ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.05.2010 00:38:48
བེ་རི་འཇིགས་མེད་དབང་རྒྱལ།

སྙན་ངག་པ་བེ་རི་དཔལ་ལྡན་རྣམ་རྒྱལ་གྱི་སྙན་རྩོམ་དེབ་ཕྲེང་གཉིས་པ<<མཆོད་མེ>>ལ་ཤིས་འཕྲིན་དུ་ཕུལ་བ།
བེ་རི་འཇིགས་མེད།
དཔལ་ལྡན་ངག་རིག་རླབས་ཀྱི་རྐང་བཏེགས་ལས།   །
རྣམ་པར་རྒྱལ་བའི་ཁང་བཟང་མཛེགས་པའི་བུ།       །
སླར་ཡང་རིག་བྱེད་སྣང་བའི་དགའ་སྟོན་དུ།              །
སྒྱུ་རྩལ་མཆོད་མེ་སྦར་བ་ཤིན་ཏུ་སྤྲོ།                        །


ཀྱེ། ལྷོ་མཐའི་ནགས་ཀླུང་འགྲིམས་པའི་སྨྱུགས་ཐོགས་པ།  སྒྱུ་རྩལ་གྱི་ཉིང་ཁུར་གཞིབ་པའི་སྙན་ངག་པ།             ཚོར་བའི་མེ་སྟག་འཆེད་པའི་རྟོག་འཆར་བ།  གནས་ལུགས་ཀྱི་གསང་བ་བརྟོལ་བའི་བསམ་བློ་བ།  ཁྱེད་ཀྱི་སླར་ཡང་སྒྱུ་རྩལ་དང་ཚོར་བ་བརྡར་བའི་མཆོད་མེ་གསེར་ཀོང་སོ་བརྒྱད་སྦར་བའི་གཙུག་ལག་གི་མཆོད་སྟེགས་གསར་བ་ཞིག ཕ་མའི་དྲན་གསོ་དང་མཁས་པའི་མཆོད་སྤྲིན་དུ་བསྐྲུན་འདུག་པར་ངས་མར་མེ་རྐང་རེ་རེ་བཞིན།       གསེར་གྱི་མཆོད་ཀོང་དང་དངུལ་གྱི་སྡོང་བུ།             ལྷབ་ལྷུབ་ཏུ་མཆོད་པའི་མེ་ལྕེ།            ལྷང་ལྷང་དུ་འཚེར་བའི་འོད་སྣང༌། མཐའ་ན་གསེར་ཀོང་བསྒྲིག་སའི་མཆེད་སྟེགས་ཀྱི་སྒྲིག་བཀོད་ཚན་ཆད་ལ་གློག་འཕྲིན་རྒྱུད་ནས་ཞིབ་བལྟས་བྱས།

ཀྱེ། སྙན་ངག་པ། ཁྱེད་ཀྱི་སེམས་ཁོང་ནས་འཕྱོ་བའི་ཚོར་རླབས་རེ་རེ་བཞིན། ཁྱེད་ཀྱི་ངག་སྒོ་ནས་བརྡོལ་བའི་སྙན་ཚིག་གི་ཟེགས་མ་རེ་རེ་བཞིན། གནའ་རབས་ཀྱི་སྲོག་རྩ་ལྡན་ལ་དེར་རབས་ཀྱི་གསོན་ཤུགས་འཕར་བའི་ཁྱད་ཆོས་རེ་འབུར་དུ་ཐོན་པས།           དེང་རབས་ཀྱི་མཆོད་སྟེགས་ཐོག་སྒྲིག་པའི་མཆོད་མེ་རྐང་རེ་རེ་བཞིན་ཟིམ་པ་མེད་པའི་འོད་སྣང་གི་བང་རིམ་བརྩེགས་ནས་སྒྱུ་རྩལ་གྱི་ལམ་བུ་གསལ་བའི་རམ་འདེགས་སུ་འཆར།ཀྱེ་སྙན་ངག་པ། དངོས་ཡོད་དང་རྟོག་འཆར་གྱི་འཇིག་རྟེན་ཉུལ་ནས་སྒྱུ་རྩལ་དང་ཚོར་བའི་ཚེ་སྲོག་འཚོལ་མཁན།           གནས་ལུགས་དང་འཆར་ཡན་གྱི་སོ་མཚམས་ནས་བདེན་དོན་དང་འཁྲུལ་སྣང་འདྲེས་ནས་འཆར་ཡན་གྱི་རྒྱངས་གླུ་ལེན་མཁན།              སྙན་ངག་གི་གྲུ་ཁ་ནས་སྒྱུ་རྩལ་གྱི་དབྱངས་རྟ་གྱེར་མཁན།              ལས་དབང་གི་ཕམ་ཁ་ལ་སྨེང་སེམས་ཀྱི་འཁང་ར་འདོན་མཁན།         སྡང་ཟུག་གི་མིག་འོད་ལ་མཆིལ་ཞགས་ཀྱི་སྐྱེས་ལན་འདེབས་མཁན།          གུ་དོག་གི་ལྕགས་སྒྲོག་ལ་ཚིག་མཚོན་གྱི་སྟ་རེ་གཡུག་མཁན།                སྒྱུ་རྩལ་གྱི་ལམ་བུ་ལ་རྩོམ་རིག་གི་གོམ་པ་རྒྱག་མཁན།། མདུན་ལྗོངས་ཀྱི་ཀྱོག་ལམ་ལ་རེ་དྭོགས་ཀྱི་སྐྱོ་གླུ་ལེན་མཁན།         རྒྱབ་ལྗོངས་ཀྱི་སྐྱོ་གར་ལ་དྲན་གསོའི་རྡོ་རིང་སློང་མཁན།               ཁྱེད་ཀྱིས་སྦར་བའི་མཆོད་མེའི་འོད་ངོགས་ནས་གསལ་བ་ནི།               དྲན་རྟེན་གྱི་རྡོ་རིང་གཉིས། མེ་ཏོག་གི་ཚོམས་བུ་བཅུ་གཉིས། ཁེར་རྐྱང་གི་ཆིག་ལབ་བཅུ་བཞི། སྨྱོན་པའི་གཟི་གླུ་བཅུ། རང་མོས་ཀྱི་འདབ་གཤོག་བཞི་བཅས།             སྒྱུ་རྩལ་དང་ཚོར་བའི་གསོན་ཤུགས་འཕར་བའི་འོད་ཐིགས་རེ་རེ་བཞིན།         ཚོར་བའི་ཀློང་དུ་བསྐྲུན་པའི་རྡོ་རིང་དང༌། སྒྱུ་རྩལ་གྱི་འཚར་ཁ་རྒོད་པའི་ལྡུམ་རའི་ཚོམས་བུ།         རྟོག་འཆར་སྤྲིན་གསེབ་ན་ལྡིར་བའི་བཟི་གཏམ།       རང་མོས་ཀྱི་གཤོག་རླབས་རྩེན་ནས་འཕུར་ལྡིང་གྱི་རྣམ་པ་གཟུགས་བརྙན་བཞིན་འཆར་འོང་ལ། རི་མོ་བཞིན་འབུར་འོང༌།   དེར་བརྟེན་སྒྱུ་རྩལ་གྱི་ལམ་བུ་འདི་ནས་གནའ་རབས་མཁས་པའི་ཞབས་རྗེས་བསྙེགས་འདུག་ལ། དུས་རབས་གསར་བུ་ཚོའི་སྔོན་དུ་གཟེངས་སུ་ཐོན་པའི་སྨྱུ་གུའི་རུ་ཚོན་གསར་པ་ཞིག་ཀྱང་འཕྱར་འདུག་པར་ངས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་རྒྱུ་ཡིན་ལ། བསྟོད་དབྱངས་ཀྱི་རྒྱང་གླུ་འདི་ཡང་རྒྱངས་རིང་ལས་ཁྱོད་ལ་བླངས་པ་ཡིན།

ཀྱེ་སྙན་ངག་པ།   སྒྱུ་རྩལ་གྱི་འོད་སྣང་མཆེད་པའི་སྙན་ངག་གི་མཆོད་མེ་སྦར་མཁན།   ངས་ཁྱེད་ལ་ལོ་འཁོར་བཅུ་གཉིས་སྔོན་གྱི་དྲན་ཡོལ་དུ་འཆར་བའི་བྱུང་འདས་ཀྱི་རྨི་ལམ་ཞིག་སླར་ཡང་དྲན་གསོ་གཏོང་འདོད་བྱུང༌།               ངའི་མིག་ལམ་དུ་ཁྱེད་ཐོག་མར་འཆར་བ་ནི།         ལོ་བརྒྱད་ལོན་པའི་བྱིས་པ་སྣ་ལུད་ཅིག་ཡིན་ལ། བྱིས་བློའི་འཁྲུལ་སྣང་དང་བག་ཆགས་ཁམས་གཙང་འདྲེས་པའི་བར་ནས་གདོང་རིས་ཀྱི་བཀྲག་མདོག་དང་མིག་འོད་ཀྱི་འཚེར་ཁ་ཡིས། རང་བྱུང་གི་སྐྱེས་སྟོབས་དང་རྣམ་རིག་གི་གསལ་ཁ་ངེས་ཅན་ཞིག་མཚོན་པའི་འཆར་སྣང་དེ། ད་ལྟའང་ངའི་དྲན་ལམ་དུ་མ་ཟིམ་པར་མར་མེ་བཞིན་འཚེར།                དུས་དེ་ནས་ངས་རེ་བའི་མིག་འབུར་དང་འབྱུང་འགྱུར་སྔོན་བསུས་ཀྱི་རྟོག་སྣེ་ནས། ཚ་རླབས་དང་དུག་སྦྲང་གིས་བཙེས་པའི་ལྷོ་མཐའི་ནགས་ཀླུང་ན་དབྱངས་གསལ་སོ་བཞིའི་མེ་ཏོག་རྐང་རེ་རེ་བཞིན་འཐུ་རུ་འཇུག        ཤེས་བྱའི་སྤང་གཞུང་ལ་རྐང་ཆུང་བརྡར་ནས་གོམ་བགྲོད་ཐུབ་པ་དང་བྱིས་པ་དག་ཡིག་དང་ལེགས་ལྗོན་དབང་སྒྲོལ་མ་ཉེར་གཅིག་སོགས་ཀྱི་རྐང་སྟེགས་ལ་བྱིས་པའི་རྩེད་འཇོ་དང་ལྡོངས་ནས་འཕག་འཚག་གློད་དུ་འཇུག

ཀྱེ་སྙན་ངག་པ། ང་ཟླ་བ་ལྟར་འཚེར་བ་མིན་ཡང་སྐར་ཚོགས་ལྟར་འཁོར་བའི་སློབ་མ་ཉུང་ཉུང་མིན། བཅུ་ཕྲག་མིན་ལ་བརྒྱ་ཕྲག་ཀྱང་མིན། སྟོང་ཕྲག་དང་སྟོང་ཕྲག་གི་ཁྲོད་ནས་ངས་འགྲམ་ལྕག་བྱུག་ས་དང་རྡང་ལྕག་གཞུས་ས་མང་ཤོས་དེ་ཁྱེད་ཉིད་ཡིན་ལ།           ཁ་རྡུང་དང་ཉེས་རྡུང་གཏང་ས་མང་ཤོས་དེ་ཡང་ཁྱེད་ཁོ་ན་ཡིན།          དེས་ན་འདིར་འགྲམ་ལྕག་རེ་རེ་ནས་བཞད་པའི་མེ་ཏོག་དང་རྡང་ལྕག་རེ་རེ་ནས་འབུས་པའི་མྱུ་གུ་རེ་རེ་བཞིན་ལང་ཚོའི་འཕེལ་ཁ་དང་ལྡོངས་ནས། ཤེས་བྱའི་ཁོར་ཡུག་མཛེས་པའི་སྐྱེད་ཚལ་དང་གཙུག་ལག་མཚོན་མདངས་བཀྲ་བའི་ལྡུམ་ར་གསར་པ་ཞིག་འཇིག་རྟེན་འདིར་གསར་སྐྲུན་ཐུབ་པ་བྱུང་བ་ནི་ངའི་ལག་རྗེས་ཡིན་ལ་ཁྱེད་ཀྱི་མཛད་རྗེས་ཀྱང་ཡིན།

ཀྱེ་སྙན་ངག་པ། གཤོག་རླབས་ཀྱིས་བར་སྣང་གཤོག་པའི་བྱ་རྒྱལ་རྒོད་པོ། གོམ་སྟབས་ཀྱིས་ས་ཆེན་བརྒལ་བའི་རྟ་རྒོད་འགྲོས་མ། བུ་སྐྱེས་ནས་ཕ་དང་མཉམ་སོང༌།        ད་དུང༌། ད་དུང་ཡང་བར་སྣང་ལ་ཟད་མཐའ་མི་འདུག་ལ་བྱང་ཐང་ལ་རྫོགས་མཐའ་དེ་བས་མི་འདུག་པས། འཕུར་དང་བྱ་རྒྱལ་རྒོད་པོ།      རྒྱུགས་དང་ཅང་ཤེས་རྟ་རྒོད།         གཤོག་རྩེ་དང་གོམ་སྣེ་ལ་རྫོགས་ཚིག་དང་བཞི་ཤད་མ་འཐེན་པར་ལྷག་བཅས་ཀྱི་ཚིག་ཕྲད་སྐྱོན་དང༌།

ཀྱེ་སྙན་ངག་པ།   སྐྲ་ལོ་སྤུ་གྲིས་བཞར་པའི་རྩོམ་པ་པོ། ངུར་སྨྲིག་གོས་ཀྱིས་བསྟིམས་པའི་སྒྱུ་རྩལ་བ།            མཁས་པ་དང་ཆོས་པ་གཉིས་འགལ་བ་མིན་ལ་གཅིག་གྱུར་ཡང་མིན། མཁས་པའི་རུ་ཚོན་འཕྱར་ནས། བཙུན་པའི་དབེན་ལམ་ཉུལ། ཆོས་པའི་ཞིང་ཁམས་འགྲིམས་པ་ནི། རབ་བྱུང་མཁས་པའི་རྡོག་སྣེ་གདེགས་ས་དངོས་གནས་དེ་ཡིན་ལ།          རྡོག་སྣེ་དེ་ནས་ཕྱི་ཀྱེད་མེད་པར་མདུན་སྐྱོད་བྱེད་པ་ནི་སྐྱེས་བུ་དམ་པའི་འཇུག་ངོགས་ཀྱང་ཡིན།   ཡ་རབས་སྐྱེ་བོའི་མིག་དཔེ་ཉག་གཅིག་པོ་ཡང་དེ་ཉིད་ཡིན། ཕ་མའི་ཆེད་དུ་བསླངས་པའི་དྲན་རྟེ་རྡོ་རིང་གི་ཁ་བྱང་ཡང་དེ་ཉིད་ཁོ་ན་འབྲི་འོས།

ཀྱེ་སྙན་ངག་པ། ད་དུས་བྲིས་དང༌། ད་དུང་སྙན་ངག་བྲིས་དང༌། ལྗང་མདོག་གི་ཀླད་རྫོང་གཏོར་བའི་སྙན་ངག་བྲིས་དང༌། ཕྱོགས་ཞེན་གྱི་ར་པགས་དབྲལ་བའི་སྙན་ངག་བྲིས་དང༌། ཤེས་རློམ་གྱི་བྱ་སྒྲོ་སྤུར་བའི་སྙན་ངག་བྲིས་དང༌། རང་སྣང་གི་རྨི་ལམ་བཀྲོགས་པའི་སྙན་ངག་བྲིས་དང༌། གནས་ལུགས་ཀྱི་རང་ཞལ་གསལ་བའི་སྙན་ངག་བྲིས་དང༌། རིག་གཞུང་གི་སྲོག་རྩ་གཟུང་བའི་སྙན་ངག་བྲིས་དང༌།  སྐད་ཡིག་གི་བླ་སྲོག་འཚོལ་བའི་སྙན་ངག་བྲིས་དང༌། ཀྱེ་སྙན་ངག་པ། ད་དུང་བྲིས་དང༌། ད་དུང་སྙན་ངག་བྲིས་དང༌།

རྩོམ་རིག་རྒྱལ་གྱུར་ཅིག། སྒྱུ་རྩལ་གྱི་མེ་འོད་མཆེད་པའི་རྩོམ་རིག་རྒྱལ་གྱུར་ཅིག ཚོར་བའི་རླབས་རིས་འཕྱུར་བའི་རྩོམ་རྒྱལ་གྱུར་ཅིག མཛེས་བཀོད་ཀྱི་སྣང་བརྙན་གསལ་བའི་རྩོམ་རིག་རྒྱལ་གྱུར་ཅིག ནམ་ཡང་རྩོམ་རིག་རྒྱལ་ཅིག་གྱུར།

ཚོར་བའི་མེ་སྟག་མཆེད་པའི་གྲུ་ཁ་ན།         །
སྒྱུ་རྩལ་འོད་མདངས་འཚེར་བའི་རྩེད་འཇོ་ཡི།།
རྩོམ་རིག་མཆོད་མེ་སྦར་བའི་སྟེགས་བུ་འདི།།
ནམ་ཡང་ཟིམ་མེད་མཆོད་པའི་རྫས་གྱུར་ཅིག           །

སྙན་ངག་པ་བེ་རི་འཇིགས་མེད་ཀྱིས། སྤྱི་ལོ་ ༢༠༡༠ ༣ ༡༣ ཉིན་གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་ཝཱཎཱ་མཐོ་སློབ་ཀྱི་ནཻརུ་མགྲོན་ཁང་གི་ཡང་ཐོག་ཏུ་བྲིས་པ་དགེ།            །།


  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -