ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

27.01.2009 13:23:53
གཡུ་འབྲུག་སྔོན་མོ།

ཀྲུང་དབྱང་བརྙན་འཕྲིན་ཁང་ནས་སྤེལ་བའི་ལོ་རེའི་དཔྱིད་གསར་དགོང་ཚོགས་ནི་རྒྱ་ནག་མི་དམངས་ཀྱིས་ཆེས་དོ་ཁུར་བྱེད་པའི་ལེ་ཚན་ཞིག་ཡིན། ཉིན་གཉིས་གོང་དུ་སྤེལ་བའི་འདི་ལོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་དེ་ཡང་མི་དམངས་ཀྱི་རེ་སྒུག་ནས་གདེང་འཇོག་གི་ཁྲོད་དུ་སིམ་བཞིན་འདུག་སྙམ། དཔྱིད་གསར་དུས་ཆེན་དང་དེའི་དགོང་ཚོགས་ནི་ངས་ལོ་གཅིག་རིང་ངང་གིས་སྒུག་པ་ཞིག་ཡིན་ཞེས་རྒྱ་རིགས་མི་ཉུང་བས་བཤད་མྱོང་།
 འདི་ལོའི་དགོང་ཚོགས་འདི་ལྟ་བུས་རེ་སྒུག་ཁྲོད་ཀྱི་ཁོང་ཚོར་ཕམ་ཁ་ཡེ་ནས་སྟེར་མེད་སྙམ།
ཚན་རིག་ལག་རྩལ་ནི་ནམ་ཡང་རྩེ་རུ་སོན་པས་ཚན་རྩལ་ལ་བརྟེན་ནས་འདི་ལོའི་དགོང་ཚོགས་འདི་ཡང་རྩེ་རུ་འཕོས་འདུག་སྙམ། གློག་འོད་དང་། འཆར་ཤེལ། མཛེས་རྩལ་བཀོད་པ་སོགས་རྩེར་སོན་ལག་རྩལ་ལ་བསྟེན་ནས་གར་སྟེགས་ཀྱི་རྣམ་པས་ལྟ་མཁན་གྱི་ཡིད་དབང་འགུག་ཐུབ་པ་ བྱུང་ཡོད།དགོད་བྲོའི་གཏམ་གླེང་ངམ་ཁ་ཤགས་ནི་འཚོ་བ་དང་བར་ཐག་ཉེ་བ་ཞིག་བྱུང་ཡོད་དེ། གྲགས་ཆེ་བའི་འཁྲབ་མཁན་དག་གིས་འཚོ་བ་དང་། དྲ་ངོས་སོགས་སུ་འགྲོ་རྒྱུགས་ཆེ་བའི་ཚིག་དག་གར་སྟེགས་ཐོག་ཏུ་སྤོས་ཏེ་ལྟ་མཁན་གྱི་ཡིད་དབང་འགུགས་ཐུབ་པ་བྱུང་ཡོད།

 གླུ་དབྱངས་ལེ་ཚན་ལ་མཚོན་ན། སྔོན་གྱི་རྣམ་པ་ལས་བརྒལ་ཏེ་ལེན་མཁན་ཚོས་ཡིན་གཅིག་གར་སྟེགས་ཐོག་ཏུ་ཐད་གཏོང་བྱེད་དགོས་པས་ལྟ་མཁན་ཚོར་སྔར་མེད་པའི་རེ་སྒུག་ཅིག་སྟེར་ཡོད་ལ། ཡིད་དབང་འགུགས་ཐུབ་པ་བྱུང་ཡོད། དེ་དང་དེ་འདྲ་བའི་རྣམ་པ་གསར་པ་དུ་མས་རྒྱ་ནག་པ་ཚོས་འདི་ལོའི་དགོང་ཚོགས་ཚད་མཐོའི་གདེང་འཇོག་བྱེད་བཞིན་ཡོད།

ལེ་ཚན་གྱི་ནང་དོན་བཀོད་སྒྲིག་བྱེད་ཚུལ་ལ་མཚོན་ན། འདས་ཟིན་པའི་ལོ་དེའི་ནང་བརྗེད་དུ་མེད་པ་དང་། མང་ཚོགས་ཀྱི་འཚོ་བར་སིམ་ཡོད་པའི་དོན་དང་།  མང་ཚོགས་ཀྱི་རྣ་བར་འཇགས་ནས་ཡོད་པའི་རོལ་དབྱངས་སོགས་དགོང་ཚོགས་ཀྱི་གར་སྟེགས་ཐོག་ཏུ་སྤོས་ཡོད། མ་ཟད། རྣམ་པ་འདྲ་མིན་ལ་བསྟེན་ནས་རྒྱལ་གཅེས། དམངས་ཕན། མཐུན་སྒྲིལ་གྱི་བ་སྤུ་སློང་གིན་འདུག་སྙམ།  དེས་ན། མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཐོབ་པ་ཡིན་ངེས་སྙམ། མ་གཞི་ལྟ་མཁན་ཚོའི་དགའ་བསུ་ཐོབ་ཚེ་ལེ་ཚན་གང་དེ་ཚད་དུ་རན་པ་ཞིག་ཏུ་ངེས་ཆོག་པས་སོ། །

ངས་འདི་ལོའི་དཔྱིད་གསར་དགོང་ཚོགས་ལ་ཚིག་གསུམ་འཆད་བཞིན་སེམས་ཁོང་དུ་དྲན་བཞིན་པ་ནི་འུ་ཚོ་བོད་ལྗོངས་བརྙན་འཕྲིན་ཁང་དང་མཚོ་སྔོན་བརྙན་འཕྲིན་ཁང་གིས་སྤེལ་བའི་ལོ་གསར་དགོང་ཚོགས་དག་ཡིན། ཁོར་ཡུག་དང་མཐུན་རྐྱེན་གྱིས་མ་ཚང་བས་འུ་ཚོས་མང་ཚོགས་རང་བཞིན་གྱི་དགོང་ཚོགས་ཤིག་བསྒྲུབ་དཀའ་མོ་རེད། ཡིན་ན་ཡང་། འོད་སྣང་སེར་མོ་ཙམ་ཞིག་ལ་བསྟེན་ཏེ་བྱ་བ་ཕྲན་བུ་ཞིག་བསྒྲུབ་ཚེ་ཡར་རྒྱས་འབྱུང་ངེས་སྙམ། དགོང་ཚོགས་སྤེལ་བ་ལྟ་བུའི་བྱ་བ་ནི་ཕན་ཚུན་སློབ་སྦྱོང་དང་། ཉམས་ལེན། འདྲ་བཤུ་བྱེད་པའི་ཆ་ཞིག་ཡིན་པས་འུ་ཚོས་ཀྱང་གཞན་ལ་ལྟ་གིན་རང་གི་ལུགས་དང་མཐུན་པའི་ཕྱོགས་སུ་བཅོས་བསྒྱུར་ཞིག་བྱེད་རན་ཡོད་ཨང་། དགོང་ཚོགས་གར་སྟེགས་ཀྱི་ཟུར་ཀྱོག་གང་ནས་མར་དང་རྩམ་པའི་དྲི་བྲོ་བ་ཞིག་འབྱུང་རྒྱུ་ནི་རེ་བ་ཉག་གཅིག་ལགས། ཐབས་ལམ་འདྲ་མིན་བརྒྱུད་དེ་ལྟ་མཁན་རྩམ་གཟན་ཚོའི་རིགས་ཞེན་གྱི་བ་སྤུ་ལོངས་ཐུབ་པ། འགན་འཁྲིའི་འདུ་ཤེས་སྐྱེ་ཐུབ་པ། དུས་རབས་འཕེལ་བགྲོད་ཀྱིས་སྙིང་ཁ་འཕར་ཐུབ་པ་ཞིག་བྱུང་ཚེ་ལྷག་ཏུ་དགའ་ཨང་།

མདོར་ན། འུ་ཚོས་ཡིན་གཅིག་གོམ་ཁ་བསྒྱུར་ཏེ་རྣམ་པ་གསར་པ། མང་ཚོགས་རང་བཞིན་གྱི་ལམ་དུ་འབད་དགོས། ལོ་གསར་དགོང་ཚོགས་ཤིག་བརྒྱུད་དེ་འདས་ཟིན་པའི་ལོ་དེར་ཕྱིར་བལྟ་དང་ལོ་གསར་པ་དེར་རེ་འབོད་ཅིག་སྒྲོག་ཐུབ་པ་བྱ་རྒྱུ་ནི་དགོང་ཚོགས་གང་དེའི་ཚད་གཞི་ཡིན་སྙམ། དེ་ཡང་བརྒྱ་བཤད་སྟོང་བཤད་ཀྱི་སྙིང་པོ་ནི་གཞན་དག་ཡར་རྒྱས་དང་གོང་འཕེལ་གྱི་ཕྱོགས་སུ་འགྲོ་སྐབས་འུ་ཚོ་ཡང་སད་པའི་དུས་སུ་སླེབས་པ་ཚོར་དགོས་ཀྱི་ལ། དེ་བསྟུན་གྱི་འབད་པ་ཞིག་ཀྱང་བྱེད་དགོས་ཀྱི་ཨང་། གཙང་བློ་བསྟན་ཞགས།


  
 

27.01.2009 14:25:16


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -