ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.06.2010 22:10:38
གངས་དཀར་སེམས།

ལོ་རེའི་མཛངས་མའི་འགྲན་བསྡུར་ཟེར་བ་འདི་རྒྱུན་མཐུད་ཀྱི་སྒོ་ནས་རྟག་ཏུ་ན་གཞོན་ མ་འགའ་མཉམ་ཞུགས་ཀྱང་བྱེད་བཞིན་པ་ཡིན། འགྲན་བསྡུར་གྱི་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ལ་མཚོན་ན། བུད་མེད་ཚོར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཡིན་པ་མ་ཟད། ནུས་རྩལ་ཡོད་རྒུས་ལས་སྒོ་འདིར་དཔལ་འབྱོར་ཐད་རོགས་སྐྱོར་འཚོལ་བཞིན་གཞོན་ནུ་མ་འགར་རྒྱལ་སྤྱིའི་སྡིངས་ཆ་སྒང་ནས་མངོན་ཐབས་བྱེད་བཞིན་དེ་མིན་གྱི་ཕན་རོགས་ ཀྱང་གནང་བཞིན་པ་ནི་དངོས་བདེན་བཟང་པོའི་བྱ་བཞག་ཅིག་ལོས་ཡིན།

ཉུང་མཐར་ཡང་བུ་མོ་ཉུས་ཤོས་ཀྱི་སེམས་གཏིང་ནས་ཡར་རྒྱས་གཏོང་བར་སྤྲོ་བ་བསྲིང་ཞིང་ རང་སོ་སོར་གདིང་སྤོབས་ཀྱི་བསྐུལ་འདེད་ཀྱང་གཏོང་བཞིན་པའང་སྨྲོས་མེད་ཅིག་རེད། དུས་མཚུངས་སུ་བོད་ཀྱི་གཞོན་ནུ་མ་རེ་རྒྱལ་སྤྱིའི་སྡིངས་ཆའི་སྒང་ནས་བོད་དོན་སོགས་ཀྱི་གླེང་སློང་བ་བཅས་ལ་ཕན་རོགས་འཚོལ་ཐབས་བྱུང་ན་དགེ་ཕན་ཡོད། དེ་བཞིན་ལོ་རེར་ན་གཞོན་མ་རེར་ཉུང་མཐར་ཧིན་སྒོར་འབུམ་རེའི་གཟིགས་གསོལ་ཡང་རག་ གི་ཡོད་པ་རེད། འདི་ལྟར་བོད་ཀྱི་མཛངས་མ་ཞེས་བོད་མོ་ཡོངས་རྫོགས་ཀྱི་གོང་ན་མེད་པའི་མིང་ཞིག་ན་གཞོན་མ་འདི་དག་གི་ཏོག་ཏུ་རྒྱན་ནས་མ་འོངས་མདུན་སྐྱོད་ཀྱི་གོམས་སྟབས་ཁྱར་ ཁྱོར་རེ་བགྲོད་བཞིན་པ་རེད།

སྤྱིར་ན་བུད་མེད་ཀྱི་ལས་དོན་གང་ཡིན་ཡང་ལེགས་པོའི་སྣེ་ཤེན་དགོས་པ་ནི་ཤིན་ཏུ་ནི་གལ་ཆེ་བར་སོང༌། མ་འོངས་པར་འགྲན་བསྡུར་འདིའི་གང་ཅིའི་ཐད་ནས་ཡར་རྒྱས་གཏོང་ཐབས་བྱ་བ་ནི་ཚང་མས་བསམ་གཞིགས་དགོས་པའི་གནད་དོན་ཞིག་ཡིན་པ་མ་ཟད། དམིགས་བསལ་དུ་བུད་མེད་ཚོས་དེའི་ཐོག་ནན་ཏན་གྱི་མནོ་བསམ་རེ་མི་གཏོང་དཀའ་མེད་ཀྱི་དོན་དག་ཅིག་རེད། དེར་བརྟེན། འདིར་གུས་མོའི་སྒེར་གྱི་ཚོར་སྣང་འགའ་གཙོ་བོ་རང་རིགས་བུད་མེད་རྣམས་ཀྱི་སྤྱན་ལམ་དུ་སྤེལ་ན་བསམ།

གཅིག  མཛངས་མའི་འགྲན་བསྡུར་ཟེར་བ་འདི་གསར་གཏོད་ཀྱི་བྱ་བ་ཞིག་ཡིན།

གསར་ གཏོད་ནི་དུས་རབས་དང་བསྟུན་ནས་མིའི་སྤྱི་ཚོགས་སུ་ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་ཉག་ཅིག་དེ་ཡིན་ན་བཟང་ཞིང༌། རྙིང་མའི་ལམ་ལུགས་འགའ་དུས་རབས་དང་མི་འཚམས་པའི་སྒོ་ནས་ཕན་མེད་དུ་འགྲོ་བཞིན་པར་སོང༌། ངེས་པར་ལེགས་བཅོས་དང་གསར་གཏོད་ཀྱི་ཐབས་ལ་མི་བརྟེན་ཐབས་མེད་རེད། ལེགས་བཅོས་ནི་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་ཐུབ་པའི་བྱ་ཐབས་ཡིན་ལ། བྱ་བཞག་གང་ཡིན་ཡང་རྙིག་དོར་བཅུད་ལེན་གྱིས་བཟང་ཕྱོགས་ཀྱི་ཡིད་འོངས་ལ་ཕྱོགས་ ཐུབ་པར་འབད་བརྩོན་བྱེད་དགོས།

འོན་ཀྱང་གསར་པ་ཐམས་ཅད་ནོར་བུ་ལྟར་འཛིན་ཞིང་དོགས་པ་སྤུ་ཙམ་མེད་པར་བདག་གཉེར་བྱེད་ཀྱང་དང༌། རྙིང་མ་ཐམས་ཅད་རུལ་སུངས་ལ་བརྩིས་ཏེ་ཐེ་ཚོམ་ཙམ་མི་དགོས་པར་དོར་རྐྱང་བྱེད་པ་ནི་ནོར་འཁྲུལ་ཚབ་ཆེན་ཡིན། བཟང་པོའི་ཡོན་ཏན་ཡིན་ཞིང་འགྲོ་བ་མིའི་རིགས་ལ་ཕན་པའི་བྱ་བ་ཞིག་ཡོད་ཚེ། དོགས་པ་མེད་པར་དང་དུ་ལེན་ན་འགྲིག་མོད་ཀྱང་། ལེགས་ཉེས་ལ་དབྱེ་འབྱེད་མེད་པར་ཉ་དང་ཉུང་མ་མཉམ་བསྲེས་ཀྱིས་དོན་དམ་མིའི་ལུས་ སེམས་གཉིས་ལ་གནོད་གཞིའི་བྱ་བར་འཛེམ་ཟོན་མ་བྱེད་ན་། དེ་ནི་དངོས་བདེན་མིག་ཡོད་བཞིན་དུ་གཡང་སར་མཆོང་སྟེ་རང་སྲོག་ལྕེབས་པ་དང་གཉིས་སུ་མེད་།

གཞོན་ནུ་མས་འགྲན་བསྡུར་གྱི་བྱ་བ་འད་ལ་གོང་གསལ་གྱི་ལེགས་ཆ་དུ་མ་ཡོད་མོད་ཀྱང༌། སྐྱོན་ཆ་སྤུ་ཙམ་མེད་པའང་མི་སྲིད་པ་ལྟར། ཐོག་མར་བྱ་བ་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བུད་མེད་ཀྱིསཆེད་གཉེར་བྱ་བ་གཙོ་ བོ་གཟུགས་ཕུང་གི་མཛེས་ཉམས་ངོམས་བཟོ་བྱེད་པའི་ModelདངMiss-worldཡང་ན་Miss-universeཟེར་བའི་ཐོག་ནས་ཡུལ་གྱར་སྤྱི་ཚོགས་སུ་གསར་གཏོད་ཀྱི་བྱ་བ་དེའི་ཚིག་ཐོག་མ་Missཞེས་ པ་ནི་གཞོན་ནུ་མ་དང་སྲས་མོའི་དོན་ཡིན་པར་གསལ་ཞིང༌། དེའང་སྐབས་བབ་ཀྱི་དོན་དང་བསྡུར་ན་སྲས་མོ་ཞེས་བརྗོད་ན་འཚམས་པར་སྙམ། འོ་ན་དེང་གི་མཛངས་མ་ཞེས་པ་ནི་ཕྱི་ལུགས་ལྟར་ན་དོན་དམ་དུ་བོད་ཀྱི་བུ་མོ་དང་སྲས་མོ། ཡང་ན་གཞོན་ནུ་མ་བཅས་གོ་དགོས་པར་དེ་མཛངས་མ་ཞེས་གྱུར་ཚུལ་ནི་འུར་བརྗོད་ཁོ་ནར་ སོང་ཡོད་པར་ཤེས།

དེར་བརྟེན་ད་ལྟའི་ཆར་བོད་ཀྱི་མཛེས་མའི་འགྲན་བསྡུར་འདི་མ་འོངས་པར་མཛངས་མའི་ འགྲནབསྡུར་གྱུར་སྲིད་ནའང༌། སྐབས་བབས་སུ་མིང་འདོགས་སྟངས་ལ་ངེས་པར་བསམ་གཞིགས་རེ་དགོས་པར་འདོད། མཛངས་མ་ཞེས་པ་ནི་ངེད་བོད་པ་ཚང་གི་སྐྱ་སེར་རྒན་གཞོན་དབྱེར་མེད་ཀྱི་བུད་མེད་ རྣམས་ལ་ཕུལ་དུ་བྱུང་བའི་ཆེ་མཐོང་གི་བསྟོད་ཚིག་ཅིག་ཡིན་དགོས་ཀྱང༌། དེ་དང་ད་ལྟའི་ཆར་རྒྱལ་སྤྱིའི་སྟིང་གི་གཟུགས་མཛེས་མ་ཚོས་འགྲན་བསྡུར་སྣ་ཚོགས་ ཀྱི་མིང་འདོགས་དང་ང་ཚོའི་མཛངས་མ་ཞེས་པའི་བོད་ཡིག་ཐོག་གི་མིང་ཚིག་འདིའི་གོ་ དོན་བར་ཧེ་བག་ཆེན་པོ་ཤོར་ཡོད་སྟབས། ད་ལྟ་བློ་བཟང་དབང་རྒྱལ་ལགས་ཀྱིས་གོ་སྒྲིག་བྱེད་པའི་ན་གཞོན་མའི་འགྲན་བསྡུར་ འདི་བོད་མོ་ཡོད་དོ་ཅོག་གིས་མིག་དཔེ་ཡར་ལྟ་བྱེད་ས་ལྟར་དགོས་པ་མ་ཟད། ཉུང་མཐར་ཡང་བོད་མོ་ཡིན་ན་ནི་རྩ་བའི་ཆ་ནས་བོད་ཀྱི་སྐད་ཡིག་གཉིས་ཙམ་རང་རྐྱ་ འཕེལ་བ་ཞིག་དགོས་པ་མ་ཟད། གཞན་གྱི་ཆ་རྐྱེན་ཡང་དུ་མ་འཛོམས་ཤིང་མཛངས་མའི་མིང་དོན་མཚུངས་བ་ཞིག་ཚང་དགོས་ ངེས་ཀྱང་དེ་ལྟར་ཐོག་མ་ཉིད་ནས་འཐུས་ཚང་བའི་གོམས་སྟབས་ཤིག་སྤོ་ཐུབ་མེད་པ་མ་ ཟད། གཙོ་ཆེ་ཤོས་བུད་མེད་མང་ཆེར་གྱིས་ད་དུང་ཡང་བྱ་འགུལ་དེས་རིགས་མཐུན་ཚོར་ལུས་ སེམས་གཉིས་ལ་ཕན་པའི་བྱ་བཟང་ཞིག་ཏུ་ངོས་འཛིན་ཐུབ་པ་བྱུང་མེད་པས་རེད།

ན་གཞོན་མ་མང་པོ་དེར་ཞུགས་མ་ཐུབ་པར་སྤྱི་ཚོགས་ཀྱི་ཟེར་སྒྲོས་དང་ཞེན་ཆའི་ཐད་ནས་ གནོན་ཤུགས་ཡོད་ངེས་ཀྱང་དེ་ནི་སྤྱི་ཚོགས་ཀྱི་འཕེལ་རིམ་ལས་བྱུང་བའི་དོན་དག་ ཅིག་ལས་བཀའ་བློན་ཁྲི་པས་གསུང་འདུག་པར་གཅིག་པུར་གྱིས་ག་ལ་ཡིན། དེ་མིན་བུད་མེད་ཚོར་ཕན་རྒྱུའི་དགེ་མཚན་བཞག་ནས་གནོད་གཞིའི་རྒྱུ་རུ་གྱུར་ སྲིད་ན། ནང་དོན་དང་སྤུས་ཚད་ཕྱོགས་ཡོངས་ནས་ད་དུང་ཡང་ལེགས་བཅོས་ལ་ཁ་ཕྱོགས་པའི་སྤོབས་ པ་ཞེན་ཞིང་དྲེགས་པ་ཆེར་སྐྱེད་ཀྱིས་མུ་མཐུད་མིང་རྐམ་པོ་རེ་འཁྱེར་ཏེ་ཧོར་ རྒྱུག་བྱེད་ན་ནི་ངན་པ་རྒྱུན་འབྱམས་སོང་བ་ཙམ་ལས་གཞན་ཅི་ཞིག་ཡིན། འོན་ཀྱང་དེང་དུས་བྱ་འགུལ་འདི་མུ་མཐུད་སྤེལ་དགོས་པ་ནི་བུད་མེད་ཚོར་དེ་མིན་ མངོན་མཚན་ཅན་གྱི་ཆེད་ལས་སྡེ་ཚན་མེད་པས་རྒྱུན་མཐུད་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་དེ་རེད།

དེ་མིན་འགྲན་བསྡུར་གྱི་སྤུས་ཚད་ཞེན་ཞིང༌། གཟུགས་ཕུང་ཅུང་བཟང་བའི་ཐོག་སློབ་གླིང་རྭ་བ་ནས་སློབ་མཐར་མ་སོན་ཙམ་གྱི་འཛིན་ རིམ་བཅུ་གཉིས་ཐོན་མིན་གྱི་བར་མ་དོའི་ཆ་རྐྱེན་གཉིས་གཙོ་བོར་ཚང་ན་གཞོན་ནུ་ མའི་འགྲན་བསྡུར་ནང་དཀའ་ཚེགས་མེད་པར་མངོན་ཐོན་ཐུབ་ཅིང་མཛངས་མའི་ཆོ་ལོ་ཐོབ་པ་ ནི་སྟབས་བདེའི་བྱེད་ལས་ཤིག་རེད་ལ་། དེར་དོན་དམ་པར་གཞོན་ནུ་མར་གོམས་པ་རིམ་འཛེགས་ཀྱི་སྐས་ཐེམས་མེད་སོང་བ་རེད། དེར་བརྟེན། བུད་མེད་ཚོར་ཡར་རྒྱས་ཀྱི་རྩེར་སོན་ཟེར་བ་དང་ཕུལ་དུ་བྱུང་བ་སོགས་ཀྱི་འབད་ འབུངས་ཉུང་ཙམ་ཡང་མི་དགོས་པར། གཟུགས་ཕུང་མི་བཟང་རྒྱུ་མེད་པ་དང་འཛིན་རིམ་བཅུ་གཉིས་ཀྱི་ཆ་རྐྱེན་ཚང་བ་ཙམ་གྱི་མཛངས་མ་ཞེས་བོད་ཀྱི་བུད་མེད་ལ་ཁྱད་དུ་འཕགས་པའི་ཚིག་བརྗོད་འདིི་གཟིགས་ གསོལ་ལས་སླ་བོ་རག་ཐུབ་པ་ནི་མི་འོས་པ་ཞིག་རེད། གནམ་འོག་ཏུ་གང་ཟག་སུ་འདྲ་ཞིག་ཡིན་ཡང་འབད་འབུངས་དང་བརྩོན་འགྲུས་ཀྱི་བརྒྱུད་ རིམ་ལ་བརྟེན་ནས་བྱས་རྗེས་འབུར་དུ་དོད་པ་ཞིག་བཞག་དགོས་པ་དང༌། དེར་མི་རྣམས་ཀྱི་གཟིགས་གསོལ་དང་བསྟོད་སྨོན། མིག་དཔེ་ཡར་ལྟ་དགོས་པའི་བསྟོད་ཚིག་ཀྱང་མི་འདྲ་བ་ལས་ཁ་ཅིག་ནས་གང་ཟག་ཅིག་མི་ལུས་སུ་བཙས་མ་ཐག་པར་ཁྱད་དུ་འཕགས་པར་ངོས་འཛིན་པ་སོགས་ནི་། འཇིག་བརྟེན་པའི་རྒྱུན་ཤེས་ཀྱི་འཕེལ་རིམ་ལ་རྒོལ་བ་ཡིན་ལ། མི་མང་ཆེར་གྱི་མི་ཚེའི་དངོས་ཡོད་གནས་སྟངས་དང་མི་འཚམ་པ་ཞིག་རེད།

དེར་བརྟེན། ད་ལྟའི་ཆར་གྱི་མཛངས་མ་འགྲན་བསྡུར་ཞེས་པ་འདི་མཛེས་མའི་འགྲན་བསྡུར་བྱེད་ན་ འཚམ་པ་དང༌། དེ་མིན་བོད་གཞིས་ཀྱི་བུ་མོ་ཚོ་ལས་འགུལ་འདིའི་ནང་ཞུགས་པར་ཧ་ཅང་དཀའ་ཁག་ཡོད་པའི་གནས་ཚུལ་ཕྱོགས་ལའང་བསམ་གཞིགས་རེ་དགོས་ངེས་ཡིན། ད་དུང་ལས་འགུལ་འདིར་བུད་མེད་སྤྱི་ཡོངས་ཀྱི་ལས་སྒོ་གཞན་སོགས་ཚུད་པའི་འགྲན་ རྩོད་ཀྱི་ནང་དོན་དང་རྣམ་གྲངས་། སྤུས་ཚད་བཅས་ཀྱི་ཐད་ནས་ཡར་རྒྱས་གཏོང་དགོས་ལ་བུ་མོ་ཡོད་དོ་ཅོག་བློ་བདེ་བག་ འཕེལ་ངང་ནས་ལས་འགུལ་འདིའི་སྤྱི་བྱེ་བྲག་གང་ཡིན་ཡང་ཞུགས་ཐབས་བྱ་བ་ནི་ཁ་ཚ་ དགོས་སྟུག་གི་དོན་སྙིང་ཡིན།

གཉིས་། མཐོར་སྙེག་གི་གོ་རིམ་ཡོད་པའི་སྒོ་ནས་ལེགས་སྤེལ་ཉེས་འགོག་བྱ་དགོས།

ཤེས་ཡོན་སྦྱང་བརྩོན་གྱི་ཆ་ནས་ཀྱང་འཛིན་རིམ་བཅུ་གཉིས་ནས་སློབ་ཆེན་གྱི་ཆེད་ལས་ མཐར་སོན་ཞིང༌། དེ་རྗེས་མཁས་དབང་གི་གོ་མིང་འཛིན་རྗེས་ཀྱང་ཤེས་ཡོན་གྱི་སྤུས་ཚད་དང་ལྡན་བའི་ ཐོག་ནས་སྤྱི་ཚོགས་སུ་རང་ངོས་ཀྱི་འཇོན་ནུས་དར་སྤེལ་བཏང་བ་ནི་སྤྱིའི་ཆ་ནས་ ལུགས་མཐུན་གྱི་འཕེལ་ལམ་ཞིག་རེད། དེ་མིན་གང་ཟག་སྒེར་ངོས་ཀྱི་སྤུས་ཚད་ལ་གཞིགས་ཏེ། གོ་རིམ་རྒྱུད་མི་དགོས་པར་འཇོན་ནུས་གཞན་ལས་ཆེ་བ་ཡོད་ངེས་ཀྱང་དེ་ནི་སྐབས་བབ་ ཀྱི་བརྗོད་གཞི་མིན་ནོ།

ཤེས་ཡོན་དང་འཇོན་ནུས་གང་ཅིའི་ཐད་མཐོ་ཚད་ཀྱི་གོ་རིམ་ཡོད་པའི་ཐོག་ནས་མིའི་སྤྱི་ ཚོགས་ཀྱིས་གདེང་འཇོག་དང་གཟིགས་གསོལ་ཡང་གཅིག་མཚུངས་མིན་པའི་རྒྱུ་མཚན་ཡིན་སྟབས། ང་ཚོའི་བཙན་བྱོལ་སྤྱི་ཚོགས་གཅིག་པུར་ཤེས་ཚད་ལོན་མིན་ལ་མ་ལྟོས་པར་འཛིན་རིམ་ བཅུ་གཉིས་ཐོན་པའི་གཞོན་ནུ་མ་བསྡོམས་གྲངས་གང་འཚམ་མཆིས་ན། དེ་དག་མང་ཆེར་བ་ད་ཆའི་འགྲན་རྩོད་ཀྱི་ནང་དོན་དུ་སྤུས་ཚད་དང་ཆ་རྐྱེན་འཚམ་མིན་ ལ་ཐེ་ཚོམ་མི་དགོས་པ་མ་ཟད། དེ་མིན་ད་དུང་ཆུ་རས་ཁོ་ནར་གྱོན་ཏེ་སྡིངས་ཆའི་སྒང་ནས་བུད་རྒྱུའི་ད་ལྟའི་ སྤྱི་ཚོགས་ཀྱི་སྡོམ་རྒྱ་ལ་འཛེམས་ཟོན་མེད་གྱུར་ན། ལོ་རེར་ཉུང་མཐའ་ཡང་ལོ་ཆུང་གཞོན་ནུ་མ་ལྔ་བཅུ་ནང་ཚུད་འགྲན་རྩོད་ནང་ཞུགས་སྲིད་ པ་དང༌། དེ་དག་ལའང་འགྲན་རྩོད་ཀྱི་རྣམ་གྲངས་ཆ་ནས་ཚད་གཞི་མི་ལོང་བའི་དོགས་པ་སྤུ་ཙམ་མི་དགོས་ལ། མིང་འདོགས་ཡོད་མིན་ལ་མ་ལྟོས་པར་དོན་དངོས་ཐོག་ང་ཚོར་འདི་ལྟར་ཉུང་མཐའ་ཡང་ལོ་ རེར་བོད་ཀྱི་མཛངས་མ་ཟེར་བ་དེ་འདྲ་ལྔ་བཅུ་ལྷག་ཀྱང་ཡོང་སྲིད་པ་ནི་འཛམ་གླིང་ ཡོངས་སུ་ལའང་བྱུང་མ་མྱོང་བའི་གནས་ཚུལ་ཞིག་ཡིན།

བུད་མེད་སུ་འདྲ་ཞིག་ཡིན་ཡང་ཤིན་ཏུ་སྟབས་བདེའི་འཇུག་སྒོ་འོག་ནས་བོད་གཞིས་བྱེས་གཉིས་ནས་བུད་མེད་ཡོངས་རྫོགས་ཀྱི་གོང་ན་མེད་པའི་མཛངས་མིང་གི་ཆོ་ལོ་ཞིག་ཐོག་ པ་ནི་དངོས་བདེན་སྔར་ནས་ད་བར་ལོ་རྒྱུས་ཐོག་ཀྱང་བྱུང་མ་མྱོང་བའི་ཧོན་ཐོར་ དགོས་ཤིང་ཁྱད་མཚར་གྱི་དོན་ཞིག་མ་ཡིན་ནམ།

གསུམ། དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་ཐབས་ཐོག་ནས་ཀྱང་ཡར་རྒྱས་ལ་གོ་རིམ་དགོས་པར་མཚོན་ཡོད།

འདིར་བརྗོད་གཞི་གཙོ་བོ་དང་འབྲེལ་བ་ཆེར་མེད་པར་མཐོང་སྲིད་ཀྱང་དགེ་སློང་མའི་སྡོམ་རྒྱུད་སྐོར་བུད་མེད་བཙུན་མ་ཚོའི་གནད་དོན་ཡིན་པ་མ་ཟད། བཙུན་མ་རྣམས་ཆོས་གཉེར་གྱི་གོ་རིམ་བརྒྱུད་མཐོར་སྙེག་གི་དོན་དང་འབྲེལ་ཡོད་ སྟབས་འདིར་ཉུང་ཙམ་བརྗོད་དོ། ཕྱོགས་གཞན་ནས་བརྗོད་ན་འུ་ཚང་ནི་གཞན་དང་མི་འདྲ་བའི་ཨ་མཚར་གྱི་སྤྱི་ཚོགས་ཤིག་ རེད། ལ་ལས། ཨ་ནེ་ཚོས་བཙུན་ཁྲིམས་སུ་ཡོད་བཞིན་པའི་དགེ་ཚུལ་མའི་བསྲུང་བྱ་ཁོ་ནར་ཡང་གཙང་མ་ སྲུང་ཐུབ་ཀྱི་མེད་ན། དགེ་སློང་མའི་སྡོམ་རྒྱུན་སྔར་ནས་ཆད་ཟིན་ལ་ད་ནས་འདུལ་ལུང་གཙོ་བོར་བྱས་ན་དགེ་སློང་མའི་སྡོམ་ཁྲིམས་སླར་གསོ་བྱེད་མི་དགོས་པར་འདོད་མཁན་ཧ་ཅང་མང་བར་མཐོང༌།

རང་ངོས་ནི་ནང་ཆོས་ཀྱི་ཤེས་རྒྱ་དམན་ཞིང་ཆེད་མཁས་ཚོའི་ངོས་སུ་ཇུས་མེད་ཀྱི་ཧོར་ བཤད་ཙམ་ཡང་ཡིན་སྲིད་ཀྱང༌། འགྲོ་བ་མི་ཞིག་ཡིན་ཕྱིར་འཕེལ་རྒྱས་ཀྱི་གོ་རིམ་མམ་བརྒྱུད་རིམ་འཐུས་ཚང་ཞིག་དགོས་པ་དང༌། དེའི་སྐོར་གླེང་མོལ་ཙམ་ཡང་དགོས་པ་ནི་བུད་མེད་ཅིག་ཡིན་པའི་སྨྲ་བརྗོད་ཀྱི་རང་ དབང་ལོངས་སུ་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། སྙིགས་མའི་དུས་འདིར་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་བ་ནི་ཆེས་རླབས་ཆེན་ གྱི་བྱ་བཞག་ཅིག་རེད་ལ། ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་པ་ལས། ཁ་ཡོད་པ་ཚང་མས་དགེ་སློང་མའི་སྡོམ་རྒྱུན་སྔར་ནས་ཆད་ཟིན་པར་འདོད་ཅིང་། ད་ནི་སླར་གསོ་མི་དགོས་པའི་ཚུལ་དུ་བརྗོད་ན་ནི།  བོད་ཀྱི་བཙུན་ མ་ཚོས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་ཐབས་བྱ་བའི་ཐུགས་དགོངས་ཡོད་པ་ལས། གླེང་གཞི་ཐོག་མའི་བསྐུལ་སློང་གང་ཡིན་མིན་ལ་མ་ལྟོས་པར་དགེ་སློང་མའི་སྡོམ་ རྒྱུན་སླར་གསོ་མི་ཡོང་བའི་ཐབས་ལམ་འཚོལ་གྱི་མེད་པ་ནི་གཟུར་གནས་ཚོས་ཐུགས་བསམ་རེ་བཞེད་དགོས་པའི་གནད་དོན་རེད་སྙམ།

སྙིགས་ མའི་དུས་འདིར་བཙུན་མ་ཁོང་རྣམ་པ་ལའང་གཙོ་བོ་ཁྱད་དུ་འཕགས་པའི་ནང་པའི་ཆོས་ ལུགས་སློབ་གཉེར་གྱིས་འགྲོ་བ་ལ་ཕན་བདེ་བསྐྲུན་ཐབས་སུ་འབད་འབུངས་བཟང་པོའི་སྐུལ་སློང་རྣམ་དག་གི་གོ་རིམ་བརྒྱུད། སྐས་ཐེམས་རིམ་འཛེགས་ཀྱིས་བརྩོན་འགྲུས་ཆེར་བསྐྱེད་ཡོང་ཐབས་སྦྱང་འབྲས་རྩེར་ སྙེག་གི་གོ་རིམ་རྫོགས་སོང་བ་འདི་ཡིད་མུག་པའི་འགག་སྒོ་ཞིག་ཅི་ལ་མིན།

དེ་བཞིན་དཀའ་སྤྱད་འབད་འབུངས་ཀྱི་གོ་རིམ་ཆེར་བརྒྱུད་མི་དགོས་པར་མཛངས་མའི་ཆེ་ མཐོང་འཛིན་མཁན་གྱི་གཞོན་ནུ་མ་དེ་དག་གི་གནས་སྟངས་དང་བཙུན་མ་ཚོས་འབད་བརྩོན་ དང་དཀའ་ཁག་ངེས་ཅན་བརྒྱུད་སྔར་བས་དམིགས་ཡུལ་གྱི་མཐོ་ཚད་ཅིག་ལ་སྙེག་ཐབས་སྒོ་ ནས་སེམས་འདུན་གཙང་མས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་ཐབས་བྱ་བ་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཡོད་པ་ཞིག་རེད། གནས་སྟངས་དེ་འདྲར་སོང༌། དམིགས་བསལ་གྱི་དོན་འགའ་ཕུད་ལེགས་ལམ་དུ་ཞུགས་ཤིང༌། རྩེར་སྙེག་གི་གོ་རིམ་ལྟར་བརྩོན་ས་ཡོད་པ་ནི་ཤེས་ཡོན་སློབ་གསོ་ཡོད་དོ་ཅོག་གི་ བརྒྱུད་རིམ་ཡིན་དགོས་པ་རེད། གོང་གི་བརྗོད་གཞིའི་ནང་དོན་བཞིན་ད་དུང་དཔེ་མཚོན་གོ་བདེ་བ་ཞིག་བཞག་ན། གང་ཟག་ཅིག་གིས་གཞན་ལ་ལག་པ་རྐྱང་ཤེས་ཙམ་གྱིས་ལྟོ་གོས་རག་བ་དེ་དང༌། རང་གི་འབད་བརྩོན་ལ་བརྟེན་ནས་ལྟོ་གོས་འཛོམས་པའི་བྱ་བ་གཉིས་ལ་རྩ་བའི་སྙིང་དོན་གྱི་ཆ་ནས་ཀྱང་ཁྱད་པར་ཆེན་པོ་ཡོད་དགོས་པ་ལྟར་རོ།

མཇུག་བསྡོམས།

གོང་གི་རྒྱུ་མཚན་དག་ལ་བརྟེན་བདག་གི་བསམ་འཆར་ནི་ད་ལྟའི་དུས་ཀྱི་མཛངས་མའི་འགྲན་ བསྡུར་ཟེར་བ་འདི་མིང་བརྗོད་ཀྱི་ཐོག་ནས་མཛེས་མའི་འགྲན་བསྡུར་བྱེད་ན་འོས་ཤིང་འཚམས་པ་དང་། འགྲན་རྩོད་ཀྱི་ནང་དོན་དུ་བུད་མེད་དང་འབྲེལ་བའི་ཆེད་ལས་ཕྱོགས་མང་ནས་སྤེལ་ཐབས་བྱེད་ན་བུད་མེད་མང་ཆེར་གྱིས་བྱ་འགུལ་དེར་ལེགས་ཆ་མཐོང་ཐུབ་པའི་སྔར་བས་དགེ་མཚན་ཆེ། དེ་བཞིན་ཡུལ་གྱར་བའི་མཛེས་མ་གཙོ་བོར་གྱུར་བའི་འགྲན་བསྡུར་ཐོག་ནས་བུད་མེད་རྣམས་ཀྱི་ལུས་སེམས་གཉིས་ལ་ཕན་པ་རེ་སྟེར་དགོས་པ་མ་ཟད། ཤེས་བྱ་ཡོན་ཏན་སོགས་བཟང་བའི་བྱ་བཞག་གང་ཅིའི་ཐད་སྦྱང་བརྩོན་ཚད་ལྡན་ཡོད་པའི་ སྒོ་ནས་རང་གི་འཇོན་ནུས་སྤེལ་སའི་སྤྱི་ཡོངས་ཀྱི་སྟེགས་བུ་ཞིག་སྐྲུན་ནས་བུད་མེད་ཡོད་དོ་ཅོག་ལེགས་ལམ་དུ་བཞུར་ཐབས་ལ་ཕན་རོགས་དགོས་པ་ནི་བོད་མོ་ཚོའི་དམིགས་ཡུལ་གཙོ་བོར་འཛིན་དགོས་སོ།

བང་ཆེན་ཟིན་བྲིས་ནས་འདིར་བསྐྱར་བཀོད་ཞུས།་༢༠༡༠ལོའི་ཟླ༦ཚེས༢ཉིན།


  གངས་དཀར་སེམས།
 

02.06.2010 11:07:49

བཀུར་འོས་ཨ་ཅག་གངས་ལྷ་ཁྱེད་ཀྱིས་བོད་མཛངས་མའི་ཁྱད་ཆོས་དང་འབྲེལ་བའི་ལོ་རྒྱུས་གླེང་བར་སྙིང་ནས་འཚམས་འདྲི་ཞུ་
ད་དུང་ཁྱེད་ཀྱི་དེའི་སྐོར་གྱི་གནད་དོན་འདྲ་གླེང་ཡོང་དུས་དྲྭ་ཕྲུག་ང་ཚོ་ལ་ཕན་ཐོག་ཀྱང་བཤད་མི་ཤིས་ཅིག་འདུག


 
 
05.06.2010 07:40:29

མཛེས་མ་མཛངས་མ་གང་ཡིན་ཀྱང་ཡག་ཚོད་ཞིག་མི་འདུག་
དགོས་གལ་དེ་ཙམ་ཨེ་ཡོད་ན།
རྩེད་མོ་ཡིན་ ་་ཧ་ཧཧཧཧཧཧཧཧཧཧཧཧཧཧཧ ཨ་རོགས་དེ་འདྲ་ཞིག་མ་རེད་པས།

 
 
11.06.2010 13:56:47

དྲྭ་གྲོགས་གངས་དཀར་ལྷ་མོ་་་་་་་མཛངས་མ་འམ་མཛེས་མའི་འགྲན་བསྡུར་ནང་དུ་འཛུལ་བཞུགས་མཁན་བུ་མོ་རྣམས་ལ་ཐོབ་ཐང་གི་གཟིགས་བྱེད་ཀྱིས་ཡོད་འམ་དགེ་སློང་མའི་སྡོམ་པ་འཚལ་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་དགེ་སློང་མའི་སྡོམ་པ་འཚལ་གྱི་ཡོད་ན་སྡོམ་པ་གནང་མཁན་དགེ་སློང་དེའི་བརྒྱུད་པ་བཙལ་དཔྱོད་བྱ་དགོས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -