ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

09.06.2010 01:00:57
བྲག་འགོ་དཀོན་མཆོག་དར་རྒྱས།

བོད་ཀྱི་མཛེས་མཛངས་འགྲན་བསྡུར་ནི་མཛེས་མ་མེད་ཀྱང་མཛངས་མ་ངེས་པར་དགོས། བོད་ཀྱི་མཛེས་མའམ་མཛངས་མའི་ཁྱད་ཆོས་ལྡན་པའི་འགྲན་བསྡུར་དོན་ལ་མཚོན་དགོས་ན། བོད་རང་གི་ཕ་སྐད་དང་ཡི་གེ གདོན་མའི་རིག་གཞུང་དང་མི་རིགས་ཀྱི་གཤིས་ཀ་བཟང་པོ་ཡོད་པ་ཞིག་དགོས་ཤིང་།

དགོང་ཚོགས་ནང་བོད་རིགས་ཀྱི་གཞས་དང་ཞབས་བྲོ་ཡོད་པ། བོད་སྐད་གཙོ་བོ་བྱས་ཏེ་འགྲན་བསྡུར་མགོ་འཛུག་དང་མཇུག་གྲིལ་དགོས་པ་བཅས་ནི་བོད་ཀྱི་མཛེས་མཛངས་ཀྱི་འགྲན་བསྡུར་མཚོན་བྱེད་དག་ཡིན་པར་སེམས་སོ།།

ངས་ཁ་སང་གི་གནས་ཚུལ་དག་ལ་ཞུགས་ནས་དྲན་སོས་པ་ཁག་ནི། དེ་ཡང་། བོད་ཀྱི་མཛངས་མའི་དགོང་ཚོགས་མཐའ་མའི་སྐབས་སུ་བཀོད་སྒྲིགས་ཀྱི་སྒྲ་སྒམ་རྒྱང་བསྒྲག་གི་མཐུན་རྐྱེན་རྣམས་ཧ་ཅང་ལེགས་པོ་འདུག་ལ། ཡིན་ན་ཡང་བེད་སྤྱོད་པ་པོའི་དེ་ཙམ་ཚག་ཚུགས་པོ་དང་གྲ་སྒྲིག་པོ་བྱུང་མེད། སྒྲ་སྙན་རོལ་ཆས་ཁག་འུར་ཆེ་ནས་རྣར་བཟོད་དཀའ་བ་འདུག་ཡང་། སྡིངས་འཇགས་སྒང་གི་མིའི་སྐད་ཆ་དེ་ཙམ་རྒྱང་དུ་མི་ཚོར་བ། ཚོར་ཡང་གསལ་ཆ་མེད་པ། དྲི་བ་འདོན་མཁན་དང་། དྲི་ལན་འདེབས་མཁན་གཉིས་བར་ལ་སྐད་སྦུག་སྒྲ་སྐྱེལ་གྱིས་ནུས་པ་ཞན་ཞིང་། ཁ་ཆག་སྣ་རལ་ལྟ་བུ་སྟེ་གཅིག་གོ་ཡང་ཅིག་ཤོས་ལྐུག་པར་ལུས་འགྲོ་བ་སོགས་སྐྱོན་ཆ་དང་། གློག་བཟོ་བས་གར་སྟེགས་སྒང་ནས་སྒྲ་བསྐྱེལ་འདྲེན་གྱི་འཕྲུལ་ཆས་སྒྲིགས་བཀོད་བྱེད་སྐབས་ཉེ་འཁོར་ཁོ་ན་ལས། རྒྱང་ཐག་ག་ཚད་གོ་དགོས་མིན་ལྟས་མེད་ཚོད་རེད། དེའི་རིགས་ནི་ནམ་རྒྱུན་གསུངས་ཆོས་ར་བ་དང་། འཚོག་འདུ་ཚོགས་པ། བགྲོ་གླེང་གནང་བ། གླུ་གཞས་དང་ཞབས་བྲོ་ཁང་སོགས་ཀྱི་གྲ་སྒྲིག་སྤུས་དག་དགོས་པར་ཧ་ཅང་གལ་ཆེན་པོ་རེད།

ཡང་མཛངས་མའི་འཁྲབ་བསྟོན་གྱི་སྐབས་བོད་རང་གི་རིགས་གཞུང་ཐོག་གོམ་འགྲོས་བྱས་མེད་པ་ལྟ་བུ་སྟེ། བོད་རང་གི་ཐུན་མིན་གྱི་རིགས་ཆོས་དང་ཁྱད་ཆོས་རྣམས་བག་ལ་གཞའ་ཞིང་། གཞན་སྐད་དང་གཞན་མིའི་འཁྲབ་ཚུགས་འོག་ཤོར་ནས། བོད་ཀྱི་མཛངས་མའི་དགོང་ཚོགས་རེད་ཟེར་ན། གང་ལ་ངོས་འཛིན་ཞུ་དགོས་ཀྱི་ཡོད་དམ་བཤད་མི་ཤེས།

དེ་ནི་ད་དུང་སྒེར་གྱི་ཚོགས་པ་ཞིག་གི་ནང་ནས་གཞོན་སྐྱེས་ཁག་གིས་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཀྱང་ཆགས་བཞིན་པར་བསམ་ན། གཞན་སྐད་དང་གཞན་སྲོལ་ལ་མཐོང་སྤྲད་ནས་སོང་ན། རང་རེའི་གཞོན་སྐྱེས་རྒྱབ་མེད་འདི་ཚོ་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་སྲིད་ཡོད་ཀྱི་དམ་བསམ་ནས་འདི་ཡང་ཤོར་སོང་།

དེ་ཡང་གཞན་སྐད་ལ་མཐོང་སྤྲད་སོང་། རང་སྐད་ནི་ཡོད་མེད་ཙམ་ལས་ཐོས་རྒྱུ་མི་འདུག བསྟད་མོ་བ་ཚང་མ་བོད་མི་གཞོན་སྐྱེས་ཤ་རྟག་རེད། བོད་ཀྱི་མཛངས་མའི་འགྲན་བསྡུར་སྐབས་བོད་ཀྱི་ངོ་བོ་མཚོན་པ། བོད་སྐད་གཞི་ལ་བཞག་ནས། དེ་གཞན་སྐད་ནང་བསྒྱུར་དགོས་པ་ཞིག་ལོས་ཡིན་བསམ་ཡང་། རང་མི་ཚོས་གཞན་སྐད་རྒྱབ་ཏེ། དེ་ལ་སྐད་བསྒྱུར་འཚོལ་གྱི་འདུག་པ་ནི་ཧང་སང་སོང་།

འདི་ལ་རྒྱུ་མཚན་མེད་མེད་འདྲ་ཡང་། རྗེས་སུ་ཆོལ་གསུམ་བོད་མོ་རྣམས་འཛུལ་ཞུགས་བྱ་དགོས་ན། སྔོན་ཆད་མིང་རྗེས་ངན་པ་དེ་འདྲ་བཞགས་མེད་མཁན་ཞིག་དང་། སྐད་རིགས་དབྱིན་སྐད་ལྟ་བུ་གཅིག་ཤེས་ན། བོད་སྐད་ཨ་མདོའི་སྐད་དང་། ཁམས་པའི་སྐད་གཉིས་གང་རུང་ཤེས་ན་ཆོག། བོད་སྐད་གཅིག་པོ་ལས་ཤེས་ཀྱི་མེད་ན། ཁམས་སྐད་དང་ཨམ་སྐད་གཉིས་མ་ཡིན་པར། ད་ལྟའི་བོད་རང་གི་སྤྱི་སྐད་དུ་སྤྱོད་བཞིན་པས་ལྷ་སའི་བོད་སྐད་ཁམ་གཙང་ཤེས་དགོས་པ་སོགས་རང་གི་བསམ་ཚུལ་ཡིན།

ཡང་ཕྱི་རབས་ཀྱི་བོད་པའི་ན་གཞོན་མ་ཁག་ཅིག་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་འདོད་མཆིས་ཚེ། ཐོག་མར་ཕྱི་པག་དང་། ནང་སྟོང་ཕྱི་མཛེས་ཀྱི་ཕྱོགས་ལ་དེ་ཙམ་མི་ལྟ་བར། ད་ལྟའི་བོད་ཀྱི་ཆབ་སྲིད་ལ་དམིག་ནས་མཛེས་མ་དེ་ཙམ་མེད་ཀྱང་མཛངས་མའི་ཁྱད་ཆོས་རྣམས་ལེགས་པར་ཚང་ཞིང་། ཤེས་ཡོན་ཡོད་པ། བསམ་བློའི་གོ་རྟོགས་བོད་སྤྱི་སེམས་འཆང་མཁན་ཞིག་ཅེས་ཀྱང་དགོས་ངེས་རེད་འདོད།

ཕྱོགས་གཞན་ནས་བོད་ཀྱི་མཛངས་མ་འདི་ལ་རིན་ཐང་དང་སྐྱོན་གཉིས་གླེང་རྒྱུ་ཡོད། དཔེར་ན་དང་པོ། བོད་ཀྱི་ན་གཞོན་མ་རྣམས་ལ། ས་མིག་ཞིག་རག་ཡོད་པ་དང་། ཕོ་མོའི་འདྲ་མཉམ་གྱི་འདུ་ཤེས་ཚང་དགོས་ན་ནང་བསམ་བློས་སྤོབ་ཕ་ཁུར་ནས་སྡིངས་འཇག་སྟེང་བུད་དགོས་པ་དང་། བོད་ཀྱི་མཛངས་མའི་འགྲན་ཚོགས་སྤྱི་ལོ་་་༢༠༠༢་་ནས་དབུ་ཚུགས་ཤིང་། ད་ལྟའི་བར་བོད་ཀྱི་བུད་མེད་ཁག་ཅིག་གི་འཛམ་གླིང་གསར་འགྱུར་ཚག་ཤོག་དང་། དྲྭ་ཁུག བརྙན་འཕྲིན། དུས་དེབ་མང་པོའི་སྟོང་ཆ་བསྐོང་བ། བོད་ཀྱི་མཛངས་མ་འཛམ་གླིང་མཛེས་མའི་ཁྲོད་ཨ་ཕྷི་རི་གར་སྐྱོད་པ་དང་། འཛམ་གླིང་མཛེས་མའི་ཡུལ་སྐོར་སྤྲོ་འཆམ་ཁྲོད་སྐྱོད་པ་སོགས་ནི་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གལ་ཆེན་དང་དགེ་མཚན་ཡོད་རིགས་དག་རེད།

གཉིས་པ་སྐྱོན་ནི། དོན་དངོས་ཀྱི་མཛེས་མ་སྡིངས་འཇག་ཐོག་སླེབས་མ་ཐུབ་པ་དང་། མཛངས་མའི་ཁྱད་ཆོས་ཆ་ཚང་མེད་པའི་དབང་གིས་གསར་འགྱུར་ཁག་ལ་ལན་འདེབས་དྲང་ཚུགས་མ་ཐུབ་པ། ༧་གོང་ས་མཆོག་གི་བོད་ཀྱི་མཛེས་མ་ནི་གལ་ཆེན་མིན་གསུངས་བ་དང་། གཞན་ཡུལ་ན་ཡུལ་གྱར་བ་ང་ཚོ་མི་རིགས་གཞན་གྱི་ལྷད་བཞིན་པས་ཁར། མཛེས་མ་ཟེར་བ་དེ་ཚོ་གཅེར་བུ་རྒྱུ་བ་སོགས་བོད་པའི་སྲོལ་རྒྱུན་དང་འགལ་ཞིང་། གཞོན་ནུ་ཕོ་མོའི་ངོ་ཚ་དགོས་རིགས་འབུར་འཇོག་གཏོང་བ་འདི་ཚོ་དེའི་ཕྱོགས་ཀྱི་སྐྱོན་ཆ་ཡིན་དགོས་པར་འདོད་དོ།།
དེ་དག་ནི་མི་སྒེར་གྱི་འཆར་སྣང་ཕྲན་བུ་ཞིག་ལས་གོ་རྒྱུ་དང་གནད་དོན་གང་ཡང་གླེང་མེད། བཀྲ་ཤིས་བདེ་ལེགས།


  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -