ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

16.01.2009 06:08:52
གཡུ་འབྲུག་སྔོན་མོ།

ང་ཚོ་སུ་ཞིག་ཡིན་རུང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་འབྱོར་ན། བཤད་མི་ཤེས་པའི་ཡིད་ཀྱི་འགྱུ་བག་སྣ་ཚོགས་འཕྱུར་ངེས་ཏེ། རྒྱལ་ཐང་ངམ་ཤམ་བྷ་ལ། ད་རུང་སེམས་ཀྱི་ཉི་ཟླ་རྫོང་ཞེས་པའི་གཟི་བརྗིད་དང་སྤོབས་ཉམས་ཀྱིས་ཕྱུག་པའི་ཡུལ་མིང་སྙན་པོ་དེའི་ལྐོག་ན་བསམ་ཡུལ་ལས་འདས་པའི་གསང་བའི་རྟོགས་བརྗོད་ཅིག་འདི་ལྟར་མཆེད་འདུགདང་པོ་ཕྱི་ངོས་ཀྱི་རྣམ་པ།


 

ཐོག་མར་རྒྱལ་ཐང་ངམ་ཤམ་བྷ་ལར་འབྱོར་མཁན་ཞིག་ཡིན་ནའང༌། འདི་ནི་བོད་པའི་གྲོང་ཁྱེར་ཞིག་ཏུ་ངོས་འཛིན་སླ་བ་མ་ཟད། ཁོ་ཚོས་ཀྱང་བོད་ཀྱི་གྲོང་ཁྱེར་དངོས་མ་ཞིག་ཡིན་པའི་ཁྱད་ཆོས་རྣམས་ལབ་གླེང་བྱེད་སྲིད། ཆུང་ས་ནས་བཤད་ན་ཡང་སྲང་ལམ་གྱི་གཡས་གཡོན་གྱི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚིགས་རེ་རེ་ལའང་བོད་ཉམས་དོད་པོ་ཡོད་པས་བོད་ཅེས་པའི་མི་རིགས་འདི་ངོ་ཤེས་མཁན་ཞིག་ཡིན་ཚེ། ཤམ་པ་ལ་ནི་བོད་ཀྱི་གྲོང་ཁྱེར་ཡིན་མིན་གྱི་དོགས་པ་ཙམ་ཡང་སྐྱེ་མི་སྲིད་ལ། ལྷག་པར་ཡང་བརྗིད་ཆགས་པའི་ཐོག་ཁང་རེ་རེའི་བཟོ་སྐྲུན་དང་དེ་དག་གི་ཡང་སྟེང་གི་གསེར་ཏོག་ལས་དགོན་པ་ག་གེ་མོའི་འདུ་ཁང་ཨེ་ཡིན་སྙམ་པའི་སྣང་བ་སྐྱེ་སྲིད་པས། ཕྱིའི་རྣམ་པ་དེས་སྐུ་མགྲོན་ཐམས་ཅད་ལ་དགའ་ཚོར་ཞིག་གམ་ཞེན་ཆགས་ཤིག་ངང་གིས་བསླངས་ཡོང༌།

གཉིས་པ་ནང་རོལ་གྱི་གསང་བ།

ག་ལེར་ནང་རོལ་དུ་ཞིབ་ཉུལ་བྱེད་པའི་ཁོམ་ལོང་ཞིག་བྱུང་ན། དགའ་ཚོར་དང་ཞེན་ཆགས་དེ་སྐད་ཅིག་ཉིད་ལ་གནས་གྱུར་ནས་ཡིད་སྐྱོ་འབའ་ཞིག་གི་མིག་ཆུ་སེམས་ངོས་ནས་ཡང་ཡང་རྡོལ་ངེས།༼བོད་པ་ཞིག་ཡིན་པའི་ཆ་ནས་གླེང་བ།༽ ཡུལ་དེ་ཕྱོགས་ཀྱི་མི་ཚོས་ལབ་ན་བོད་རང་གི་སྐད་ཡིག་སློབ་བསམས་ན་ཡང་སློབ་གྲྭ་མེད་པ་དང་སློབ་ཆུང་རེ་འདོན་ཁུལ་བྱེད་ཐུབ་ནའང་སློབ་འབྲིང་དང་མཐོ་འབྲིང་སོགས་སུ་རྒྱུགས་སྤྲོད་ས་མེད་ལ། མི་རིགས་སློབ་གྲྭའི་མིང་རེ་ཡོད་པའི་སློབ་གྲྭ་དག་ལ་མཚོན་ནའང་བོད་ཡིག་ལ་སྐར་གྲངས་མེད་པས་སློབ་ཆུང་ནས་ཀ་ཁ་ག་ང༌། སློབ་འབྲིང་ནས་ཀྱང་ད་དུང་ཀ་ཁ་ག་ང་སློབ་དགོས་པའི་གནས་ཚུལ་ཐབས་རྡུགས་པོ་དེས་བོད་ཡིག་ཡང་དག་ཅིག་སློབ་པའི་འགལ་རྐྱེན་སྣ་ཚོགས་ཀྱི་སྒོ་གླེགས་ཡངས་པོར་ཕྱེས་ཡོད་སྐད། རྒྱུ་མཚན་དེས། བོད་སྐད་ཡིག་ཤེས་མཁན་ཞིག་ཡོད་མི་སྲིད་ཅིང༌། ཡུལ་སྐད་ཀྱི་ནང་དུའང་རང་བཞིན་ཤུགས་ཀྱིས་སྐད་རིགས་གཞན་ཞིག་གི་བསྲེ་སླད་བྱས་ཡོད་པའི་སྨྲ་བརྗོད་ཅིག་ཆགས་འདུག

གསུམ་པ་ཕྱི་ནང་ལྟོ་སྦྱར་གྱི་འགལ་ཟླ།

ཕྱི་བལྟས་སུ་བརྗིད་ཆགས་ཤིང་བརྟན་བརླིང་ལྡན་པའི་རྡོ་རྩིག་གིས་བཟོས་པའི་ཐོག་ཁང་དེ་ཚོའི་མཐའ་ཡི་དུང་ཕྲེང༌། ཐོག་གི་རྒྱ་ཕིབས། ཡང་སྟེང་གི་གསེར་ཏོག ཁྱམས་དང་ངོས་ཀྱི་རི་མོ་སོགས་བཟོ་བཀོད་རེ་རེ་ལ་ཞིབ་ཏུ་བལྟས་ན་ཡང་བོད་མ་ཡིན་སྙམ་པའི་དོགས་པ་ཙམ་ཡང་སྐྱེ་དཀའ་ཚོད་དུ་འདུག་ཀྱང༌། དེའི་ནང་རོལ་དུ་རྒྱུ་བའི་མི་ཚོགས་རྣམས་ཀྱི་བསམ་པའི་འཁྱེར་སོ། སྤྱོད་པའི་ཉམས་འགྱུར། ངག་གི་སྨྲ་བརྗོད་སོགས་གང་ལ་གཞིགས་ན་ཡང་བོད་ཀྱི་རྣམ་པའི་ཆ་ཞིག་རྙེད་དཀའ་བས། ཤམ་བྷ་ལ། རྒྱལ་ཐང་གྲོང༌། སེམས་ཀྱི་ཉི་ཟླ་རྫོང་སོགས་སྙན་ལ་མཛེས་ཉམས་དོད་པའི་ཚིག་འབྲུ་རེ་རེ་ཡང་ཟློས་བསྐྱར་ཟློས་བྱས་ཀྱང༌། འདི་ནི་སུ་ཞིག་གིས་བཤད་པའི་དགོད་གཏམ་ཞིག་དང་འདྲ་བར་དངོས་ཤུགས་གང་རུང་ནས་གསལ་བོར་ཚོར་བྱུང༌།

བཞི་པ་ཞར་བྱུང་ལས་འཕྲོས་པའི་གཏམ།

གོང་དུ་བརྗོད་པ་འདི་རྣམས་དངོས་མཐོང་ལག་ཟིན་དུ་གྱུར་པའི་གནས་བབས་ངོ་མ་ཆུ་བུར་མིག་གི་མཐོང་བ་དང༌། དར་ལུང་རྣ་བས་གོ་བ་འགའ་ཕྱོགས་གཅིག་ཏུ་བཀོད་པ་ཙམ་ཡིན་ལ། ཁྱད་པར་དུ་ཡང་ཡུལ་མི་ན་གཞོན་ཁ་ཤས་ཀྱིས། ང་ཚོ་བོད་ཡིན། བོད་ཀྱི་སྐད་ཡིག་མི་ཤེས་ཞེས་ཚམ་ཚོམ་དང་རེ་དོགས་ཅི་ཡང་མེད་པར་སྨྲ་ལ། ད་དུང་གཞན་སྐད་ཆལ་ཆོལ་རེ་ཤེས་པའི་ང་རྒྱལ་གྱི་འགྱིང་བག་ཅིག་ཀྱང་གདོང་མདོག་དང་ལུས་ཉམས་གང་རུང་ནས་མངོན་ཡོང་ན། ཡུལ་ཕྱོགས་དེའི་བསམ་བློའི་འཁོར་སྟངས་གང་འདྲ་ཞིག་ཡིན་པ་ཧ་གོ་ངེས། དངོས་དོན་འདི་ལས་དཔགས་ན་སྐད་ཡིག་དོར་བའི་མི་དེ་ཚོ་ལ་མི་གཞན་གྱིས་བོད་ཡིན་པའི་འདུ་ཤེས་ཇི་ལྟར་བཞག་ཀྱང་རུང་ལ། རང་གིས་ཀྱང་རང་ཉིད་བོད་ཡིན་པའི་གསལ་བཤད་གང་འདྲ་བྱས་ཏེ་བོད་ཉམས་ཇི་འདྲ་བཏོད་ཀྱང་ནང་རུལ་དུ་གྱུར་པའི་ཤིང་ཏོག་ཅིག་གམ། ཤེས་ཚོར་གྱིས་སྟོང་བའི་བེམ་པོ་ཞིག་དང་དབྱེར་མ་མཆིས་པར། རང་གིས་རང་ཉིད་མི་གྲབས་ནས་ཀྱང་ཕུད་ཀྱིན་པའི་སྣང་བ་ཞིག་ཐོལ་གྱིས་སྐྱེའོ།།

མ་མཐོང་རྒྱང་རིང་ནས་ཤམ་བྷ་ལ་ཞེས།།

སྙན་བརྗིད་མིང་ཚིག་གི་ཅོད་པན་མཛེས་ཀྱང༌།།

མཐོང་ན་ཕྱི་ནང་གཉིས་འགལ་ཟླར་ལྷགས་པའི།།

རྒྱ་མིན་བོད་མིན་གྱི་གྲོང་ཁྱེར་ཞིག་གོ།

ཞེས་རེ་ཞིག་ངལ་གསོ་བའི་ཚིགས་བཅད་དུ་སྨྲས་པའོ།།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -