ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.01.2009 13:24:29
ལི་ཁྲི་དམར་པོ།

ལོགས་ཕེབས་དང་རྒྱང་རིང་གི་བླ་མ་མཆོག
བཟོད་ཐབས་བྲལ་བའི་གྱེས་བྲལ་་གྱི་རྨ་ཁ་འདིས།

བོད་པ་ཚང་ལ་ཐབས་ཆགས་ཀྱི་ལས་དབང་ཞིགབསྐྲུན་པས།

ད་ལྟ་བར་ཁ་ཕྱོགས་འཁྲུལ་བའི་རྒོད་ཕྲུག་དུ་མས།


ཧྲེང་ཧྲེང་གི་ཇོ་མོ་གླང་མའི་རྩེ་ནས།

ཁྱེད་སྒུག་ནས་བསྡད་ཡོད༌།

ལོགཕེབས་དང་བླ་མ་མཆོག

ཡུལ་གྱར་བའི་ལྕགས་ཐག་ལས་གྲོལ་ཏེ།

ལོག་ཕེབས་དང༌།

ཟླ་འོད་མེད་ལ་སྐར་མ་ཡང་མེད་པས།

མཐོ་སྒང་གི་མཚན་མོ་འདི།

སྨག་གི་རུམ་དུ་འཛུལ།

འཁྱར་འཁྱོར་གྱི་མཆོད་མེའི་གཟི་སྦྱིན་དང༌།

ཤུར་ཤུར་གྱི་མ་ནིའི་དབྱངས་རྟས།

ཆ་གས་སུ་འགྲོ་བཞིན་པའི་ལྷ་ས་དེར།

སྨོན་ལམ་ཞིག་གསོལ་འདེབས་གནང་ཡང༌།

ཁྱེང་མེད་པས་མཚན་མོ་འདི།

སྔར་བས་འཇིགས་གཡེར།

ལོག་ཕེབས་དང༌།

རྒྱང་རིང་གི་བླ་མ་མཆོག

ལོ་རྒྱུས་ཀྱི་གཡོ་ཟོལ་དེས།

དྲན་ཤེས་མང་པོ་ཞིག་ལ་དགག་པ་རྒྱབ་པས།

དྲང་བདེན་གྱི་འདས་དོན་མང་པོ་ཞིག

འདི་ལྟར་ཕྱིན་ཅི་ལོག

ལོག་ཕེབས་དང༌།

ཁེར་རྐྱང་གི་ལྷས་རྭར་ཁྱི་སྤྱང་དུ་མས་སྡེར་མ་བརྐྱངས་དུས།

སྐྲག་གདར་གི་ལུ་གུ་ང་ཚོ།

ཁྱེད་དྲན་གྱིན་འདུག་བླ་མ་མཆོག

ཁྱེད་མེད་པས་ཟླ་བ་ཡོད་ཀྱང་ཁེར་རྐྱང་གི་པོ་ཏ་ལར།

ལྷིང་འཇགས་ཀྱི་འོད་སྣང་ཞིག་སྦྱིན་མི་འཐུབ།

ཁྱེད་མེད་པས་མཚན་མོ་འདིས་ཁུ་སིམ་གྱི་སྦྲ་ནག་ཀློང་ན།

དྲོ་སྐྱིད་ཀྱི་རྨི་ལམ་ཞིག་བསྐྲུན་མི་འཐུབ།

ལོགཕེབས་དང་བོད་པ་ཚང་གི་སྐྱབས་མགོན་མཆོག

འགལ་ཟླ་དང་དམོད་མོ་དམར་གསོད་དང་བསླུ་བྲིད།

ཡོད་ཚད་དང་ཡོད་ཚད་ཀྱིས་མདོང་དམར་བའི་ལྷགས་བསམ་འདི།

རྐུ་ཉོ་བྱེད་མི་ཐུབ།

ཁྱེད་ལོག་ཕེབས་ཞིག

བློ་བདེའི་ངང་ལོག་ཕེབས་ཤིག

ཁྱེད་ཀྱི་ཏིང་འཛིན་ལ་རོལ་བའི་དབེན་གནས་འདི།

དེ་ན་ཡོད།

ཁྱེད་ཀྱི་སྦྱིན་རླབས་ལ་རེ་བའི་སེར་སྐྱ་ཚོ།

དེ་ན་ཡོད།

ལོག་ཕེབས་དང༌། སྐྱབས་མགོན་མཆོག
སེམས་དབུས་ཀྱི་བླ་མ་མཆོག


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -