ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.01.2009 13:39:28
གཡུ་འབྲུག་སྔོན་མོ།

ང་འོད་མདངས་ལམ་ལམ་འཕྲོ་བའི་གངས་དཀར་གྱི་འདབས་རོལ་དང༌། ལྗང་མདོག་སྔོན་མོ་གོས་སུ་བཀླུབས་པའི་མཛེས་སྡུག་གི་རྩྭ་ཐང༌། ཡང་ན་ལང་ལོང་འདུ་འཛི་ཆེ་བའི་གྲོང་ཁྱེར་དང༌། ལྷིང་འཇགས་དབེན་པར་གནས་པའི་ཞིང་གྲོང་སོགས་གང་སར་བསྐྱོད་ཀྱང༌། བདག་ནི་ཆེས་གོམས་ལོབས་སུ་སོང་བའི་སྐད་སྒྲ་སྟེ། གདངས་ཤུགས་རྔམ་བརྗིད་ཆེ་ལ་ཚོར་འདུ་དྲག་པོའི་གྱེར་དབྱངས་ཀྱིས་དུས་ཡུན་རིང་བོར་མྱོས་ཏེ་དྲན་པའི་ཚོར་བ་ཟབ་མོའི་ཀློང་དུ་འཐིམ་འགྲོ།


དྲན་པའི་ཚོར་བ་གང་དེ་ནི་དེ་འདྲར་ལྕི་ཞིང༌། དེ་འདྲར་མི་སེམས་སྒུལ་ལ། དེ་འདྲར་ངར་སེམས་ཀྱི་སྤོབས་པ་མཐོ་ཞིང༌། ཀུན་ནས་འཕགས་པར་བྱེད་པ་ཞིག་རེད་ཨང༌།དྲིན་ཆེན་པོ་ལགས། ཁྱེད་ཀྱིས་ང་ཚོར་ཤུལ་དུ་བཞག་གནང་བ་ནི། བསམ་གཞིག་གི་མཚོ་མོ་བརྡོལ་ཞིང་བརྩེ་སེམས་ཀྱི་རླབས་ཕྲེང་གཡོ་བའི་རྣམ་པ་དེ་ཡིན། བརྩེ་བ་ཆེན་པོ་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འགོངས་ཏེ། ཁྱེད་ཀྱིསགསུམ་གཅིག་འགྱུར”(ལོ་ཉི་ཤུའི་སྔོན་གྱི་ཉིན་ཞིག་ཁ་གྱེས་ནས་འགྲོ་ཁར། ཁོང་གིསད་དུང་མཛུབ་སྟོན་ཅི་འདྲ་འདུག་ཅེས་བདག་ལ་རྩེད་མཚར་གནང་བར། ངས་ཁོང་ལགསུམ་གཅིག་འགྱུར་མངོན་འགྱུར་བྱེད་པར་བརྩོན་དགོས་ཞེས་ལན་བཏབ།  མངོན་འགྱུར་གནང་སོང༌། ཡི་དམ་ཚེ་རིང་མཆོག་གིས་ཕ་མར་དགའ་བ་དང་རང་མི་རིགས་ལ་དགའ་བ། རྒྱལ་ཁབ་ལ་དགའ་བའི་དགའ་བ་གསུམ་གཅིག་འགྱུར་ཡོང་བ་མངོན་འགྱུར་གང་ལེགས་གནང་བ་དེ་ལས། ཁོང་ནི་མི་རང་ག་བ་ཞིག་མིན་པ་ཤེས་ཐུབ། སྤྱིར་བཤད་ནགསུམ་གཅིག་འགྱུརནི་ཧ་ཅང་ཁག་པོ་ཞིག་མིན་ལ་ལས་སླ་བོ་ཞིག་ཀྱང་མིན། གང་ལགས་ཤེ་ན། རང་ཉིད་ཀྱིས་དུས་དང་གནས་སྐབས་ཀུན་ཏུང་ཆུང་བ་དོརནསང་ཆེན་པོརའགྱུར་བར་བརྩོན་པའི་དོན་ཞིག་གནས་ཡོད་པས་རེད། མི་རིགས་ནི་ལོ་རྒྱུས་ཀྱི་ཁོངས་གཏོགས་ཤིག་སྟེ། དེ་ནི་རྒྱལ་ཁབ་ཅིག་དང་མཚུངས་པར་བྱུང་བའི་རྒོ་རིམ་བརྒྱུད་མྱོང་ལ། དེ་བཞིན་འཕེལ་རྒྱས་སུ་འགྲོ་བ་དང་མེད་པར་འགྱུར་བའི་གོ་རིམ་ཞིག་ཀྱང་བརྒྱུད་དགོས། དེ་ཡང་རྒྱལ་ཁབ་བྱུང་བ་ནས་བཟུང་རྒྱལ་ཁབ་ཀྱི་ཁེ་ཕན་ཞིག་ཡོད་པ་ནང་བཞིན། མི་རིགས་ཤིག་ཡོད་པ་ནས་བཟུང་མི་རིགས་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཁེ་དབང་དེ་ཡང་གནས་ཡོད། 

མི་རྣམས་ཀྱིས་འབད་བརྩོན་ལས་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་ཁོ་ཚོའི་ཁེ་ཕན་ལ་འབྲེལ་ནས་ཡོད་པ་ཡིནཅེས་གསུངས་པ་ལྟར། མར་ཁེ་སིས་ཀྱང་ཁེ་ཕན་གནས་ཡོད་པ་ནི་ཁས་ལེན་བྱེད་པ་ཡིན། དེ་བས། མི་རིགས་མང་བོའི་རྒྱལ་ཁབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་སོ་སོའི་ཁེ་དབང་ཁག་ཐེག་ཡོང་བར་ཡིད་འཇོག་གནང་གིན་ཡོད། གལ་ཏེ་ཚན་རིག་གི་ལོ་རྒྱུས་ལྟ་ཚུལ་དང་སྤྱི་ཚོགས་ཀྱི་ལྟ་ཚུལ། རྒྱལ་ཁབ་ཀྱི་ལྟ་ཚུལ། མི་རིགས་ཀྱི་ལྟ་ཚུལ་རྣམས་མེད་པར་གྱུར་ན། མི་རིགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཅིག་གྱུར་མི་འོང་བས། བྱེ་བྲག་ཏུ་མི་རིགས་ཀྱི་ཁེ་ཕན་གྱིས་རྒྱལ་ཁབ་ཀྱི་ཁེ་ཕན་ཧྲིལ་བོ་སྟེ། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཧྲིལ་བོའི་ཁེ་ཕན་ལ་བསྟུན་མི་ཐུབ་པར་བརྟེན། ནམ་ཞིག་ཅི་ནས་ཀྱང་ལྡོག་ཕྱོགས་ཀྱི་ལམ་དུ་སྐྱོད་ངེས་པ་ཡིན། གསུམ་གཅིག་འགྱུརགྱིས་མི་རིགས་ཆེན་པོར་ངོ་རྒོལ་བྱེད་པར་མ་ཟད། ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་དང༌། ལྷག་དོན་མི་རིགས་ཁ་འབྲལ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། མི་རིགས་སོ་སོའི་རྩ་བའི་དགོས་མཁོ་དེ་ཉིད། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་ཁྲོད་གཅིག་གྱུར་ཡོང་བ་དང༌། རྒྱལ་ཁབ་ཀྱི་སྤྱི་དམངསཀྱི་ཐོབ་ཐང་གཏན་དུ་ཕབ་ཟིན་པ་དེར་གཅིག་མཐུན་ཡོང་བ་བྱེད་དགོས།

དེ་ནི་ཏང་ཡོན་རྒན་པ(ཡི་དམ་ཚེ་རིང་མཆོག་ནི་༡༩༥༦ལོར་ཏང་ནང་དུ་ཞུགས)ཞིག་གིས་སྒྲུབ་དགོས་པ་ཞིག་ཡིན་ལ། ཡང་ཏང་དང་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་གང་ལེགས་གནང་བའི་འབྲས་བུ་རེད་ཅེས་ཀྱང་བཤད་ཆོགཀྲུང་ཧྭ་མི་རིགས་གཅིག་འགྱུར་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་གི་དུས་སྐབས་སོ་སོའི་ནང༌། གྲངས་ཉུང་མི་རིགས་ཀྱི་དཀྱེལ་ཡངས་མཁས་པ་དང་མི་རིགས་ཀྱི་ཚབ་མཚོན་མི་སྣ་ཚོས་དུས་ནམ་ཡང་ནུས་སྟོབས་གལ་ཆེན་ཕུལ་མྱོང༌།

 

བརྩེ་སེམས་ཀྱི་ངོས་གཞན་ཞིག་ནི་སྡང་སེམས་ཏེ། བརྩེ་སེམས་དང་སྡང་སེམས་གཉིས་ཀ་སྟོན་ཕོད་པས་གཞི་ནས་རྩོམ་ཡིག་འབྲི་ཐུབ། ”(ལུའུ་ཞུན་གྱི་གསུང)ཡི་དམ་ཚེ་རིང་མཆོག་ནི་ཐོག་མཐའ་ཀུན་ཏུ་སྙན་ངག་པ་ཞིག་ཡིན་ལ། ཐོག་མཐའ་ཀུན་ཏུ་སྒྱུ་རྩལ་པ་ཞིག་ཀྱང་ཡིན་ཅེས་བརྗོད་ཆོགཁོང་གིས་ཏང་སྲིད་སྡེ་ཁག་ཏུ་ཕྱག་ལས་གནང་མ་མྱོང་བས། ཐོག་མཐའ་ཀུན་ཏུ་སྒྱུ་རྩལ་པ་ཞིག་གི་ངོས་ནས་འཚོ་གཞེས་གནང་བ་ཡིན། ཁོང་ནི་ཐུགས་ཀྱི་རྒྱ་མཚོ་རླབས་ལྟར་འཕྱོ་སླ་ཞིང་ངན་པར་དགྲ་ལྟར་སྡང་ལ་དཔའ་བས། མ་རབས་ཀྱི་སྤྱོད་ངན་གང་ཞིག་གཟིགས་འཕྲལ་ཕར་རྒོལ་གྱི་རལ་གྲི་གདེང་བར་བྱེད། དེ་ནི་ཡ་ཡོ་བྲལ་པའི་སྙན་ངག་པའི་གཤིས་ཀ་དྭངས་མ་སྟེ། ཡི་དམ་ཚེ་རིང་མཆོག་གི་གཤིས་ཀ་ཡིན་ལ། ཁོང་གི་གནས་བབ་ཀྱི་ཐོབ་ཐང་དང་གཅིག་མཐུན་དུ་གྱུར་པའི་གཤིས་ཀ་ཞིག་ཀྱང་ཡིན་པ་རེད། གཤིས་ཀ་དེས་ཁོང་ཉིད་མངོན་གསལ་དུ་བཏང་བའི་མཚུངས་སུ། ཁོང་ལ་འབབ་མི་འོས་པའི་ཆག་སྒོ་མི་ཉུང་བ་ཞིག་ཀྱང་བསླངས། ཐ་ན་མང་བོ་ཞིག་ཐོབ་ཤོར་དུ་གྱུར་པའང་གཤིས་ཀ་དེ་ཡིས་བྱས། ཡི་དམ་ཚེ་རིང་མཆོག་གི་གཞི་རྩའི་གནས་བབ་ངོ་མ་ནི་སྙན་ངག་པ་ཡིན་པས། ང་ཚོས་ཁོང་གི་སྙན་ཚིག་རེ་རེའི་ནང་སྲིད་གཞུང་གི་སྙན་ཞུ་ལྟར་ཆབ་སྲིད་བཤད་པ་དང་སྲིད་ཇུས་འཆད་དགོས་པའི་རེ་བ་འཛིན་མི་རུང་ལ། ལྷག་པར་དེ་ནི་སྙན་ངག་པ་ཁོང་གི་གྲུབ་འབྲས་དང་རིན་ཐང་ལ་དཔྱད་བརྗོད་སྤེལ་བྱེད་ཀྱི་ཚད་གཞི་ཉག་གཅིག་ཡིན་པའི་གཞི་འཛིན་ས་དེ་བས་ཀྱང་བྱེད་མི་རུང༌།

དྲིན་ཆེན་པོ་ལགས། ཁྱེད་ཀྱིས་ང་ཚོར་ཤུལ་དུ་བཞག་གནང་བ་ནི་ལུས་ཀྱི་སློབ་སྟོན་རྫོགས་མཐའ་མེད་པ་ཞིག་དང༌། དཔེ་མཚོན་དང་སྒྱུ་རྩལ་གྱི་མངོན་པར་བསྟན་པ་མང་བོ་ཞིག་ཡོད་པ་དེ་རེད། ཁྱེད་ཀྱི་སྒྱུ་རྩལ་གྱི་གྲུབ་འབྲས་དེ་དག་ལ་བསམས་ཚེ། མི་རིགས་ཤིག་གི་སྙན་ངག་པ་དང་རྩོམ་པ་པོ་དེའི་ནུས་པ་ངོ་མ་ཐོན་བྱེད་ནི་རང་མི་རིགས་ཀྱི་སྐད་ཆར་བྱང་བ་དང༌། རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་པ། རང་མི་རིགས་ལ་བརྩེ་དུངས་ཟབ་མོ་འཆང་བ་བཅས་ཡིན་པའི་ཆོད་སྡོམ་གནང་ཆོགཅིའི་ཕྱིར་ཞེ་ན།

ཡོད་ཚད་ལ་ཕྱི་མོ་ཞིག་ཡོད་ན། སྙན་ངག་གི་སྐད་ཆར་ཕྱི་མོ་དེ་མེད་སྲིད་དམ།

 ཡོད་ཚད་ལ་ཕྱི་མོ་ཞིག་ཡོད་ན། ཡུལ་སྲོལ་ལ་ཕྱི་མོ་དེ་མེད་སྲིད་དམ།

ཡོད་ཚད་ལ་ཕྱི་མོ་ཞིག་ཡོད་ན། བརྩེ་སེམས་ལ་ཕྱི་མོ་དེ་མེད་སྲིད་དམ།

ཕྱི་མོ་ཡོད་ཁོ་ཐག་རེད། ངས་འདི་ལྟར་སེམས་ཐག་བཅད་ནས་བཤད་ཆོག་སྟེ། ཕྱི་མོ་དེ་ནི་རང་གི་ཁྱིམ་ཚང(ཕ་མ)དང༌། རང་གི་མི་རིགས། རང་གི་མེས་རྒྱལ། མདོར་ན་ང་ཚོ་འཚར་ལོངས་འབྱུང་སའི་རི་ཀླུང་དང་བཅས་པའི་འཛིན་མ་འདི་ཡིན།

ཕྱི་མོ་དེ་དང་འབྲེལ་ནས། ང་ཚོ་ལ་རང་ཉིད་ཀྱི་སྐད་ཆ་ཡོད་པར་གྱུར། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། གལ་ཏེ་ཁྱེད་ཉིད་མི་རིགས་དེའི་སྐད་ཆར་བྱང་ཆ་མེད་ཚེ། མི་རིགས་དེའི་བསམ་གཞིག་གཏོང་ཚུལ་(སྐད་ཆ་དང་བསམ་གཞིག་གཉིས་ཀར་འབྲེལ་བ་གཏིང་ཟབ་ལྡན)ཡང་ཁྱེད་ཀྱིས་རྩ་བ་ནས་ཤེས་མི་ཐུབ། སྐད་ཆ་ནི་མི་རིགས་ཤིག་གི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ཏེ། མི་ཞིག་གི་བསམ་གཞིག་གཏོང་སྟངས་ལ་སྐད་ཆས་ཤུགས་རྐྱེན་ཐེབས་ངེས་པ་ནང་བཞིན། མི་ཞིག་གི་རིགས་ལམ་ལ་ཡང་སྐད་ཆས་ཤུགས་རྐྱེན་ཐེབས་སྲིད་པ་ཤེས་ཡོང༌། ཨ་ཁུ་ཡི་དམ་ཚེ་རིང་མཆོག་ནི་རང་མི་རིགས་ཀྱི་སྐད་ཆར་བྱང་ཆ་ཆེ་བ་དང་གཞན་ལས་ལྷག་པའི་བརྩེ་དུངས་ལྡན་པ་ནི། རང་གི་ཕྱི་མོ་དེ་གང་ཡིན་པར་ངོས་འཛིན་གསལ་ཞིང༌། དེར་འགན་ཁུར་བའི་བསམ་བློ་ཟབ་མོ་ཞིག་དང་རང་རྟོགས་ཀྱིས་ལས་སྐལ་ཞིག་ཡོད་པ་ལས་བྱུང་བ་ཤེས་ཐུབ།

ཕྱི་མོ་དེ་དང་འབྲེལ་ནས། ང་ཚོ་ལ་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་གཞི་གྲུབ་བྱུང༌། ཡུལ་སྲོལ་གོམས་གཤིས་ནི་མི་རིགས་ཤིག་གི་ཤེས་རིག་གཏིང་གཞིར་ཆགས་ཤིངརིག་གནས་ལམ་ལུགསཀྱི་ནུས་པ་ལྡན་པའི་རིག་གནས་ཀྱི་རྣམ་པ་ཞིག་སྟེ། རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བྱང་བའི་མི་དེས། གཞི་ནས་རང་གི་ཡུལ་སྲོལ་གོམས་གཤིས་མཚོན་པའི་རྩ་བའི་དོན་སྙིང་དང་དེ་ལས་མངོན་པའི་བརྩེ་དུངས། ད་དུང་ཕུགས་རེའི་མཚོན་དོན་ཅི་ཡིན་པ་སོགས་རྟོགས་པར་འགྱུར།

སྙན་ངག་པ་ཁོང་ཡུལ་སྲོལ་གོམས་གཤིས་ལ་སྤྲོ་བ་ཆེ་ཞིང་ཤེས་ཚད་ཟབ་པའི་ཚུལ་དེ། ངས་ངོ་ཤེས་པའི་རྩོམ་པ་པོ་སུས་ཀྱང་འགྲན་པའི་དོ་ཟླས་དབེན། འཚོ་བ་ནི་སྒྱུ་རྩལ་གྱི་ཕྱི་མོ་སྟེ། ཁྱེད་ཀྱིས་མི་རིགས་རང་ཉིད་ཀྱི་སྐད་ཆ་ཤེས་ཤིང༌། ཡུལ་སྲོལ་གོམས་གཤིས་རྟོགས་པར་གྱུར་ཚེ། ཁྱེད་ལ་རང་ཉིད་ཀྱི་སྒྱུ་རྩལ་ཞིང་ས་དེ་རུ་སྒྱུ་རྩལ་གྱི་བསམ་བློ་དང་སྒྱུ་རྩལ་གྱི་བརྩེ་དུངས། སྒྱུ་རྩལ་གྱི་ཡིད་ཁམས། སྒྱུ་རྩལ་གྱི་སྣང་བརྙན་ལྡན་པའི་ཁྱད་ཆོས་རང་མཚན་པ་འགྲུབ་ངེས་ཤིང༌། མི་རྣམས་ཀྱི་ཚོར་སྣང་ལའང༌། འོ། འདི་ནི་ཡི་དམ་ཚེ་རིང་སྟེ། བོད་ཀྱི་ཡི་དམ་ཚེ་རིང་རེད། འདི་ནི་ཀྲུང་གོའི་ཡི་དམ་ཚེ་རིང་རེད་……ཅེས་པའི་རྟོགས་པ་དང་ངོས་འཛིན་རང་ཤུགས་སུ་སྐྱེ་བར་འགྱུར།

དྲིན་ཆེན་པོ་ལགས། ཁྱེད་ཀྱིས་ང་ཚོར་ཤུལ་དུ་བཞག་གནང་བ་ནི། བདེན་དོན་གྱིས་བརྟས་ཤིང༌། བློ་དཀར་གྱི་བསམ་བློས་ཕྱུག་ལ། སྤྲོ་སེམས་དང་བརྩེ་སེམས་ལས་གཞན། བརྩེ་དུངས་ཀྱིས་ཡོངས་སུ་ཁེངས་པའི་འཇིག་རྟེན་དེ་རེད། སྤྲོ་སེམས་ཕྱོགས་བཞིར་འཕྱོ་བར་བྱེད་པའི་ཁྱེད་ནི་སྲེག་ཟའི་ཕུང་བོ་ཞིག་དང་འདྲ་སྟེ། ས་གང་དུ་བྱོན་པ་དང་གནས་གང་ནས་བཞུགས་ཀྱང་རུང༌། དེ་གའི་མི་རྣམས་ལ་སྤྲོ་སེམས་ཀྱི་མེ་དཔུང་རྟག་ཏུ་སྦར་བར་བྱེད། ཁྱེད་ཀྱིས་དེ་ལྟར་ནུས་ལ་གཞན་གྱིས་མི་ནུས་པ་ཅི་ཡིན་ནམ། མི་རྣམས་ཀྱིས་ཁྱེད་ཀྱི་བརྩེ་སེམས་ཀྱི་ཀློང་དུ་བསམ་གཞིག་འཕར་དུ་འཇུག་ལ། ཁྱེད་ཀྱི་བརྩེ་སེམས་ཁྲོད་དུ་བརྩོན་སེམས་ཀྱི་ང་རོ་བར་མེད་སྒྲོག ཁྱེད་ཀྱི་བརྩེ་སེམས་ཀྱི་ནང་རོལ་ནས་ཚེ་སྲོག་གི་དགའ་སྡང་དང་མིག་ཆུ་འཐོར་བར་བྱེད།

སུ་ཞིག་མི་དམངས་ལ་ཉེ་ཞིང་བརྩེ་བ་ལྡན་པ་དེར་མི་དམངས་དེ་བཞིན་དུ་ཉེ་ཞིང་བརྩེ་དུངས་ལྡན་ལ། སུ་ཞིག་གིས་སེམས་གཏིང་ནས་མི་དམངས་སེམས་པ་དེར་མི་དམངས་ཀྱིས་བརྩེ་དུངས་ངོ་མ་སྟོན་པ་ཡིན། དེ་བཞིན་དུ་སུ་ཞིག་གིས་མི་དམངས་བརྗེད་ཚེ། མི་དམངས་ཀྱིས་ཀྱང་མི་དེ་བརྗེད་ངེས་རེད། མི་དམངས་ཁྱེད་ལ་དགའ་ཞིང་ཁྱེད་ཉིད་ལ་བསྔགས་བརྗོད་ཀྱི་མེ་ཏོག་གང་སར་འཐོར་པ་ནི། ཁྱེད་ཀྱིས་མེ་ལྟར་ཚ་བའི་བརྩེ་དུངས་གླུ་རུ་བླངས་ཤིང༌། རང་ཉིད་ཀྱི་ཟུངས་ཁྲག་དྲོན་མོས་སྙན་ངག་གྱེར་པར་མ་ཟད། སྦྲང་མ་བཞིན་དུ་ལས་ཀ་གཉེར་ཞིང༌། ཞིང་པ་དང་འབྲོག་པ་ནང་བཞིན་གཞུང་སེམས་དྲང་ལ། སྤྱིར་བཏང་དུ་གནས་ཤིང༌། བློ་དཀར་བའི་མི་སྟེ། ང་ཚོ་ནི་མ་གཞི་ནས་ཞིང་འབྲོག་མང་ཚོགས་ཡིནཟེར་བ་ལྟར་གྱུར་པས་རེད།

བློ་ལྡན་མཁས་པ་འཇིག་རྟེན་གྱི་ནོར་བུ་ཡིན་ཟེར་བ་ལྟར། བོད་མི་རིགས་ལ་དུས་སྔ་མོ་ནས་ཤེས་ལྡན་པ་གོང་དུ་བཀུར་བའི་ལུགས་སྲོལ་བཟང་བོ་ཞིག་ཡོད། ཚུལ་དེ་ལས་བོད་རིགས་མི་དམངས་ཀྱིས་རང་གི་ཤེས་ལྡན་པར་བཀུར་ཞིང་དགའ་བའི་བསམ་པ་རྣམ་དག་དེ་གསལ་བོར་རྟོགས་ཐུབ། ཡི་དམ་ཚེ་རིང་ཡིན་ནའང་འདྲ། དོན་གྲུབ་རྒྱལ་ཡིན་ནའང་རུང༌། ཁོང་རྣམ་པར་མི་རྣམས་ཀྱིས་བརྩི་བཀུར་དང་དགའ་བསུ་ཆེན་པོ་ཐོབ་འདུག དཔེར་ན། ངའི་གོ་ཐོས་སུ་ཡི་དམ་ཚེ་རིང་མཆོག་ལ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་ལགས་ཏེ། དུས་ཚོད་གཅིག་ནས་གཉིས་ཙམ་གྱི་རིང་ལ་སློབ་མ་རྣམས་དང་པར་བསྐྱོན་ནས་བཞུགས་པ་རེད། གལ་ཏེ་སློབ་མ་ཚོར་ཁོང་ཉིད་ལ་དགའ་བའི་སེམས་པ་དེ་ལྟ་བུ་ཞིག་མེད་ན། ངེ་འདྲའི་རྣམ་པ་ཞིག་ཇི་ལྟར་ཡོད་སྲིད་ངམ། སློབ་མ་ཚོ་དེ་ལྟར་ཁོང་ལ་དགའ་དོན་ཅི་རེད་ཅེ་ན། ཡི་དམ་ཚེ་རིང་སྙན་ངག་པ་ཞིག་ཡིན་པས་ཨེ་རེད་དམ། ཁོ་བོའི་བསམ་ཚོད་དུ་ཡིན་པའི་ཆ་ཡོད་ལ་མིན་པའི་ཆ་ཡང་ཡོད། གང་ལགས་ཟེར་ན། བོད་ལ་སྙན་ངག་པ་ནི་ཡི་དམ་ཚེ་རིང་ཁོང་གཅིག་པོ་མིན་པས་སོ། །ཡང་ཡི་དམ་ཚེ་རིང་ནི་བོད་རིགས་རྒན་པ་ཡིན་པས་ཨེ་རེད་ཟེར་ན། དེ་ཡང་མིན་ཏེ། བོད་ལ་རྒན་པ་མང་བོ་ཡོད་ཀྱང་ཁོང་ལ་ཕུ་དུད་ཞུས་འདྲ་ཞིག་སུ་ཡོད་དམ། ཡང་ན་ཡི་དམ་ཚེ་རིང་མཆོག་ནི་ལས་བྱེད་པའམ་དཔོན་པོ་ཡིན་པས་རེད་དམ་ཞེ་ན། དེ་འདྲ་ལྷག་པར་མིན་ཏེ། ཁོང་གི་དཔོན་ས་དེ་རྫོང་དཔོན་ཙམ་གྱི་གོ་ས(ཞིང་ཆེན་གྱི་རྩོམ་པ་པོ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ནི། དེ་ལྟའི་འགན་གནས་ཀྱི་ཚད་ལ་བསླེབས་ཞེས་མཐུན་སྦྱོར་བྱས་པ་ཙམ)སྟེ། དེ་འདྲའི་གོ་གནས་ཅན་ནི་བོད་ཁུལ་དུ་ཆེས་མང་དྲགས་པས་སོ། །དེས་ན་དེ་ལྟ་བུའི་གནས་ཚུལ་བྱུང་བའི་རྒྱུ་ངོ་མ་དེ་གང་རེད་ཅེ་ན། ངས་བསམ་པར་དེ་ནི་ཁོང་གི་སྙན་ངག་གི་ནུས་པ་སྟེ། ཁོང་གི་སྙན་ངག་ལས་མངོན་པར་མཚོན་པའི་བསམ་བློའི་ནང་དོན་གྱིས་མི་རབས་གཅིག་གི་བསམ་བློ་གཡོ་བར་བས་སིང༌། མི་རབས་གཅིག་ལ་སེམས་འགུལ་ཐེབས་སུ་བཅུག་པའི་རྐྱེན་གྱིས་རེད། ལྷག་པར་གལ་ཆེ་བའི་དོན་གཞན་ཞིག་ཡོད་པ་ནི། ཁོང་གི་རྣམ་དག་དང༌། བློ་དཀར་གཞུང་དྲང༌། ཁ་ཞེ་གཉིས་སུ་མེད་པ། ཀུ་རེ་རྩེད་མཚར་ལ་སྤྲོ་བ། མི་གཞན་པར་འགྲོགས་བདེ་བ། རྒྱུ་འབྲས་དྲང་བདེན་སྐྱོང་བ། སྒེར་སེམས་རྩ་བ་ནས་སྤངས་པའི་མཛད་པ་དེ་དག་རེད། ཁོ་བོ་དེ་སྔོན་མི་སྙན་གྲགས་ཅན་དང༌། སྙན་ངག་པ། རྩོམ་པ་པོ། གསར་འགོད་པ་གྲགས་ཆེན། ཁེ་ལས་པ། ཆེད་མཁས་པ། སློབ་དཔོན་ཆེན་མོ། དཔོན་ས་མཐོན་པོ་ཅན་གྱི་མི་མང་མང་ལ་འབྲེལ་འདྲིས་བྱས་མྱོང༌། ཁོ་ཚོ་ཚང་མབློ་རིག་ཅན་དང༌། སྣ་གཅིག་ལ་བྱང་བའི་མཁས་པ་ཏག་ཏག་ཡིན་པས། ཁོ་ཚོ་ནི་ཤེས་རབ་ཅན་དང༌། སྐད་གྲགས་ཅན། ལག་རྗེས་ཅན་ཡིན་པར་བརྗོད་ཆོག་ཀྱང༌། གལ་སྲིད་དེ་དག་ལ་འགྲོགས་འདྲིས་ཤིག་བྱས་ན། ཁོ་ཚོའི་སྒེར་སེམས་དང་ཁོ་ཚོའི་དོན་དག་ཕྲན་བུ་ཙམ་ཡང་བློས་གཏོང་མི་ཕོད་པའི་བསམ་པ། ཁོ་ཚོའི་རང་དོན་ཁོ་ན་ལས་བསམ་རྒྱུ་མེད་པ། ཁོ་ཚོའི་རང་ལྟ་མཆོག་འཛིན་དང་གཞན་ཐམས་ཅད་མིག་ནང་དུ་མི་འཇོག་པ། ཁོ་ཚོའི་ཚུལ་ཆོས་དང་རྫུན་ཟོལ། རྩིང་སྤྱོད་སོགས་བསམ་པ་ཙམ་གྱིས་སྐྱི་གཡའ་ནས་མིག་གིས་ལྟ་མི་ཕོད་ལ་རྣ་བས་ཉན་ཡང་མི་བཟོད། དེ་བས་མང་ཚོགས་གཞུང་དྲང་བ་རྣམས་དང་གཞོན་ནུ་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་བརྒྱུད་མ་མྱོང་བ་རྣམས་ཀྱིས་གནས་ཚུལ་དེ་དག་ཇི་ལྟར་ཤེས་པར་འགྱུར།

མི་མང་བོ་ཞིག་གིས་རྟག་བརྟན་མི་ནུབ་པའི་མཛད་རྗེས་སྙེག་བཞིན་ཡོད། ཡིན་ནའང་དེ་དག་ཁྲོད་ཀྱི་ཁ་ཅིག་ལ་མི་རྣམས་ཀྱིས་མ་མཐའི་གུས་བཀུར་ཡང་འཐོབ་ཀྱིན་མེད། དེ་འདྲའི་གནས་ཚུལ་བྱུང་དོན་ཅི་རེད་ཅེ་ན། བདག་གི་བསམ་ཚུལ་ལ་དེ་ཚོར་ཡོན་ཏན་དང་ནུས་པ་མེད་པ་མ་ཡིན་ལ། ཁོ་ཚོའི་སློབ་རིམ་གྱི་ཐོབ་ཐང་དང་སྨྲ་མཁས་ཡོན་ཏན་སོགས་ཀྱང་ཡི་དམ་ཚེ་རིང་ལས་ལྷག་པའི་ལྷག་པ་ཡིན་པ་ངས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲས་ཆོགཁོ་ཚོའི་ཁྲོད་ན་དངོས་གཞིའི་སློབ་མའི་ཐོབ་ཐང་ཅན་དང་ཞིབ་འཇུག་སློབ་མ། ཡང་ན་འཆད་ཁྲིད་དགེ་རྒན་དང་སློབ་དཔོན་ཆེན་མོ་གཞོན་པ། སློབ་དཔོན་ཆེན་མོ་སོགས་གང་མང་བཞུགས་པ་ཡིན། འོན་ཀྱང་མི་མང་བོ་ཞིག་ལ་འཛོམས་མེད་པའམ་ཏོག་ཙམ་ཆད་པ་ནི། བློ་དཀར་གྱི་སེམས་པ་ཏོག་ཙམ་དང༌། བརྩེ་སེམས་དང་ངར་སེམས་ཏོག་ཙམ། བདེན་པ་ཏོག་ཙམ་དང་དགེ་སེམས་ཏོག་ཙམ། ད་དུང་གཉོམ་ཆུང་ལ་བརྩེ་དུངས་འཆང་ཞིང་སྡུག་བསྔལ་ཅན་ལ་སྙིང་རྗེ་སྒོམ་པ་ཏོག་ཙམ་ལས་གཞན། མང་ཚོགས་ལ་གཅེས་སེམས་ཏོག་ཙམ་འཆང་ཞིང་མི་རིགས་ལ་ཁག་ཁུར་བའི་སྤྱོད་བཟང་ཏོག་ཙམ་སྟེ། སྣེ་མང་བོ་ཞིག་ནས་ཏོག་ཙམ་ཏོག་ཙམ་ཆད་འདུག་པ་དེ་རེད། ལོ་རྒྱུས་ནི་དངོས་ཐོག་བདེན་འཚོལ་ཅིག་སྟེ། རྫུན་ཟོལ་ཐམས་ཅད་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལྷག་མེད་དུ་འཕྱག་པར་འགྱུར་ལ། ཤུལ་དུ་ལུས་པ་ནི་ཆེས་རིན་ཐང་ཅན་གྱི་བདེན་དོན་ཏེ། མིའི་སེམས་པ་དང་མིའི་བརྩེ་དུངས། མིའི་དགེ་སེམས། མི་རྣམས་ཀྱི་མཚར་སྡུག་རྣམ་པར་བཀྲ་བའི་བསམ་བློའི་འཇིག་རྟེན་དང་བརྩེ་དུངས་ཀྱི་འཇིག་རྟེན་ཆེས་གཅེས་སུ་འོས་པ་རྣམས་ཡིན།

ཡིན་ནའང༌། མི་ཁ་ཤས་ཀྱི་སྟེང་ནས་ཁོ་བོས་མི་སེམས་སྐྱོ་བའི་སྣང་ཚུལ་ཡ་ང་བ་དག་མཐོང་བྱུང་སྟེ། མི་མང་བོ་ཞིག་གིས་རང་ཉིད་ཀྱི་རིན་ཐང་ཤེས་མེད་པ་ལས་གཞན། རང་གཅེས་འཛིན་གྱི་བསམ་པ་མེད་པ་དེ་རེད། ཁོ་ཚོ་ནི་ཕུལ་དུ་བྱུང་བ་དག་ཡིན་ཀྱང༌། སྤྱི་ཚོགས་ཁྲོད་ཞུགས་དུས་མི་འདང་ས་མང་བོ་ཞིག་དང་བཅས་པར་ཡོང་བས་ན། ཁོ་ཚོས་དཀའ་བ་བརྒྱ་ཕྲག་སྤྱད་ནས་རང་ཉིད་ཀྱི་མི་འདང་ས་བསལ་པའི་མཚུངས་སུ། ལས་དོན་ཐད་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་སྡུག་རུས། ཐ་ན་སྲོག་བསྡོས་ཀྱི་འབད་བརྩོན་བརྒྱུད་ནས་གྲུབ་འབྲས་མི་དམན་པ་བླངས་ཀྱང༌། ཁོ་ཚོར་རང་ཉིད་ཀྱི་ལུས་པོ་དེ་རིན་ཐང་ལྡན་པ་ཞིག་དང་དཀོན་པོ་ཞིག་ཡིན་པའི་འདུ་ཤེས་མེད་པས། ཁོ་ཚོ་ནི་འཚོ་བའི་གོམས་སྲོལ་མི་ལེགས་པར་འགྲོགས་ཤིང༌། བཟའ་བཏུང་གི་གོམས་སྲོལ་མི་ལེགས་པར་བསྟུན་ལ། འཚོ་བའི་ལྟ་ཚུལ་མི་ལེགས་པའི་རྗེས་སུ་ཞུགས་མཁན་དུ་གྱུར། དེ་བས་ཁོ་ཚོས་དུས་སྔ་མོ་ནས་རང་ཉིད་ཀྱི་ནུས་སྟོབས་ཡོད་ཚད་ཟད་དུ་བཅུག་སྟེ། རང་ཉིད་ཀྱི་ཚེ་སྲོག་གི་ལམ་བུ་དེ་ཡང་སྔ་མོ་ནས་སྡུད་པ་བྱེད། ཤེས་ལྡན་མཁས་པ་ནི་ང་ཚོའི་རིན་བྲལ་གྱི་ནོར་བུ་ཆེས་དཀོན་པོ་ཞིག་ཡིན་ལ། མི་རྣམས་ཀྱིས་ཆུད་ཟོས་དང་སྣང་མེད་གཏོང་སླ་བའི་རྒྱུ་ནོར་རིན་ཐང་བྲལ་པ་ཞིག་ཀྱང་ཡིན། རིན་ཐང་བྲལ་པའི་ཤེས་ལྡན་པ་དེ་ཡང་གཙོ་བོར་ཁོ་ཚོར་ནུས་པ་འདོད་དུ་འཇུག་རྒྱུར་རག་ལས་ཡོད་དེ། མི་ཚེ་ཐུང་ཐུང་ཡིན་པས་ན། རིན་བྲལགྱི་ནོར་བུ་དེ་ཡང་ཉི་མ་རེ་རེ་བཞིན་བེད་མེད་དུ་བསྐྱུར་པ་དང༌། ཚེ་མཇུག་ཏུ་བསླེབས་པའི་དུས་ཀྱིས་གཏུགས་ཚེ། དངོས་གནས་རིན་ཐང་ཅི་ཡང་མེད་པར་གྱུར་འགྲོ། འོན་ཀྱང་སུ་ཞིག་གིས་རང་ཉིད་ཀྱི་རིན་ཐང་དེ་ཤེས་པར་འགྱུར། ཁོལ་པོའི་མིག་གིས་མི་ཆེན་མཐོང་བ་མིནཟེར་བ་ནང་བཞིན། སྔ་དགོང་ཀུན་ཏུ་འགྲོགས་ནས་ཡོད་པ་ཚོས་ཁྱེད་ཉིད་ནི་ཡོན་ཏན་པ་ཞིག་ཡིན་མི་འདོད་ལ། ལྷག་དོན་ཁྱེད་ལ་དབྱེ་ཞིབ་དང་གདེང་འཇོགརྒྱུས་ལོན་བཅས་བྱས་ཏེ། ཁྱེད་ཀྱི་སྤྱི་ཚོགས་རིན་ཐང་དང་ལོ་རྒྱུས་རིན་ཐང་ཅི་འདྲ་ཡིན་པར་དོ་སྣང་ཡེ་མི་བྱེད། ཤེས་ལྡན་པ་རྣམས་ནི་དེ་འདྲའི་དཀའ་ཁག་གི་ཁྲོད་དུ་འཚོ་ཞིང༌། སྤྱི་ཚོགས་སུ་སྐད་གྲགས་ཀྱིས་ཁྱབ་ན་ཡང་ཁྱེད་ཀྱི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་ཆེད་དུ་དོ་ཁུར་བྱེད་མཁན་སུ་ཡོད། རང་གི་ཚུལ་རང་གིས་ཤེས་ཀྱང༌། རང་དོན་རྒྱབ་སྐྱུར་གྱིས་ལས་དོན་ལ་མཐའ་གཅིག་ཏུ་འབད་པར་བརྟེན། ཤེས་མེད་ཚོར་མེད་ངང་ནད་ཀྱིས་ཐེབས་ཤིང༌། རྒ་བས་དེད། འཆི་བས་གཏུགས་པ་བྱུང༌། ཁྱིམ་མིས་བརྩེ་ནའང༌། སྤྱི་ཚོགས་ཀྱི་གདོང་ཐུག་དང༌། སེམས་ཁོང་གི་གནོན་ཤུགས། ཧུར་བརྩོན་གྱི་དཀའ་སྡུག་དག་གིས་མནར་བའི་ཚུལ་ཇི་ལྟར་ཤེས་ནུས། དེ་ལྟར་ལུས་སེམས་ཀྱི་ཁུར་ཆེན་ཡུན་རིང་བསགས་པ་ན། མཇུག་མཐའི་སྐྱོ་གདུང་དང་ཕངས་སེམས་དུ་མི་འགྱུར་བ་ག་ལ་སྲིད། དེར་བརྟེན་ང་ཚོས་ཤེས་ལྡན་པ་དག་ལ་བཀུར་བཟོ་དང་ནུས་པ་འདོན་དུ་འཇུག་དགོས་ལ། ཤེས་ལྡན་པར་སློབ་གསོ་དང༌། ཤེས་ལྡན་པར་དོ་དམ་ཚགས་དམ། ཤེས་ལྡན་པར་སྲུང་སྐྱོབ་གང་གཟབ་ཞུ་དགོས། ཨ་ཁུ་ཡི་དམ་ཚེ་རིང་མཆོག་སྐུ་གཤེགས་པའི་གཏམ་ངན་ཐོས་པའི་ཉིན་དེར། ང་ཧ་ལམ་མཚན་གང་བོར་གཉིད་མ་ཁུགས་པར་ལུས། ངག་ནས་འབོལ་རྩོམ་ཞིག་གྱེར་པ་ནི།

གངས་རིར་འཕྲོས་པའི་ཟླ་འོད་ཡལ་པ་ན།

དེ་ཡི་གཟི་དཔལ་ཡང་ནི་མོག་པོར་གྱུར།

 མཚན་གང་ཆར་བ་ཆེན་པོ་བབས་པ་ཡང༌།

དབྱིག་མཆོག་ནུབ་པས་ཨ་སྔོན་སྐྱོ་བ་ལགས།

ཨ་ཁུ་ཡི་དམ་ལགས། ཁྱེད་ཉིད་ཕེབས་སྔ་སོང༌། ཏག་ཏག་ལ་དུས་སྐབས་འདིར་ཁྱེད་ཉིད་འབྱོན་མི་འོས། དགུང་ལོ་དོན་གཅིག་ཅན་ནི་རྒན་པོར་བགྲང་རུང་ངམ། ཁྱེད་ཀྱི་སྤྲོ་སྣང་གི་གསུང་ཚུལ་ལྟར་ན། ཏག་ཏག་ལསྤྱི་ལོ་སོ་ལྔ་དང་ཕྱེད་ཀ་ཙམམ་ཡིན་ནམ། ཁྱེད་ནི་ད་དུང་སྐུ་ན་དར་མའི་དུས་རེད།

ཨ་ཁུ་ཡི་དམ་ལགས། ཁྱེད་ཉིད་ཕེབས་སྔ་སོང༌། བསྐལ་བཟང་གི་ལོ་ཟླ་མང་བོས་ཁྱེད་ཀྱིསཡག་ག་ཡག་ག་དེ་རིང་ཡགཅེས་པའི་སྙན་གླུ་ལེན་པར་བསྒུགས་ཡོད། ཁྱེད་ཀྱིས་ཅིའི་ཕྱིར་དུས་སྐབས་འདིར་ང་ཚོ་བསྐྱུར་ནས་ཕེབས་སོང་བ་ཡིན་ནམ།

ཨ་ཁུ་ཡི་དམ་ལགས། ཁྱེད་ཉིད་ཕེབས་པ་སྔ་དྲགས་སོང༌། ཁྱེད་ཉིད་དུས་སྐབས་འདི་ལྟ་བུར་ང་ཚོ་དང་གྱེས་ནས་འགྲོ་མི་འོས། ད་ལྟའི་དུས་སྐབས་འདི་ཅི་འདྲའི་ལེགས་ཤིང་ཁོར་ཡུག་ནི་ཅི་འདྲའི་ལྷོད་ཡངས་ཅན་ཞིག་རེད་ཨང༌། དུས་སྐབས་འདིའི་ནང་ཁྱེད་ཀྱིས་དམངས་ཁྲོད་རྩོམ་རིག་གང་འདོད་དུ་གསུང་ཆོག་ལ། གང་འདོད་དུ་འཚོལ་སྡུད་ཀྱང་མཛད་ཆོག་སྟེ། སུ་ཞིག་གིས་ཀྱང་འདི་ནི་བཀས་བཀོད་རྒྱུད་འཛིན་གྱི་དུག་རྩྭ་རེད་ཟེར་མི་དཔེ། ཁྱེད་ཉིད་འདི་ལྟ་བུའི་རྩོམ་རིག་གི་གཏེར་མཛོད་ཆེན་པོར་ཁ་གཏད་ནས་ཅི་འདོད་གང་འདོད་དུ་སྔོག་འདོན་དང་བཀོལ་སྤྱོད་མཛད་ཆོག་ལ། ཁྱེད་ཀྱི་སྙན་ངག་གི་ཡིད་ཡུལ་ནི་སྔར་ལས་རྒྱ་ཆེ་ཞིང་སྔར་ལས་རྒྱང་རིང་བ། སྔར་ལས་ཞིབ་ཅིང་མཛད་པ་ཞིག་ཡིན་པ་ཐག་གིས་ཆོད།

ཨ་ཁུ་ཡི་དམ་ལགས། ཁྱེད་ཉིད་ཕེབས་པ་སྔ་དྲགས་སོང༌། ཁྱེད་ཉིད་ད་ལྟའི་དུས་སྐབས་འདིར་ང་ཚོ་དང་གྱེས་ནས་འགྲོ་མི་འོས། གསེར་ལྡན་སྟོན་དུས་ནི། འབྲས་བུ་སྡུད་པའི་དུས་ཚིགས་ཏེ། ཁྱེད་ལ་མཚོན་ན་སྙན་ངག་དང་མི་གཤིས། ཆབ་སྲིད་བསམ་བློ། རིག་གནས་བསམ་བློ། ཆོས་ལུགས་ཀྱི་བསམ་བློ་སོགས་གང་ཐད་ནས་དར་བའི་རྩེ་མོར་སོན་ཡོད་ལ། དུས་མཚུངས་སུ་ཁྱེད་ཀྱི་རྗེས་རབས་པ་རྣམས་ཀྱང་དཔྱིད་ཀྱི་དཔལ་མོ་བཞད་པ་ནང་བཞིན་འཚར་ལོངས་འབྱུང་བཞིན་པས་ན། ཁོ་ཚོར་ཁྱེད་ཀྱི་སྐུལ་ལྕག་དང༌། ཁྱེད་ཀྱི་སློབ་སྟོན། ཁྱེད་ཀྱི་སྦར་ཆོག་པའི་བརྩེ་སེམས་རྣམས་ཅི་འདྲར་མཁོ་ཨང༌།

ཨ་ཁུ་ཡི་དམ་ལགས། ཁྱེད་ཉིད་ཕེབས་པ་སྔ་དྲགས་སོང༌། ཁྱེད་ཉིད་དུས་སྐབས་འདི་ལྟ་བུར་ང་ཚོ་དང་གྱེས་འགྲོ་བ་དཔེ་སྲིད་དམ། ཡར་སེམས་ཆེ་བ་ཁྱེད། ཐུགས་སྤྲོ་ལྡན་པ་ཁྱེད། ཐུགས་རྒྱུད་དྲང་བ་ཁྱེད། བསླབ་བྱར་བརྩོན་པ་ཁྱེད། ཁྱེད་ཀྱིས་དུས་འདི་ལྟ་བུར་གླུ་ཡི་ལེན་མཚམས་འཇོག་མི་འོས་ཡ། མི་ཚེ་སྡུག་ལ་ཐུང༌། ལས་སྐལ་ཅི་འདྲས་རིང་གི་ཨང༌།

ཁྱེད་ཉིད་གནམ་སྔོན་པོས་འབོད་སྐུལ་ལ་ཐུགས་སེམས་མི་ཆགས་སམ། དེ་རིང་གི་གནམ་སྔོན་པོ་ནི་སྔོན་པོར་འགྱུར་སྔ་ཞིང༌། སྔོ་བ་ལེགས། སྔོ་བ་མཚར་སྡུག་མི་ཆེའམ།

ཨེ་མ། གངས་དཀར་རི་བོས་ཁྱེད་ཀྱི་མཚན་སྙན་བརྗེད་མི་སྲིད་ལ། ཡངས་པའི་རྩྭ་ཐང་གིས་ཀྱང་ཁྱེད་ཀྱི་མཚན་སྙན་འཆང་ངེས་པར་མ་ཟད། རླབས་ཕྲེང་འཕྱོ་བའི་གཙང་བོ་དང་མཚེའུ་རྒྱ་མཚོ་རྣམས་ཀྱིས་ཀྱང་ཁྱེད་ཀྱི་མཚན་སྙན་བརྗེད་པར་མི་འགྱུར། ཟླ་བཅུ་པའི་ནང་འཕྱི་བར་བཞད་པའི་མེ་ཏོག་དག་གིས་ཀྱང་ཁྱེད་ཉིད་ཕེབས་པའི་གོམ་སྒྲ་དང༌། ཁྱེད་ཀྱི་སྐུ་གཟུགས། ཁྱེད་ཀྱི་དགོད་སྒྲ་རྣམས་བརྗེད་མི་དཔེ་སྟེ། མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཚོགས་ཀྱང་ཁྱེད་ཉིད་བྱོན་པའི་སྐྱོ་གདུང་གིས་གཟིར་ནས་ཡོད། རྩོམ་པ་པོ་ཞིག་ངའི་སར་འོང་ནས་དེང་རབས་བོད་ཀྱི་རྩོམ་པ་པོ་སུ་ཞིག་ལ་གསེར་ཟངས་ཀྱི་སྐུ་བརྙན་བཞེང་དགོས་སམ་ཞེས་བསམ་འཆར་སྡུད་ལེན་བྱེད་དུས། ངསཡི་དམ་ཚེ་རིང་ལ་བཞེང་དགོསཞེས་བཤད་ཟིན། ལོ་ཙཱ་པ་ཞིག་གིས་ངས་ཡི་དམ་ཚེ་རིང་མཆོག་གི་སྙན་ངག་བསྒྱུར་རྒྱུ་ཡིན་ཟེར། ངསདེ་བས་བཟང་བ་ཞིག་ག་ལ་ཡོད། རིན་ཐང་གཞལ་དུ་མེདཅེས་བཤད་པ་ཡིན། ཆེད་མཁས་པ་ཞིག་གིས་ངས་ཡི་དམ་ཚེ་རིང་མཆོག་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཟེར། ངསདེ་ནི་གལ་ཆེན་ནང་གི་འགངས་ཅན་རེད། སྙིང་བོ་རི་ལྟར་ལྕིཞེས་ལན་བཏབ།

ཁྱེད་ཀྱིས་ང་ཚོ་ལ་ཅི་ཞིག་ཤུལ་བཞག་གནང་སོང་ཟེར་ན། དེ་ནི་སྤོབས་པས་བརྟས་ཤིང་ཕུགས་བསམ་གྱིས་ཕྱུག་པ་དེ་མ་ཡིན་ནམ། རང་ཉིད་ཀྱི་ཆེད་དུ་འཚོ་བའི་མི་དེ་ནི་རང་ཉིད་ཀྱི་ཆེད་དུ་མི་དམངས་དང་རིང་དུ་གྱེས་ངེས་ཤིང༌། མི་དམངས་ཀྱི་ཆེད་དུ་འཚོ་བའི་མི་དེ་ནི་མི་དམངས་ཀྱི་ཕྱིར་དུ་རང་ཉིད་མི་དམངས་ཀྱི་ཉེ་བོར་འགྱུར་སྲིད། རང་ཉིད་ནམ་ཡང་ཏིལ་འབྲུ་ཙམ་དུ་ཟད་ལ། མི་དམངས་ནམ་ཡང་རི་རབ་བཞིན་དུ་བོངས་ཚོད་ཆེ་སྟེ། མི་དམངས་ཀྱིས་ཕུལ་དུ་བྱུང་བའི་སྐྱེ་བོ་མང་བོར་བསྔགས་བརྗོད་འབུལ་བཞིན་པ་ནི། ཏིལ་འབྲུ་ལས་ཆུང་བའི་རང་ཉིད་ནམ་ཡང་རྒྱ་ཆེ་བའི་མི་དམངས་ཀྱི་ཁྲོད་དུ་ཞུགས་པ་དང༌། ལོ་རྒྱུས་ཀྱི་ཁྲོད་དུ་ཞུགས་ཟིན་པས་རེད།

ངལ་དུབ་ཀྱིས་དབེན་པའི་གོམ་པ་དང༌། སྐྱོ་ངལ་དང་བྲལ་པའི་གླུ་དབྱངས། གཏོང་བ་མེད་པའི་ཕུགས་རེ་སྟེ། ཁྱེད་ཀྱིས་ང་ཚོ་ཕ་མཐའ་བྲལ་པའི་ཞིང་ཁམས་ཤིག་ཏུ་འཁྲིད་པར་འགྱུར།

ཁྱེད་ཀྱིས་ང་ཚོ་ལ་ཅི་ཞིག་ཤུལ་བཞག་ཏུ་གནང་སོང་ཟེར་ན། དེ་ནི་གཞལ་དུ་མེད་པའི་བསམ་བློའི་འཇིག་རྟེན་ཕུན་སུམ་ཚོགས་པ་ཞིག་སྟེ། ཁྱེད་ཀྱི་ཁོང་ཡངས་དང༌། ཁྱེད་ཀྱི་དགེ་སེམས། ཁྱེད་ཀྱི་དྲང་བདེན། ཁྱེད་ཀྱི་བློ་དཀྱེལ། ཁྱེད་ཀྱི་ཤེས་རབ། ཁྱེད་ཀྱི་བློ་བརྟན། ཁྱེད་ཀྱི་དཔའ་སྤོབས། ཁྱེད་ཀྱི་བརྩོན་འགྲུས། ཁྱེད་ཀྱི་དད་མོས། ཁྱེད་ཀྱི་ཕུགས་བསམ།

གངས་སེང་བྱོན་ཟིན། གངས་སེང་གི་ངར་སྐད་སྔར་བཞིན་གནས།

༢༠༠༤ལོའི་ཟླ༡༠པའི་ཚེས༢༨ཉིན་ཁུང་མིན་ཝུ་ཧྭ་རི་བོར་བྲིས།

༢༠༠༧ལོའི་ཟླ༥པའི་ཚེས༡ཉིན་ཁུང་མིན་ཀྲིན་ཀྲོང་མགྲོན་ཁང་དུ་འོར་བཅོས་བྱས།

ཞར་བྱུང༌།

མིག་འབྱེད་འཛུམ་ཙམ་གྱི་ནང་དུ། ཨ་ཁུ་ཡི་དམ་ཚེ་རིང་མཆོག་སྐུ་གཤེགས་ནས་བགྲང་བྱ་གཉིས་ལྷག་འགོར་ཟིན། ཡི་དམ་ཚེ་རིང་མཆོག་སྐུ་གཤེགས་པའི་དུས་དེར། ངས་ཡུན་ནན་ཞིང་ཆེན་དུ་བྱ་བ་སྒྲུབ་བཞིན་ཡོད། དུས་དེའི་ཡར་སྔོན་དུ་ཁོང་ཉིད་ཡུན་ནན་ས་ཆར་གཟིགས་སྐོར་དུ་ཕེབས་པར་གདན་འདྲེན་ཐེངས་ཤིག་ཞུས་ཀྱང༌། ཡིད་ཕངས་པ་ཞིག་ལ་དོན་དེ་མངོན་འགྱུར་བྱེད་མ་ཐུབ། ཁོང་ཉིད་སྐུ་གཤེགས་པའི་གཏམ་ངན་ཐོས་རྗེས། ངས་རྩོམ་ཡིག་ཐུང་ངུ་གཉིས་བྲིས་ཟིན་ཀྱང་བྱ་བ་བྲེལ་ཟིང་ཆེ་བས་དག་བཅོས་དང་འགྲེམ་སྤེལ་བྱེད་ཁོམ་མ་བྱུང༌། ན་ནིང་གི་ལོ་མཇུག་ཏུ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བཀྲ་ཤིས་ཚེ་རིང་གིས་ཡི་དམ་ཚེ་རིང་མཆོག་གི་སྙན་རྩོམ་དཔྱད་བརྗོད་ལ་མགོ་བརྗོད་ཅིག་འབྲི་དགོས་པའི་རེ་བ་བཏོན་སོང༌། དུས་དེ་ནས་ཀྱང་ཟླ་བ་འགའ་མྱུར་བ་མྱུར་བར་ཕར་འདས་པ་རེད། ད་ལོའི་ལྔ་གཅིགདུས་ཆེན་ཉིན། ཁུང་མིན་གྱི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་མཛད་སྒོར་ཞུགས་དུས་དེར། སྔར་གྱི་བསམ་ཚུལ་དག་ཡིད་ལ་ཤར་པས་ཅུང་ཟད་དག་བཅོས་བགྱིས་ཏེ་མགོ་བརྗོད་དུ་སྤེལ་པ་འདི་ཉིད། འདས་པོ་ཁོང་ཉིད་ལ་རྗེས་དྲན་ཞུས་པར་ཡང་གྱུར་པ་ལགས་སོ།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -