་ཚེ་རྒྱུན་མཐུད་པའི་ཆེད་སྒྲིག་མ་ཕབ་ན་འགྲིག་གི་ཨང་། གནའ་བོའི་གཏམ་དཔེར། ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་ཟེར་བ་མ་ཡིན་ནམ། གལ་སྲིད་ཡིན་གཅིག་ཕབ་དགོས་ཚེ་རང་གི་བརྩམ་བྱར་རང་གིས་འགན་འཁྱེར་དགོས་ཨང་། རང་གི་བརྩམ་བྱར་རང་གིས་འགན་འཁྱེར་མི་ཐུབ་པའི་སྒྱུ་རྩལ་པ་དེ་ནི་དོན་དངོས་ཐོག་སྒྱུ་རྩལ་དང་རོལ་དབྱངས་ལ་དུངས་པ་ཞིག་ཡིན་ནམ། ཡང་ན་དམིགས་ཡུལ་གཞན་ཞིག་གིས་སྐུལ་བ་ཡིན། འདི་ལྟར་འགན་འཁྲིའི་འདུ་ཤེས་མེད་པའི་ལས་རྙོག་དེ་དག་གིས་མི་རིགས་འདིའི་ཞབས་འདྲེན་གྱི་མེད་དམ་སྙམ། ཕྱི་རྒྱལ་གྱི་གྲགས་ཅན་གླུ་དབྱངས་མཁས་པ་མི་ཉུང་ཤས་ཀྱིས་ཆེད་སྒྲིག་གཅིག་གི་ཆེད་དུ་དུས་ཚོད་དང་སེམས་ཤུགས་ཡོད་དོ་ཅོག་སྐྱེས་སུ་ཕུལ་ཏེ་ཉན་མཁན་ཀུན་གྱི་རྣ་བའི་གསོས་སུ་སྦྱིན་པ་ཡིན་ཟེར། ཡིན་ན་ཡང་། ང་ཚོའི་གྲགས་ཅན་པ་དེ་དག་ནི་འགྲོ་ཞོར་འདུག་ཞོར་གྱི་གང་དྲན་ཡོད་དོ་ཅོག་ཆེད་སྒྲིག་ཏུ་ཕབ་ཏེ་སྙིགས་སྣོད་ཅིག་ཉན་མཁན་ཚོར་སྟེར་གྱི་ཡོད་པ་འདྲ། དེ་ལས་ཆེད་སྒྲིག་གི་ཆེད་དུ་སྤྱོད་པའི་ནུས་ཤུགས་དག་གིས་དོན་སྙིང་ལྡན་པའི་བྱ་བ་ཞིག་ལས་ཚེ་ཅི་མི་ལེགས་སམ།

ཉེ་དུས་ཆེད་སྒྲིག་མང་བ། ནོར་འཛོལ་མང་བ་སྟེ། བརྙས་ཟློས་སྟེང་གི་གཞས་ཚིག་གི་དག་ཆར་ནོར་འཁྲུལ་ཡོད་པ་ནི་བརྗོད་མི་དགོས་པར་ཐ་ན་ཆེད་སྒྲིག་མིང་ཡང་དག་ནོར་གྱིས་སྦགས་འདུག ཉིན་གཉིས་གོང་དུ་ཐོན་པའི་ཆེད་སྒྲིག་གཅིག་གི་མིང་གི་དག་ཆ་ཡང་ནོར་འདུག་པ་དེ་ནི་ཆེས་བསམ་ཡུལ་ལས་འདས་དགོས་པ་ཞིག་ཏུ་གྱུར། དེ་བཞིན་ལྷ་སའི་རོལ་དབྱངས་སྒྲིག་བཟོ་ཁང་མི་ཉུང་ཞིག་ནི་སྒོར་མོ་ཁོ་ན་ལས་མི་དྲན་པའི་ཆེད་ལས་ཁང་ཞིག་མིན་ནམ་སྙམ།*འདིར་ཆེད་དུ་མིང་འདོན་མི་བྱེད*མིང་དང་འབྱོར་བ་ཁོ་ན་བསམ་སྟེ་འགན་ཕྲན་བུ་ཙམ་མི་འཁྱེར་བར་མུ་མཐུད་འདི་ལྟར་བཞུད་ཚེ་ནམ་ཞིག་འགྲན་རྩོད་ཀྱི་དོ་ར་ལས་ཕྱིར་དབྱུང་ངེས་ཨང་། དེ་མཐུན་ང་ཚོའི་རིག་གནས་འདི་ཡང་འཛམ་བུའི་རིག་གནས་ཀྱི་གྲལ་ལས་ཕྱིར་དབྱུང་ངེས་སྙམ།

ངས་མི་རིགས་ཀྱི་ཐོན་རྫས་ལ་རྒྱབ་སྐྱོར་བྱེད་པའི་ཁུལ་གྱིས་སེམས་ཀྱིས་མ་བཟོད་པར་ཚིག་གསུམ་ཞུ་བར་ཐལ་སོང་། སྤྱིར་བོད་གཞས་ཀྱི་ཆེད་སྒྲིག་གསར་ཐོན་བྱེད་རིམ་བཞིན་ཉོ་བར་བྱེད། ཕྱིར་རླངས་འཁོར་བསྡད་སྐབས་བོད་རིགས་ཁ་ལོ་བ་ཞིག་ཐུག་ཨེ་ཡོང་བསམ་ནས་སྒུག་པར་བྱེད། ཉོ་ཚོང་ཙག་ཙིག་རེ་བྱེད་སྐབས་བོད་རིགས་ཚོང་ཁང་ཞིག་རྙེད་ཨེ་ཡོང་བསམ་ནས་འཚོལ་བར་བྱེད། མ་གཞི་ནས་ང་ཚོར་དབང་བའི་ཁྲོམ་ར་ཆེར་མེད་བཞིན་ཁྲོམ་རར་ཐོན་ཐུབ་པའི་ཐོན་རྫས་ཕྲན་བུ་དག་ལ་ཚོང་བསྒྲུབ་མཁན་ཚོས་བདག་སྐྱོང་དང་འཛད་སྤྱོད་པས་རྒྱབ་སྐྱོར་གང་ལེགས་མ་བྱས་ཚེ་ང་ཚོ་ནམ་ཡང་འཛམ་བུའི་འཕེལ་བགྲོད་ཀྱི་གྲལ་ལས་ཕྱིར་དབྱུང་ངེས་ཨང་། *འཆད་བཞིན་འཆད་བཞིན་བརྗོད་དོན་ལས་རྒྱང་བཀྱེད་པར་དོགས་པས་འདི་གར་མཚམས་འཇོག་གོ*

གཙང་བློ་བསྟན་ཞགས། ༢༠༠༩.༠༡.༠༢

གྲོགས་པོ་སྐོར་ཞིག་གིས་བཤད་པར། དེང་འཛམ་གླིང་ཁྱོན་དུ་བརྙན་འཁོར་ཆེད་སྒྲིག་འོད་སྡེར་གྱི་ཐོན་རྫས་རྩེ་གྲ་ནི་འུ་ཚོ་བོད་ཚང་ཡིན་ཟེར། གཏམ་འདི་ཕྲན་བུ་ཐལ་དྲགས་ཡོད་ངེས། ཡང་གཅིག་མནོ་བསམ་རེ་གཏོང་གིན་བཤད་ཚེ་ཕལ་ཆེར་དོན་དང་མཐུན་འདུག་སྙམ། དེ་ཡང་ཐོན་རྫས་རྩེ་གྲ་སྟེ། དང་ཐོག་གྲངས་འབོར་གྱི་ཐོག་ནས་གླེང་ན། ང་ཚོ་བོད་རིགས་མང་པོར་ཕལ་ཆེར་གླུ་དབྱངས་ལེན་ཤེས་པ་ཡིན་ཚེ་ཆེད་སྒྲིག་ཕབ་ཆོག་པ་ལྟ་བུའི་འདུ་ཤེས་ཤིག་སྐྱེས་ནས་འདུག་སྙམ། མང་པོ་ཞིག་གིས་ལྷ་ས་གྲོང་ཁྱེར་དུ་མི་ཉི་ཤུ་རེར་སྒེར་གྱི་རླངས་འཁོར་གཅིག་རེ་ཡོད་ཟེར། དེ་ནི་ཕལ་ཆེར་གཅིག་གིས་རླངས་འཁོར་ཉོས་ཚེ་གཞན་ཞིག་གིས་རང་གི་འབྱོར་འཁོས་དང་ལག་རྩལ་སོགས་ལ་མི་བལྟ་བར་ཐབས་ལམ་དུ་མ་སྤྱད་དེ་སྒེར་འཁོར་ཞིག་དབང་བར་བྱེད་པས་ཡིན། དེས་ན། ལམ་ཆེ་ཆུང་ཀུན་དུ་རླངས་འཁོར་གྱིས་ཁེངས་ལ་མི་འགྲུལ་ལམ་ཡང་ལྷག་ཏུ་དོགས། དེ་མིན་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་པ་ནི་རྒྱུན་ལྟོ་ལྟར་དུ་ཟད། རླངས་འཁོར་གྱི་སྐོར་འདི་གླེང་གཞི་མིན་པས་རྒྱས་པར་མི་གླེང་། དེ་ཡང་དེང་བོད་ནང་དུ་ཆེད་སྒྲིག་ཕབ་པའི་སྣང་ཚུལ་འདི་ནི་རླངས་འཁོར་ཉོ་བ་དང་ཅུང་འདྲ་བར་མཐོང་། གལ་སྲིད་མུ་མཐུད་འདི་ལྟར་སོང་ཚེ་ཆེད་སྒྲིག་གི་འབོར་ཚད་དེ་ལྷ་སའི་གྲོང་མི་དང་རླངས་འཁོར་གྱི་བསྡུར་ཚད་དང་ཉེ་བར་འགྲོ་ངེས། ཡང་གཅིག་ཆེད་དུ་དོན་འདིར་བརྟག་དཔྱད་བྱས་ཚེ་བློ་ཡུལ་ལས་འདས་པའི་བསྡུར་ཚད་ཅིག་ཐོན་ངེས་སྙམ།
  
 

27.01.2009 14:31:12

[URL=http://][/http://www.tibettl.com/blog/u/pasangdorje/archives/2009/1818.html#1915]

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -