ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.05.2010 00:19:05
བེ་རི་འཇིགས་མེད་དབང་རྒྱལ།

ཞིང་གཤེགས་སྙན་ངག་པ་བེ་རི་འཇམ་དབྱངས་ལ་ཕུལ་བའི་སྐྱོ་འཕྲིན།
རི་ཀླུང་ཁ་བས་བསྟིམས་པའི་བྱང་རྒྱུད་ནས།   །
གོམ་སྟབས་ལྷོ་ལ་བསྒྱུར་བའི་རྒྱལ་ཁམས་པ།   །
འཚུབ་མའི་རླུང་གིས་བདས་པའི་མཇུག་སྣེ་ནས།   །
རྡ་སའི་ནགས་ཀླུང་སྟུག་པོའི་གསེབ་ན་འགྲིམས།    །


ཁྱེད་ཉིད་མི་ཡུལ་སྐྱུར་ནས་མ་བྱོན་གོང༌།                        །
ང་རང་ནུབ་གླིང་བསྐོར་བསྐྱོད་མ་འགྲིམས་གོང༌།               །
སྦག་སུ་ཆུ་རྫིང་གྲུ་བཞིའི་ར་བའི་ནང༌།                            །
རྐྱལ་རྩེད་བག་གཡེང་ཐ་མའི་གྱེས་མཇལ་ཉིད།                   །

སྐུ་ཉིད་ཕྱི་མའི་མགྲོན་དུ་ཕེབས་པའི་རྗེས།                        །
ང་རང་ཡོབ་རོབ་གླིང་ནས་ལོག་པའི་རྗེས།                        །
གོ་འདོད་མེད་པའི་གཏམ་ངན་རླུང་ཡན་དེས།                  །
གསལ་རིག་སེམས་ཀྱི་དར་ཅོག་ལྷབ་ལྷུབ་གཡོས།               །

སྤྲ་སྤྲེལ་འཚང་ཁ་མང་བའི་ནགས་འདབས་ནས།                 །
གོམ་པ་བརྒྱབ་སྟེ་ཁྱོད་ཀྱི་གཟིམས་ཤག་འགྲིམས།                 །
ཁྱེད་ཉིད་གཤེགས་ཤུལ་ལུས་པའི་རི་ཀླུང་དག                   །
དབེན་འཇགས་གནའ་བོའི་དུར་ཁྲོད་ཇི་བཞིན་གནས།         །

གཟིམ་ཤག་འགྲམ་གྱི་ལྗོན་པའི་སྡོང་ལོ་དང༌།                    །
རྙིང་སོང་མེ་ཏོག་མིག་ཆུའི་ཟོལ་གྱིས་ལྷུང༌།                      །
ཁང་བྱིའུ་སྐྱོ་གླུ་ལེན་བཞིན་འཕུར་བ་ཡང༌།                       །
སེམས་ཀྱི་ན་ཟུག་དཀྲུགས་པའི་ཐུར་མ་བཞིན།                   །

བདག་གིས་ནམ་ཡང་མཇལ་ཐབས་མེད་ན་ཡང༌།               །
རླུང་དང་འགྲོགས་པའི་ཁྱེད་ཀྱི་རྣམ་ཤེས་ཉིད།                  །
གལ་ཏེ་དེ་རིང་ང་ཡི་འགྲམས་འཆིས་ན།                          །
མིག་ཆུས་མནོང་བའི་གཏམ་འདི་གསན་པར་ངེས།             །

ལོ་ངོ་སྟོང་གི་སྔོན་གཤེགས་དཔའ་བོ་ཚོའི།                        །
བང་སོ་རྩྭ་ལོས་བསྟིམས་པའི་གྲུ་ཟུར་ནས།                         །
གཡུལ་སའི་ཀི་སྒྲ་སྙན་པོའི་རེ་སྒུག་གིས།                           །
མུན་པའི་མཚན་ལྗོངས་སྐྱེལ་བའི་སྐྱོ་གར་རིང༌།                   །

རང་ཡུལ་དགྲ་ལག་ཤོར་ཤུལ་ལུས་པ་ཡི།                           །
རི་ཀླུང་ནགས་ཚལ་ཕ་མ་སྤུན་ཉེ་སོགས།                            །
ཁྱེད་དང་ང་ཡི་སེམས་ཀྱིས་མི་ཐོངས་ཀྱང༌།                        །
དུར་ས་མི་ཡུལ་བྱེད་པ་ལས་དབང་ཉིད།                           །

ཁྱེད་ཉིད་མི་ཡུལ་འགྲིམས་པའི་གར་བཏེགས་སྟེང༌།              །
ཚོར་འདུའི་རླབས་རིས་འཕྱོ་བའི་སྒྱུ་རྩལ་གྱིས།                    །
བྲིས་པའི་སྙན་ངག་དེ་རིང་མཐོང་བའི་མོད།                      །
དགའ་སྐྱོ་འདྲེས་མའི་མིག་ཆུ་ཁོག་ཏུ་བཞུར།                      །

སྐྲ་ལོ་སྤུ་གྲིས་གཏུབ་པའི་རབ་བྱུང་བ།                              །
དབྱངས་ཅན་མགྲིན་མཚོར་འཁྱིལ་བའི་སྙན་ངག་པ།             །
མི་ཡུལ་མི་ཚེ་བསྐྱལ་བའི་ལྟད་མོ་རྣམས།                           །
ཁྱེད་ཀྱིས་བཞག་པའི་ཐ་མའི་ཁ་ཆེམས་བཞིན།                    །

ཟླ་འོད་སབ་སིབ་འབབ་པའི་གངས་འདབ་ནས།                  །
མཁའ་རླུང་གཙང་མ་འཇིབས་རྔུབ་མི་བྱེད་པར།                 །
ཚ་བའི་མེ་སྟག་མཆེད་པའི་གྲུ་ཁ་ནས།                              །
ཕྱི་གླིང་རྐུབ་གཡོག་རྒྱུག་པའི་འཚང་ཀ་ཆེ།                        །

མགོ་ནག་བོད་ལུས་ལེན་པའི་ན་གཞོན་ཚོ།                        །
ལང་ཚོའི་མེ་ཏོག་སད་ཀྱིས་བཅོམ་རབས་དང༌།                  །
སྟག་ཤར་ཝ་མོའི་རྐུབ་གཡོག་རྒྱུག་པའི་ཚུལ།                     །
ཕམ་ཁའི་ལས་དབང་འཚོལ་བའི་ཟུར་ཐོ་རིང༌།                  །

རང་ཡུལ་མཆོད་ཁང་འགྲིམས་པའི་མཆོད་གནས་དག         །
མི་ཡུལ་ཆབ་ཁང་འཁྲུད་བའི་ཕྱག་ལས་ལ།                       །
འཚང་ཀའི་གྲ་སྟར་འགྲིགས་པའི་ལྟད་མོ་རྣམས།                །
ཁྱེད་ཀྱི་སྙན་ངག་འདི་ཡི་བརྗོད་གཞིར་མཐོང༌།                 །

མགོ་ནག་འཇིག་རྟེན་མི་ཡི་གྲུ་ཁ་ནས།                            །
རྣམ་ཤེས་མགྲོན་པོས་གྱེས་མཇལ་མ་བྱས་བར།                   །
དགའ་སྐྱོ་ཁྲོ་ཆགས་བསྣོལ་པའི་མཐོང་ཐོས་ཀུན།                །
གཅིག་ཏུ་སྤུངས་པའི་ཁ་ཆེམས་འདི་ཉིད་སེམས།                །

སྒུག་པར་མཛོད་དང་རིག་པའི་གྲོགས་པོ་ལགས།                 །
སེམས་ཀྱི་སྐྱོ་སྣང་ལུས་ཀྱི་འདུས་འཕྲོད་འདིས།                   །
བདག་ཀྱང་འདི་ན་རིང་པོར་མི་འཚོ་བས།                        །
ཁྱེད་ཉིད་གཤེགས་པའི་ཤུལ་ལམ་འཚོལ་ན་སྙམ།                །

ཤི་གསོན་བྱེ་མ་ལ་ཁའི་འཕྲང་ལམ་ནས།                          །
རྣམ་ཤེས་བུ་ཡུག་འཚུབ་མའི་འཚང་ཁའི་གསེབ།                །
ཁ་དོག་མེད་པའི་རྣམ་ཤེས་འཁྱམས་པོ་གཉིས།                   །
སླར་ཡང་མཇལ་བའི་དུས་དེ་སྒུག་པར་འཚལ།                   །
སྙན་ངག་པ་བེ་རི་འཇིགས་མེད་ཀྱིས། ལྕགས་སྟག ༢༠༡༠ སྤྱི་ཟླ་ ༣ ཚེས་ ༢༩ ལ། གནས་མཆོག་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་འདབས་ཝཱ་ཎ་མཐོ་སློབ་ནཻ་རུ་མགྲོན་ཁང་གི་ཡང་ཐོག་ཏུ་བྲིས།


  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -