ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.05.2010 00:37:17
གངས་དཀར་སེམས།

སྔོན་གླེང༌། རྩོམ་ཡིག་འདིའི་ནང་དོན་ནི་མ་འོངས་པར་རང་གཞུང་གི་བཀའ་བློན་ཁྲི་པ་ལྟ་བུའི་གཙོ་འགན་བ་ཚོས་ངེས་པར་དུ་བསམ་གཞིགས་དགོས་པའི་གནད་དོན་དག་ཡིན་ལ། དེའང་བོད་དུ་དོན་དམ་གྱི་རང་དབང་དང་དམངས་གཙོ་མ་འབྱུང་བར། བོད་མི་ཡོད་དོག་ཅོག་གིས་ད་ལྟའི་ཆར་ཡུལ་གྱར་དུ་རང་དབང་དང་དམངས་གཙོའི་ལམ་ལུགས་ལོངས་སུ་སྤྱོད་དེ་རང་མི་རིགས་ཀྱི་གཅེས་ནོར་ནང་ཆོས་དང་བོད་ཀྱི་རིག་གཞུང་འཇིག་རྟེན་འདིར་ཡུན་གནས་ཀྱིས།
འགྲོ་བ་མིའི་རིགས་གཙོས་པའི་སེམས་ཅན་ཐམས་ཅད་ལ་ཕན་ཐབས་སུ་ནན་ཏན་གནང་དགོས་པའི་ཕྱོགས་དང༌། རང་མི་རིགས་ཀྱང་འཛམ་གླིང་སྤྱིའི་འགྲོས་དང་བསྟུན་ནས་གང་ས་ཅིའི་ཐད་ནས་ཡར་རྒྱས་གཏོང་ཕྱོགས་ཡིན་སྟབས། རང་ངོས་ཀྱི་ནུས་པ་བཏོན་ནས་མ་འོངས་བོད་ཀྱི་གནད་དོན་ལེགས་བཅོས་ཡོང་བའི་སྐོར་བསམ་གཞིགས་བྱས་པར་བློ་ལྡན་ཚོས་ངེས་ཤེས་དང་ལེགས་བཅོས་ཡོང་བའི་དམིགས་འདུན་ཁོ་ནར་ཆེད་དུ་ཡིན་པར་ཚང་མས་དགོངས་འཇགས་མཛོད།
དང་པོ། ལོ་རྒྱུས་ཐོག་ཆོས་སྲིད་ཟུང་འབྲེལ་ལ་ཕམ་ཉེས་བྱུང་བ་འགའ།

རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་རྒྱ་གར་ནས་ནང་ཆོས་ནང་འདྲེན་དང༌། བོད་སྐད་དང་འཚམ་པའི་ཡི་གེ་གསར་གཏོད་བྱས་པ་མ་ཟད། དེ་ལ་བརྟེན་ནས་བོད་མི་རིགས་ས་ཁོངས་རིགས་རུས་དང་བཅས་པར་གཅིག་གྱུར་བཟོ་ཐུབ་ པའི་དགེ་མཚན་བླ་ན་མཐོ་བར་བྱུང་ཡོད་པ་དེའང་ནང་ཆོས་ལ་བརྟེན་ནས་གཙོ་བོར་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་ཐབས་བྱས་པ་ཞིག་རེད། ནང་ཆོས་ཀྱི་སྙིང་པོ་ལ་དོགས་སློང་མི་དགོས་ཀྱང༌། ལེགས་པའི་ཆ་གང་ཡིན་ཡང་དུས་བསྟུན་གྱི་འཕེལ་རྒྱས་ཀྱི་ཐབས་ལམ་ཉམས་པའི་རྐྱེན་ གྱིས་ཉམས་དམས་སུ་ཕྱོགས་འགྲོ་བ་ནི་སུས་ཀྱང་ངོས་ལེན་དགོས་པའི་དོན་དངོས་ཡིན། དུས་ཚོད་ངེས་ཅན་ནང་རྒྱལ་པོ་སྲོང་བཙན་གྱིས་ནང་ཆོས་དར་སྤེལ་གྱིས་བོད་པའི་ སྤྱི་ཚོགས་སུ་དོན་དམ་གྱི་ནང་ཆོས་ཉམས་ལེན་ཡོད་ན་དེས་ཕན་བདེ་བསྐྲུན་ཐུབ་པ་ བྱུང་ཡང༌། དེ་རྗེས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ནང་ཆོས་དར་རྒྱས་ཤུགས་ཆེར་ སྤེལ་བ་མ་ཟད། དུད་ཚང་བདུན་རེས་རབ་བྱུང་རེ་གསོ་དགོས་པ་དང༌། གལ་ ཏེ་མི་མང་གིས་གྲྭ་པར་མིག་ལོག་ལྟ་བ་དང་ཚིག་རྩུབ་སྨྲ་བ་བྱས་ཚེ། མིག་བཏོན་པ་དང་ལྕེ་བྲེགས་པ་སོགས་ཀྱི་ཁྲིམས་ཡིག་ཀྱང་བཟོས་སྐད། དགེ་འདུན་པར་ཆེ་མཐོང་ཚད་བརྒལ་སྤྲད་པར་དེས་རབ་བྱུང་ཚོས་རང་ཆེ་མཐོངགི་ཁེངས་ དྲེགས་ཀྱི་སྣང་བ་དགུང་ལ་ཕྱོགས་པ་དང༌། དེ་རྗེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐབས་སུ་གོང་གསལ་རྒྱལ་པོ་གཉིས་ལས་ཀྱང་ནང་ ཆོས་ལ་ཆེ་མཐོང་སྔོན་ལས་ལྷག་པར་བཏང་བ་རེད། དེ་མིན་དོན་དམ་ནང་ཆོས་ཀྱི་སྙིང་པོར་ཉམས་ལེན་ཡིན་མིན་མ་ལྟོས་པར། མི་རིགས་དར་རྒྱས་ཀྱི་ཕྱོགས་ནས་ཉམས་སོང་བ་མ་ཟད། རབ་བྱུང་གི་སྡེ་ཚོགས་ཇེ་མང་སོང་བའི་རྐྱེན་གྱིས་རང་རིགས་སྲུང་སྐྱོར་གྱི་སྡེ་ ཚོགས་གཙོས་རིགས་རྒྱུད་སྐྱེ་འཕེལ་བཅས་སོགས་ལའང་ལྡོག་ཕྱོགས་ཀྱི་སྣེ་འདྲེན་ བྱས་སྟབས། དེའང་རྒྱལ་པོ་གླང་དར་མའི་སྐབས་སུ་ནང་ཆོས་འགོག་དགོས་པའི་རྒྱུ་མཚན་གྱི་ཕྱོགས་ གཞན་ཞིག་ཀྱང་རེད་སྙམ། དེ་ལྟར་སྐབས་དང་བསྟུན་ནས་རང་རིགས་ཀྱི་ལོ་རྒྱུས་ཐོག་འཇིག་རྟེན་པའི་སྲིད་ ཕྱོགས་ཀྱི་ལས་དོན་འགྲུབ་ཕྱིར་ཆོས་ལུགས་འཕཻལ་རྒྱས་གཏོང་ཐབས་དང༌། ཆོས་ཕྱོགས་སུ་ཕན་ནུས་ཐོན་ཕྱིར་སྲིད་ཕྱོགས་ཀྱིས་རམ་འདེགས་ཡོང་ཐབས་ཀྱིས་ཆོས་ སྲིད་ཟུང་འབྲེལ་གྱིས་བོད་མི་རིགས་འདི་སྐྱོང་ཐབས་བྱས་པ་རེད། གླང་དར་མ་བཀྲོངས་དོན་ཡང་ནང་ཆོས་ལ་ཐུག་ཅིང༌། དེ་རྗེས་བོད་སིལ་བུར་ཐོར་རིང་ལའང་ནང་ཆོས་ཤུགས་ཆེན་དར་སོང་བ་ལས༌། བོད་གཅིག་གྱུར་གྱིས་ཆབ་འབངས་འཚོ་བའི་སྲིད་སྐྱོང་མ་བྱུང་བ་སོགས་ཀྱི་གནད་དོན་ ཤིན་ཏུ་མང༌། འོན་ཀྱང་དེང་གི་དུས་སུ་བོད་ལ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ལས་གྲགས་པ་ཆེ་ བའི་ཆོས་སྲིད་ཕྱོགས་གཉིས་ཀྱི་དབུ་ཁྲིད་མེད་ནའང་རྒྱལ་བ་དོན་གྱི་བདག་པོ་ཁོང་ གིས་ཆོས་སྲིད་ཟུང་འབྲེལ་གྱི་གནས་སྟངས་དུས་ཚོད་དང་འཚམ་པོ་མེད་པར་དགོངས་ནས་ད་ ལྟའི་ཆར་ཕྱེད་བགྲེས་ཡོལ་གྱི་གནས་སྟངས་སུ་བཞུགས་ཡོད་པ་དང༌། མ་འོངས་བོད་ཀྱི་བདེན་མཐའ་གསལ་བའི་དུས་སུ་ཆབ་སྲིད་ཀྱི་གོ་དབང་ནས་ཕྱི་འཐེན་ གཙང་མ་གནང་གི་ཡིན་ལུགས་ཀྱི་འགྲན་བྲལ་གྱི་མཁྱེན་དཔྱོད་ལྡན་པའི་བཀའ་སློབ་ཀྱང་ ཕེབས་ཡོད་པ་རེད། ད་ལྟའི་ཆར་ཆོས་སྲིད་ཟུང་འབྲེལ་ནི་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་གཅིག་ཡིན་པ་ མ་ཟད། བོད་མི་རིགས་འཕེལ་རྒྱས་འགྲོ་བར་ཕན་མེད་ཀྱི་ལུགས་སྲོལ་རྙིང་པ་ཞིག་ཀྱང་གྱུར་ ཟིན་པ་རེད། ཀུན་བཟང་བླ་མའི་ཞལ་ལུང་ལས། ་་་་་་་་་ད་ལྟ་རང་རིགས་རྣམས་ནས་ཆོས་ལ་དཀའ་སྤྱད་དང་སྙིང་རུས་ཅུང་ཟད་ཀྱང་མི་ དགོས་པར། འཇིག་རྟེན་ཚེ་འདིའི་བྱ་བ་བསྒྲུབ་པའི་ཞོར་ལ་བདེ་སྐྱིད་སྙན་གསུམ་དང་ལྡན་པའི་ ངང་ནས་ཆོས་འགྲུབ་ཏུ་རེ། གཞན་ལ་ཡང་དེ་ལྟར་ཡོད་པར་རློམ་ནས་དེ་བླ་མ་བཟང་པོ་ཞིག་ཆོས་འཇིག་རྟེན་གཉིས་ཀ་ འཛོམས་ཡོད་ཟེར་ཏེ། ཆོས་འཇིག་རྟེན་གཉིས་ཀ་འཛོམ་ཐབས་ག་ལ་ཡོད། ཆོས་འཇིག་རྟེན་གཉིས་ཀ་འཛོམ་པར་རློམ་པ་དེ་ལ། འཇིག་རྟེན་བཟང་པོ་རེ་འཛོམ་ཡོད་ཤས་ཆེ་མ་གཏོགས་ཆོས་ཡང་དག་པ་དེ་མེད་ཐག་ཆོད། ཆོས་དང་འཇིག་རྟེན་གཉིས་ཀ་མཉམ་དུ་བསྒྲུབ་པར་རློམ་པ་དེ། ཁབ་རྩེ་གཉིས་ཀྱིས་བཟོ་དྲུབ་པ་དང༌། མེ་ཆུ་གཉིས་སྣོད་གཅིག་ཏུ་འཇོག་པ་དང༌། རྟ་གཉིས་ཁ་ཡར་མར་དུ་བསྐོར་ནས་མཉམ་དུ་ཞོན་ནས་འགྲོ་བར་རློམ་པ་དང་འདྲ་སྟེ་ འགྲུབ་ཐབས་གཏན་ནས་མེད་་་་་་་་་བཅས་སོགས་གསུང་བ་དང་མཚུངས་ཏེ། འཇིག་རྟེན་པའི་ཆབ་སྲིད་ནི་རང་ཕྱོགས་ཀྱི་བྱ་བ་འགྲུབ་ཐབས་སུ་ངེས་པར་དུ་གཙིགས་ འཛིན་གྱིས་བསྒྲུབ་དགོས་པའི་ཐབས་ལམ་ཞིག་ཡིན་དགོས་ཤིང༌། ཆོས་བྱེད་པ་ནི་འཇིག་རྟེན་པའི་ཟང་ཟིང་དོར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབད་ དགོས་པའམ་གཙོ་ཆེ་བ་ནི་གཞན་ཕན་གྱི་སེམས་བློ་རུ་འཛིན་དགོས་པ་ཡིན་དུས་ཆོས་ སྲིད་ཕྱོགས་གཉིས་ཀ་ཟུང་འབྲེལ་ཟེར་བ་དེ་ནས་ཆོས་སྲིད་གཉིས་ཀ་ལེགས་འགྲུབ་ཡོང་ ཐབས་མེད་པ་རེད། དེ་མིན་ཆོས་ཕྱོགས་ཀྱི་ལེགས་ཆ་ཁོ་ནར་མིན་པར་འཇིག་རྟེན་པས་བྱ་བ་བཟང་པོར་འཇུག་ ཐབས་སུ་ལེགས་པོའི་བསམ་བློའི་ཐབས་ལམ་གིས་ནུས་ལྡན་གྱིས་ཕན་རོགས་སྣ་མང་འབྱུང་ བཞིན་ཡོད་པ་རེད། ད་ནས་བཟུང་ང་ཚོས་ངེས་པར་དུ་ཆོས་སྲིད་གཉིས་གཙང་ཡོང་ཐབས་ཀྱི་བློ་གྲོས་ཆེར་ བསྐྱེད་དགོས་པའི་དུས་ལ་སླེབས་ཡོད་དོ།
གཉིས་པ། ད་ལྟའི་བོད་གཞིས་བྱེས་གཉིས་ཀྱི་དངོས་ཡོད་གནས་སྟངས།
༡། བོད་ནང་མངོན་ཚན་ཅན་གྱི་གནས་སྟངས་འགའ།
ད་ཆ་བོད་ནང་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་མི་རྣམས་ལ་འདོད་ཡོན་གྱིས་བསླུ་ བྲིད་སྣ་ཚོགས་ཕོག་བཞིན་པ་མ་ཟད། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱིས་མི་རྣམས་ཀྱི་འཚོ་བའི་ཐད་ཁེ་སང་ ཡང་ངེས་ཅན་རག་ཐུབ་པའི་དངོས་ཡོད་གནས་སྟངས་ལ་བརྟེན་ནས། རྒྱུ་ནོར་དཔལ་འབྱོར་ལ་ཧུར་ཐག་འབད་ཐག་བརྩོན་ལེན་བྱེད་པ་དུས་མཚུངས་སུ་འགྲོ་བ་ མིའི་རིགས་ལ་གཞན་ཡང་བསམ་པའི་དཔལ་ཡོན་གྱི་སྙིང་དོན་དགོས་ངེས་ཀྱི་ཕྱོགས་ལ་ ཉིན་རེ་བཞིན་སྣང་མེད་འགྲོ་བཞིན་ཕྱོགས་ལྷུང་ཆེན་པོས་མི་རྣམས་ཆོས་ཕྱོགས་ཀྱི་ བཟང་པོའི་དད་འདུན་བོར་བཞིན་པ་རེད། དེའི་རྐྱེན་གྱིས་བོད་ནང་ཞིང་འབྲོག་ཁུལ་གཙོས། གཞན་རང་ཚུགས་ཅན་གྱི་ཆོས་ཕྱོགས་མི་སྣ་དང་སྡེ་ཚོགས་ནས་ཆོས་ཀྱི་སྙིང་པོ་ལག་ བསྟར་དང་ནང་པའི་ཆོ་ག་ཕྱག་ལེན་སོགས་དཀའ་སྤྱད་འབད་བརྩོན་འོག་འགྲོ་བཞིན་པ་ཡིན་ ཡང༌། ད་དུང་ཕྱོགས་མང་ནས་དཔལ་འབྱོར་གྱི་ལོངས་སྤྱོད་ཁོ་ནར་རེ་བ་ལས། བསམ་པའི་དོན་ལྡན་གྱི་བཟང་ཕྱོགས་ཉིན་རེ་ནས་ཉེན་འཚབ་ཆེ་རུ་འགྲོ་བཞིན་པ་ཡིན། འོན་ཀྱང་ང་ཚོས་རྒྱ་ནག་གི་དཔལ་འབྱོར་དར་སྤེལ་གཏོང་བའི་གོ་རིམ་དེ་དོན་དམ་ གྱིས་ངན་པའི་ཕྱོགས་ཀྱི་འགྲན་རྩོད་དང་ངར་ཤུགས་ལ་བརྟེན་ནས་བྱུང་བར་ལེགས་སོའི་ ངོས་ལེན་མེད་ཀྱང༌། དུས་མཚུངས་སུ་དཔལ་འབྱོར་དར་སྤེལ་གཏོང་བ་དེས་མིའི་རིགས་ལ་ཕྱོགས་མང་ནས་ཕན་ བདེ་ངེས་ཅན་བསྐྲུན་ཡོད་པ་དེ་ལའང་ངེས་པར་དུ་ངོས་ལེན་བྱེད་དགོས་ཀྱི་རེད། དེར་བརྟེན། བོད་ནང་གི་གྲོང་ཁྱེར་ཁག་གཙོས་པའི་ས་ཁུལ་མང་དག་ཅིག་ལ་དཔལ་འབྱོར་དར་སྤེལ་གྱི་ ཁེ་སང་རག་བཞིན་པ་ཡིན་ཡང༌། ང་ཚོས་བོད་ནང་མངོན་གསལ་དོད་པོས་མཐོང་ཐུབ་པ་ནི་སྤྱི་ཚོགས་གང་སར་བསམ་བློའི་ ཀུན་སྤྱོད་ཀྱི་ཆ་ནས་ཇེ་ལོད་དུ་འགྲོ་བཞིན་ཆོས་ཀྱི་དད་འདུན་ཕྱོགས་ཀྱི་ཕུན་ ཚོགས་བོར་བཞིན་འདོད་རྔམ་ཁོ་ནས་སྣེ་ཤེན་བྱས་པའི་འཇིག་རྟེན་པའི་སྡེ་ཚོགས་ནི་ དོན་དམ་སྡུག་བསྔལ་གྱི་ཟམ་མི་ཆད་པའི་ཁོར་ཡུག་ཅིག་ཏུ་ལྷུང་ཡོད་པར་ཤེས།
༢། བཙན་བྱོལ་སྤྱི་ཚོགས་ནང་གི་གནས་སྟངས།
འོན་ཀྱང་བོད་ནང་གི་གནས་སྟངས་ལས་ལྡོག་སྟེ་བཙན་བྱོལ་སྤྱི་ཚོགས་སུ་ཆོས་ཕྱོགས་ ཀྱི་མཛད་པ་རྒྱ་ཆེར་དར་བཞིན་པ་མ་ཟད། ྋགོང་ས་རྒྱལ་བ་རིན་པོ་ཆེ་དབུས་པའི་ནང་པའི་ཆོས་རྒྱུད་ཁག་གི་སྐྱེས་རབ་ཚོས་ འབད་བརྩོན་ལྷོད་པ་མེད་པའི་མཛད་བཟང་ལ་གཙོ་བོར་བརྟེན་ནས། ནང་ཆོས་ཀྱི་སྙིང་པོ་དེ་དག་ཀྱང་ནུབ་ཕྱོགས་གླིང་གི་ཡུལ་གྲུ་གང་སར་དར་སྤེལ་ གཏོང་བཞིན་པ་དང༌། དེ་མིན་རབ་བྱུང་གི་སྡེ་ཚོགས་རྣམས་ཀྱང་གདན་སའི་ཁག་ཏུ་ནང་ཆོས་འཆད་རྩོད་རྩོམ་ གསུམ་གྱི་གོ་རིམ་ལེགས་པོ་ཚུགས་ཡོད་པ་རེད། འོན་ཀྱང་དུས་མཚུངས་སུ་སྤྱི་ཚོགས་སུ་ད་དུང་ཡང་ཆོས་མིན་རྨོངས་དད་ཀྱི་ཆ་གང་མང་ ཡོད་བཞིན་པ་ལྟར་འཇིག་རྟེན་པའི་སྡེ་ཚོགས་ནས་དགོས་ངེས་ཀྱི་ལུགས་མཐུན་གྱི་ འགྲན་རྩོད་ཀྱི་ལམ་ནས་དར་སྤེལ་གཏོང་དགོས་པའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ ཚོགས་ཡར་རྒྱས་གཏོང་ཕྱོགས་སྐོར་གཞན་མང་པོའི་ཆ་ནས་མིའི་རྗེས་སུ་ལུས་ཡོད་པར་ ངེས་པར་དུ་ངོས་ལེན་བྱེད་དགོས༌། དེ་བཞིན་སྐྱ་བོའི་སྡེ་ཚོགས་སུའང་ཆོས་མིན་རྨོངས་དད་ཀྱི་བཤད་གླེང་དར་བཞིན་རང་ རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་གཏོང་བར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་པ་དཔེ་ མཚོན་ཆུང་ཆུང་ཞིག་གིས་འགྲེལ་ན། ཚོང་ལས་སམ་ཁེ་ལས་བ་ཞིག་གིས་རང་ངོས་ཀྱི་འབད་འབུངས་ལ་བརྟེན་ནས་རང་སྒེར་གྱི་ ཁྱིམ་གཞིའི་ཕྱིའི་དཔལ་འབྱོར་གྱི་ཆ་རྐྱེན་ཡར་རྒྱས་གཏོང་ནས་ནང་མི་ཡོངས་ལ་ཕན་ ཡོན་ཐོན་ཡོད་པ་དུས་མཚུངས་སུ་སྤྱི་ཚོགས་ཞབས་ཞུ་ལའང་ངེས་ལྡན་གྱི་ཕན་ཐོག་ཆེན་ པོ་ཐོན་བཞིན་པ་ཡིན་ཡང༌། མི་མང་པོས་དཔལ་འབྱོར་གྱིས་མིའི་རིགས་ལ་ཕན་བདེ་སྐྲུན་བཞིན་པར་ལོག་ལྟ་ལྟ་བུས་ དེར་གཟེངས་བསྟོད་ཀྱིས་དེ་ནི་བཟང་པོའི་བྱ་བར་མངོན་གསལ་དོད་པོས་ངོས་ལེན་བྱེད་ ཀྱི་མེད་པ་བཞིན་རེད། འོན་ཀྱང་དོན་དམ་དུ་སྔར་ནས་ད་བར་གང་ཟག་གིས་འབད་བརྩོན་གྱི་ཚད་གཞིར་བརྟེན་ནས་ ཡོངས་རྫོགས་དེའི་རྗེས་སུ་འབྲངས་བཞིན་པ་ཡིན། དེར་བརྟེན། བཙན་བྱོལ་ཡུལ་དུ་ནང་ཆོས་ཀྱི་སྙིང་པོ་སྦྱོང་བརྩོན་བྱ་ཡུལ་འཐུས་ཚང་ཡོད་ཀྱང་ དམངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱིའི་དཔལ་ཡོན་ཐད་ད་དུང་ཡང་མང་པོ་ཞིག་ གཞན་བརྟེན་གྱི་དོ་ར་ནས་ཐར་ཐབས་མ་བྱུང་བ་མ་ཟད། རང་རྐྱ་འཕེལ་ཐབས་ལ་བསམ་བློ་ཙམ་ཡང་མི་བསྐོར་བ་གཞན་གྱི་རོགས་དངུལ་སྤྱོད་པར་ ངོ་གནོང་དགོས་པ་རེད་བསམ་པ་ཙམ་ཡང་མེད་ཅིང༌། སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཀྱི་ཁྲིམས་སྒོ་དོ་དམ་འོག་འཇིག་རྟེན་པར་མཁོ་ངེས་ ཀྱི་འབུངས་བའི་ཧུར་སེམས་ཉམས་བཞིན་རྨོངས་དད་ལྟ་བུའི་སྐྱ་མིན་སེར་མིན་གྱི་ བྱེད་སྒོ་མང་བའི་ཐོག་དོན་དངོས་མི་སེམས་ལ་སྒྱིད་ལུག་གི་རྣམ་པ་གསལ་བ་དེ་ནི་ སྤྱི་མཚུངས་ཀྱི་ཞེན་ཆའམ་ཕྱོགས་ལྷུང་གི་གནས་སྟངས་ཀྱང་རེད།
༣། གཞིས་བྱེས་གཉིས་དབར་དཔྱད་བསྡུར་རགས་ཟིན།
གོང་གསལ་གཞིས་བྱེས་གཉིས་སུ་མངོན་ཚན་ཆེ་བའི་གནས་སྟངས་ཕྱོགས་གཉིས་ལ་ཕྱིའི་ ཁོར་ཡུག་གྱི་ཆ་ནས་དང༌། གཞན་ནང་གི་དཀའ་ངལ་གྱི་གནད་དོན་སོགས་ཡོད་ངེས་ཀྱང༌། བོད་གཞིས་སུ་ཆོས་ཕྱོགས་ཀྱི་དད་འདུན་ལ་རྡོག་རོལ་གཏོང་བའི་གནས་སྟངས་དེའི་ ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པར་བརྟེན་ནས་བྱེས་འབྱོར་བོད་མི་ཚོས་ཐེངས་མང་ གཞིས་ལུས་སྤུན་ཟླའི་ཆོས་མེད་ཀླ་ཀློའི་སྤྱི་ཚོགས་གང་སར་གྱི་གནས་སྟངས་སྐྱུར་ མོ་མཐོང་སྟབས། ཡུལ་གྱར་གནས་སྡོད་རང་ཕྱོགས་ཀྱི་སྤྱི་ཚོགས་འཛུག་སྐྲུན་ཐད་ཀྱི་ཞེན་ཆ་ལ་ལྷོད་ གཡེང་ཤོར་ནས་ཆོས་ཕྱོགས་ཀྱི་འབད་འབུངས་ཤུགས་ཆེར་བརྩོན་པ་དང༌། ཡང་ན་བོད་ནང་དུ་མཚོན་ན་ཆོས་ཕྱོགས་ཀྱི་དད་འདུན་མེད་པའི་རྐྱེན་གྱིས་མི་རྣམས་ ངན་སྤྱོད་ཀྱི་སྤྱི་ཚོགས་སུ་སེམས་ཀྱི་གཏིང་དུ་སྡུག་བསྔལ་མྱོང་བཞིན་པ་བདེན་ ནའང༌། དུས་མཚུངས་སུ་མང་པོའི་སེམས་ནང་ཕྱིའི་དཔལ་འབྱོར་གྱི་ཁེ་ཕན་ལ་གོ་མེད་ཚོར་མེད་ ལྟར་གྱུར་བཞིན་པ་ཡིན་ལ། དེ་ནི་མུན་ནག་ཏུ་གནས་པའི་གང་ཟག་གིས་དུས་དང་རྣམ་པ་ཀུན་དུ་འོད་སྣང་ལ་རེ་འདུན་ བཅངས་བཞིན་པ་དང༌། འོད་ཀྱི་ཁྲོད་ནས་ཁ་གྱེས་མྱོང་མེད་པའི་མི་རྣམས་ཀྱིས་མུན་ནག་གི་གནས་སྟངས་མི་ རྟོགས་པ་ཡིན་ངེས་དང༌། ད་དུང་ཚ་བར་མ་བཟོད་པའི་མིས་བསིལ་ཆབ་ལ་རེ་འདུན་ཆེ་ཞིང༌། གྲང་ངར་གྱིས་བཙིར་བཞིན་པའི་གང་ཟག་གིས་དྲོད་ལ་རེ་བ་ཧ་ཅང་ཆེ་བ་ཇི་བཞིན་དོན་ དངོས་ཕན་ཚུན་དབར་དགོས་ངེས་ཀྱི་དཔྱད་བསྡུར་གྱིས་རྟོགས་ཐུབ་པ་ཡིན། དེར་བརྟེན། གཞིས་བྱེས་ཕྱོགས་གཉིས་ཀྱི་ད་ལྟའི་གནས་སྟངས་དངོས་ལ་བལྟས་ཚེ། གཞིས་སུ་ཆོས་ཕྱོགས་སོགས་བསམ་པའི་བཟང་ཕྱོགས་ཀྱི་དད་འདུན་ཆེས་དབེན་པའི་རྐྱེན་ གྱིས་མི་རྣམས་ཀྱི་ཆོས་མེད་ཀླ་ཀློའི་སྡུག་བསྔལ་མྱོང་བཞིན་པ་དང༌། བྱེས་སུ་དོན་དམ་དུ་ཚད་ལྡན་གྱི་གནས་སྟངས་ཡིན་མིན་གང་ལྟར་ཡང་ཆོས་ཕྱོགས་ལ་དོ་ སྣང་ཆེ་བའི་རྐྱེན་གྱིས་འཇིག་རྟེན་པའི་སྡེ་ཚོགས་འཕེལ་རྒྱས་གཏོང་ཐབས་སུ་རྗེས་ ལུས་ཀྱི་རྣམ་པ་ཧ་ཅང་གསལ་བ་དཔེར་ན། ཡུལ་གྱར་དུ་བགྲང་བྱ་ལྔ་བཅུ་ལྷག་ཕྱིན་ཚར་བ་ཡིན་ཡང༌། ཆེད་ལས་མི་སྣ་ཉུང་བའི་ཐོག་དེ་དག་ནང་ཆོས་མིན་པའི་ཆེད་ལས་ཀྱི་སློབ་གཉེར་ཐོན་ ཐུབ་པ་ཉུང་ཤོས་བྱུང་ཡང༌། ལས་སྒོར་བཞུགས་པའི་ཁོར་ཡུག་མེད་པ་ལྟར་ཡིན་གྱི། དཔེར་ན་ཚན་རིག་ཆེད་ལས་ཐོན་མཁན་ཞིག་ཡིན་ན་སླར་ཡང་དགེ་རྒན་ལྟར་ལས་སྒོར་འཇུག་ པ་ཙམ་ལས་ཚན་རིག་ཚོད་ལྟ་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་དངོས་སུ་ཡོང་ཐབས་མེད་ ཅིང༌། རང་གཞུང་ཁྱབ་ཁོངས་འོག་ཏུ་དེ་འབྲེལ་གྱི་ལས་འཇུག་གི་ཁོར་ཡུག་མེད་རྐྱེན་རང་ རིགས་འདུ་ཚོགས་ཀྱི་ས་ནས་ཁ་གྱེས་དགོས་བྱུང་བ་རེད།
གསུམ་པ། ནང་ཆོས་གཙང་དག་ཡོང་ཐབས་འགའ།
༡། ཆོས་རིག་ལས་ཁུངས་ཁྲིམས་སྒོ་རང་དབང་གི་སྡེ་ཚན་ཞིག་ཏུ་བསྒྱུར་ཐབས།
ཁྲིམས་སྒོ་རང་དབང་ཟེར་བ་འདི་གཙོ་བོར་ཆོས་པའི་སྡེ་ཡིས་ཆོས་ཕྱོགས་དང་འབྲེལ་ བའི་བྱ་བ་ཡོངས་ལ་གྲོས་བསྡུར་དང་ཐགཅོད་ཡོང་རྒྱུ་དང༌། འཇིག་རྟེན་པའི་སྡེ་ཚོགས་ནས་རྒྱུས་མེད་ཇུས་རྟོགས་མི་ཡོང་བའི་ཆེད་དུ་ཡིན་པ་ ལས་རང་གཞུང་སྤྱིའི་སྒྲིག་འཛུགས་འོག་ཏུ་མེད་པའི་དོན་མ་ཡིན། འོན་ཀྱང་ནང་ཆོས་ནི་རང་མི་རིགས་ཀྱི་མངོན་ཚན་ཆེ་བའི་བཟང་པོའི་ཁྱད་ཡོན་ཞིག་ ཡིན་ཕྱིན། ཆོས་ཕྱོགས་ཀྱི་གནད་དོན་ཡོངས་ཆོས་རྒྱུད་ཁག་རང་ངོས་ནས་ཐགཅོད་བྱ་བར་གོ་དགོས། དེའང་ད་ཆ་བོད་མི་རིགས་ལ་ཀུན་འབྱུང་རིལ་བུ་ལྟར་གྱུར་ཟིན་པ་ནི་ནང་པ་སངས་རྒྱས་ པའི་ཆོས་ལུགས་འདིའི་དོན་སྙིང་ཡིན་སྟབས༌། དེར་བགྲང་བྱའི་ཚད་བཀག་ཡོད་པའི་སྒོ་ནས་བསྟུན་མཁས་མི་བྱ་ཁག་མེད་ཀྱང་ཡིན། དེ་མིན་གཞན་ཡང་ནང་ཆོས་གཅེས་ཉར་ཡོང་བར་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོར་ཆེད་ ལས་སྡེ་ཚན་གྱིས་ཐད་ཀར་སྲུང་སྐྱོར་ཡོང་ཐབས་སུ་དཔེར་ན་འཛམ་གླིང་གང་གི་གནའ་ ཤུལ་ལྟ་བུ་ཞིག་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་ཚུད་རྗེས་ ས་གནས་རང་གི་རྒྱལ་ཁབ་དང་སྲིད་གཞུང་གི་དབང་འཛིན་པའམ་གཞན་གང་རུང་ཕྱོགས་ནས་ དེར་གང་བྱུང་བཅོས་བསྒྱུར་དང་གཏོར་བཅོམས་གཏོང་མི་ཆོག་པར་འབྲེལ་ཡོད་ནས་སྟངས་ འཛིན་ངེས་ཅན་ཡོད་པ་ལྟར་ཡིན། ནང་ཆོས་སྲུང་སྐྱོར་ཐད་རྒྱལ་སྤྱིའི་འབྲེལ་ཡོད་སྡེ་ཚན་དང་སྟོབས་ལྡན་རྒྱལ་ཁབ་ ཚོའི་སྲུང་སྐྱོར་གྱི་ཁྱབ་ཁོངས་སུ་དངོས་སུ་བཙུད་ཐུབ་པར་འབྱུང་བའི་ཐོག རང་རིགས་ཆོས་པའི་སྡེ་ཚོགས་ཀྱིས་ཆོས་རིག་སྲུང་སྐྱོར་ཐད་ནུས་ལྡན་གྱིས་རྒྱ་ བསྐྱེད་གཏོང་ཐབས་སུ་འབད་བརྩོན་བྱ་ན་སངས་རྒྱས་པའི་ཆོས་ལུགས་འཇིག་རྟེན་འདིར་ ཡུན་གནས་ཀྱིས་འགྲོ་བའི་བདེ་དོན་ལ་ཕན་ནུས་སྔར་བའི་ཆེ་བར་ཐོན་ཐུབ་པ་ཡིན།
གཞན་ཡང་ཆོས་ཕྱོགས་ཀྱི་སྡེ་ཚོགས་ནས་ཆོས་སྒོའི་འདུ་ཁྲིམས་གཙང་དག་ཕྱག་ལེན་ཡོད་ པའི་རྨང་གཞིའི་འགན་སྲུང་འོག་སོ་སོའི་ཕྱོགས་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་དང་ ནང་ཆོས་དར་སྤེལ་དང་རྒྱ་བསྐྱེད། བསླབ་པ་སློབ་གཉེར་དང་དངོས་སུ་ཉམས་ལེན་བཅས་ལ་འབད་འབུངས་ཧུར་བསྐྱེད་དགོས་ངེས་ ཀྱང་ཛ་དྲག་གི་གནས་སྟངས་ཕུད་རབ་བྱུང་ཚོས་ཆོས་ཕྱོགས་ཀྱི་ཕྱག་ལེན་ལས་འཇིག་ རྟེན་པའི་ཆབ་སྲིད་ཀྱི་བྱ་བར་འཇུག་མི་དགོས༌། ཆོས་ཕྱོགས་ཀྱི་གནད་དོན་གཙང་མ་འགྱུར་ཐབས་དེ་ནི་དུས་མཚུངས་སུ་འཇིག་རྟེན་པའི་ སྡེ་ཚོགས་ནས་སོ་སོའི་བྱ་བར་འབད་ཐབས་སུ་ནུས་ལྡན་གྱིས་བསྐུལ་མ་སྟེར་བ་ཡིན་ སྟབས་དེའི་བྱས་རྗེས་ནི་བསུབ་དུ་མེད་པ་ཞིག་རེད།
༢། དགའ་ལྡན་ཁྲི་པ་ལྟ་བུའི་ནང་པའི་སྐྱེས་ཆེན་དམ་པས་ཆོས་རིག་ལས་ཁུངས་ཀྱི་དབུ་ཁྲིད་གནང་རྒྱུ།
དེ་སྔོན་ང་ཚོས་ཆོས་ཕྱོགས་ཀྱི་གནད་དོན་ཡིན་ན་ངེས་པར་དུ་ྋགོང་ས་རྒྱལ་བ་རིན་ པོ་ཆེའི་བཀའ་ལ་རེ་སྒུག་དང༌། ཡང་ན་དེ་སྔོན་སྐྱ་སེར་གཉིས་ཀྱི་ཆོས་རིགས་འགན་གཙོ་ཚོས་དེ་འབྲེལ་གྱིས་རྟོག་ དཔྱོད་འོག་ཐགཅོད་ཡོང་ཐབས་ལས། གཞན་ཡང་ཆོས་ཀྱི་སྙིང་པོར་རྟོགས་དཔྱོད་ཀྱི་གཏིང་མཐའ་ཟབ་ཅིང་ཚད་མཐོའི་མཁྱེན་ དཔྱོད་མངའ་བའི་གདན་ས་ཁག་གི་དགའ་ལྡན་ཁྲི་པ་དང༌། ས་སྐྱ་དང་སྙིང་མ། བཀའ་རྒྱུད་དང་བོན་ཆོས། དེ་བཞིན་ཇོ་ནང་བཅས་སོགས་ཆོས་རྒྱུད་གཞན་ཚོའི་སྐྱེས་ཆེན་དམ་པ་ཚོས་ཀྱང་དམངས་ གཙོའི་འགྲོ་ལུགས་ལྟར་ཆོས་རྒྱུད་ཁག་མཉམ་རུབ་ཀྱིས་ནུས་པ་བཏོན་ཐབས་ཤིན་ཏུ་ དབེན་པ་ལྟར་ཡིན་གྱི། ཆོས་ཕྱོགས་ཀྱི་གནད་དོན་འབྱུང་སྐབས་ཆོས་པའི་སྡེ་ཚོགས་སུ་བསྐུལ་འོས་ཀྱི་དབུ་ ཁྲིད་གཞན་ཚོས་ཀྱང་རང་ཕྱོགས་ཀྱི་བློ་གྲོས་དང་འཇོན་ནུས་བཏོན་ནས་ཐགཅོད་ཀྱི་ གྲོས་འགོ་བཏོན་ཐབས་ཀྱང་ཡོང་ཐུབ་རྒྱུ་རེད།
དེ་མིན་བྱ་ཐབས་འདིས་ཐད་ཀར་ད་ལྟའི་ཆར་བོད་རྒྱུད་ནང་བསྟན་དུ་ཡང་སྲིད་ངོས་ འཛིན་གྱི་འགྲོ་ལུགས་དེ་ཆབ་སྲིད་སྡེ་ཚོགས་ནས་བཙན་པོ་དབང་ཡོད་ཀྱིས་འདི་ཡིན་ དེ་མིན་གྱི་ལོག་སྤྱོད་སྤེལ་བར་ནུས་ལྡན་གྱིས་ཁ་གཏད་དུ་འགྲེང་ཐུབ་པ་ནི། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཙམ་ལས་ད་ལྟའི་ཆར་རང་རིགས་ཀྱི་ནང་པའི་ཆོས་རྒྱུད་ ཁག་གི་སྐྱེས་ཆེན་དམ་པ་མང་ཆེར་བཙན་བྱོལ་ཡུལ་དུ་བཞུགས་ཡོད་སྟབས༌། མ་འོངས་ཆོས་ཕྱོགས་ཀྱི་གནད་དོན་གཞན་ལའང་རྒྱ་གཞུང་ནས་ལོག་བཤད་སྤེལ་ངེས་ལ་རང་ ཕྱོགས་ནས་བླ་ཆེན་དམ་པ་ཡོངས་གཅིག་གྱུར་གྱིས་ཆོས་ཕྱོགས་ཀྱི་གནས་ཚུལ་གང་ཡང་ རུང་བར་ནུས་ལྡན་གྱིས་འཛམ་གླིང་ཐོག་དུས་བསྟུན་བསྒྲགས་གཏམ་སྤེལ་ཆོག་པའི་དགེ་ མཚན་ཅི་བས་ཆེ་བ་ཡོད་པ་དང༌། གཞན་ཤར་ནུབ་ཡུལ་གྲུ་གང་ཡང་རུང་བར་བོད་རྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་ དར་བའི་ཆེད་དུ་ཡིན་ཚུལ་གྱི་གཞུང་སྒེར་ཚོགས་པ་སྣ་ཚོགས་དུས་བབ་གནས་སྟངས་ལ་ བསྟུན་སྟེ་དབྱར་གཞུང་གི་ཤ་མོང་ལྡོལ་བ་བཞིན་འཕེལ་ངེས་ཚོས་ནས་ཀྱང་ཆོས་མིན་ ཚུལ་ཆོས་ཀྱི་བྱ་བ་གང་སྤེལ་ངེས་ཆ་མེད་པ་ནི་དེང་གི་ཆར་གཞས་མ་དབྱངས་ཅན་ལྷ་མོས་ ཨ་རིར་བོད་ཀྱི་རིག་གཞུང་དར་ཆེད་ཡིན་སྐོར་བརྗོད་དེ་ཆོས་ཚོགས་གསར་འཛུགས་བྱས་ པ་ལྟར་རེད། གནས་སྟངས་དེས་སྤྱི་ཚོགས་གང་སར་ཤུགས་རྐྱེན་ཆེན་པོའང་བཟོ་མི་ཐུབ་པ་མིན་པས་ བསམ་བློ་སྔོན་དུ་བཏང་ན་མཁས་པ་ཡིན་ཟེར་བ་ལྟར་ནང་པའི་སྐྱེས་ཆེན་དམ་པ་ཚོས་ངེས་ པར་དུ་འདུ་ཁྲིམས་གཙང་དག་སྒོ་ནས་ནང་པའི་གནད་དོན་རང་ངོས་ནས་ཐགཅོད་ཡོང་ཐབས་ལ་ ཅི་ནས་ཀྱང་གཅིག་གྱུར་ཡོང་ཐབས་ཕྱོགས་ལ་དགོངས་པ་རྒྱ་ཆེར་བཞེས་དགོས་ཀྱི་རེད།
༣། བཙུན་པའི་སྡེ་དང་ཆོས་རྒྱུད་ཁག་གི་གནད་དོན་ཡོངས་རང་ངོས་ནས་ཐགཅོད་གནང་རྒྱུ།
གོང་གསལ་ལྟར་ཆོས་རྒྱུད་ཁག་གི་སྐྱེས་རབ་ཚོས་ཕྱོགས་གཅིག་ཏུ་འདུས་ནས་མ་འོངས་ ནང་པའི་ཆོས་ཕྱོགས་ཀྱི་གནད་དོན་ནུས་ཤུགས་ཆེན་པོས་ཐགཅོད་ཡོང་ཐུབ་ཐབས་དགོས་པ་ དང༌། འདི་ལྟར་ཆོས་ཕྱོགས་གང་སའི་དབུ་ཁྲིད་གཙོ་འགན་བའི་འདུས་སྡེ་ཞིག་གྱུར་རྗེས། སླར་དེ་དག་གི་ནང་ནས་ཆོས་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཅིག་འབྱུང་ཐུབ་ན་མ་ འོངས་པར་དེ་ལ་བཙུན་པའི་སྡེ་ཚོགས་ཚང་མས་བརྩི་བཀུར་དང་དད་འདུན་གཙོས་པའི་གོང་ བཀུར་གྱི་ལམ་ལུགས་བཟང་པོ་ཆགས་ཐུབ་ལ། དེའང་ྋགོང་ས་རྒྱལ་བ་རིན་པོ་ཆེའི་དེ་སྔོན་གསུངས་མྱོང་བའི་ཆོས་ཕྱོགས་ཀྱི་དབུ་ ཁྲིད་དམ་ཁོང་གི་མ་འོངས་ཆོས་ཕྱོགས་ཀྱི་ཡང་སྲིད་ཅིག་ཏུ་བགྲང་འོས་པའི་ྋགོང་ས་ རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་རིན་བྲལ་གྱི་ཕྱག་རྗེས་བཟང་པོ་དང་གཟེངས་མཐོའི་ མཚན་དང་སྙན་གྲགས་ཀྱང་ས་སྟེང་འདི་ནས་ཇི་སྲིད་བར་དུ་གནས་ཐབས་སུ་ཕན་རླབས་ཆེན་ པོ་ཡོད་པ་རེད།
༤། རྒྱ་ནག་སྐམ་ས་ཆེན་མོར་ནང་ཆོས་སྤེལ་ཐབས།
ཉེ་སྔོན་རང་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་ཙམ་མཐུད་ཅིང༌། རང་རིགས་ཆཽལ་གསུམ་གཅིག་གྱུར་ངང་དོན་དམ་གྱི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ བསམ་འཆར་སྤྲད་ཡོད་པ་རེད། འོན་ཀྱང་བོད་རྒྱ་འབྲེལ་མཐུད་ཐད་རྒྱ་གཞུང་གི་ཆུ་སྣ་གང་འཁྲིད་ཀྱི་གནས་སྟངས་ ངན་པ་འོག་ཡོད་པ་དང༌། རང་ཕྱོགས་ནས་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྲིད་རང་སྐྱོང་ཡོང་བར་གོང་གསལ་བསམ་ འཆར་བཏོན་ཡོད་ཀྱང༌། དེ་ལ་དུས་ཚོད་ཀྱི་ཚད་བཀག་མེད་ཅིང༌། སྒེར་ཕྱོགས་ཀྱི་ཁེ་ཕན་ཁོ་ནར་བསམ་མཁན་རྒྱ་གཞུང་གིས་གང་ཟེར་ལ་ཉན་དགོས་པའམ་རེ་ སྒུག་དགོས་པ་ལྟར་ཡིན་སྟབས། མ་འོངས་པར་རང་ཕྱོགས་ནས་ངེས་པར་དུ་ད་ཡོད་བསམ་འཆར་གྱི་རྨང་གཞིའི་ཐོག་གོམས་གང་ མདུན་སྤོས་ཀྱི་བློ་བསྐྱེད་སྤེལ་དགོས་ལ། ད་ཆར་གཙོ་བོ་བོད་དོན་ཆབ་སྲིད་ཀྱི་ངོ་བོ་མཚོན་བྱེད་འབྲེལ་མཐུད་པའི་དམིགས་ བསལ་སྐུ་ཚབ་ཡོད་མུས་ཐོག་རྒྱ་ཕྱོགས་སུ་རེ་འདུན་བཏོན་ཏེ་ྋགོང་ས་མཆོག་དབུས་ པའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོ་རིས་མོས་ཀྱིས་རྒྱ་ནག་གི་ནང་པའི་གདན་ས་ཁག་ ཏུ་ཆོས་ཕྱོགས་ཀྱི་མཛད་རིམ་སྤེལ་ཐབས་དང༌། དེ་མིན་འདི་ཕྱོགས་ནི་ཆབ་སྲིད་དང་འབྲེལ་མེད་ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནར་ཡིན་ ཆོགས་པ་རེད། ཆབ་སྲིད་གནས་སྟངས་ཀྱིས་རྐྱེན་པས་དུས་ཡུན་ཐུང་ནང་བོད་གང་སར་འདི་ཕྱོགས་ནས་ ཆོས་སྤེལ་ཐབས་ལ་དཀའ་ངལ་ཡོད་ངེས་ཀྱང༌། དེ་བཞིན་ང་ཚོའི་ཕྱོགས་རབ་བྱུང་གི་སྡེ་ཚོགས་ནས་དགེ་བཤེས་ལྷ་རམས་པ་གཙོས་པའི་ ནང་ཆོས་ལ་མཁྱེན་དཔྱོད་ཟབ་པ་ཚོས་དམིགས་བསལ་གྱི་སྡེ་ཚན་ཞིག་གྲུབ་རྗེས་རྒྱ་ནག་ གི་ནང་པའི་ཆོས་སྡེ་ཁག་ཏུ་ཆོས་སྦྱིན་དུ་ཕེབས་ཐབས་གནང་དགོས་པའི་རེ་འདུན་བཏོན་ དགོས་ལ། ཆོས་མེད་ཀླ་ཀླའི་མི་རྣམས་ལ་རང་རིགས་བཙུན་པ་ཚོས་ནང་པ་སངས་རྒྱས་པའི་སྙིང་པོ་ འགྲེལ་ཐུབ་ན་དེ་ནི་སྐོམས་པ་རྒྱུན་རིང་སོང་བའི་ཁུ་བྱུག་གི་ཁའི་ནང་སྲོག་ སྐྱབས་བདུད་རྩིའི་སྙིང་པོའི་ཐིགས་པ་གཅིག་སོང་བ་དང་ཅི་ནས་ཀྱང་མཚུངས་སོ། འདི་ཡང་སྤོབས་པ་ཆེན་པོས་མདུན་སྙེག་གི་གོམས་སྟབས་སྤོ་ཐབས་གཅིག་ཡིན་ལ། འདི་བཞིན་ཆབ་སྲིད་ཀྱི་གནད་དོན་གླེང་མེད་སྒོ་ནས་རྒྱ་ནག་ནང་ཁུལ་དུ་ཆོས་ཕྱོགས་ ཀྱི་མཛད་རིམ་སྣ་ཚོགས་དར་སྤེལ་གཏོང་བར་ད་དུང་རྒྱལ་སྤྱིའི་ནང་པའི་སྡེ་ཚོགས་ ཀྱིས་མཉམ་འབྲེལ་ཐོག་གཅིག་གྱུར་གྱི་ཆོས་ཕྱོགས་ཀྱི་བྱ་འགུལ་ཐད་ལའང་གང་ཐུབ་ ཀྱིས་འཛུལ་བཞུགས་ཐུབ་ཀྱི་རེད། འདིའང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་དམིགས་པའི་ནང་པའི་དོན་སྙིང་ཡིན་ ལ། བོད་དོན་བདེན་མཐའ་གསལ་བའི་རྩ་བའི་འགན་སྲུང་ཡང་ཡིན་སྟབས་བློ་ལྡན་དཔྱོད་ཤེས་ ཚོས་དགོངས་པ་མང་ཙམ་བཞེས་དགོས་པའི་ཕྱོགས་ཀྱང་ཡིན་ནོ་སྙམ།
༥།ཧི་མ་ལའི་རི་རྒྱུད་ཀྱི་ཆོས་མཐུན་རྣམས་ལ་ནང་ཆོས་དང་རིག་གཞུང་སྤེལ་ཐབས་ཀྱི་ལས་འགུལ་རྒྱ་ཁྱབ་གཏོང་དགོས།
ཉེ་སྔོན་ཙམ་ནས་ྋགོང་ས་རྒྱལ་བ་རིན་པོ་ཆེས་བཀའ་སློབ་ཀྱི་སྣེ་འཁྲིད་འོག་རིགས་ མཐུན་ནམ་ཆོས་མཐུན་གྱི་ཧེ་མ་ལའི་རི་རྒྱུད་དུ་གངས་འདབས་ཀྱི་ཡུལ་གྲོང་ཁག་ཏུ་ ནང་ཆོས་དང་རིག་གཞུང་སྤེལ་ཐབས་ཀྱི་འགོ་བཙུགས་ཚར་བ་ཡིན་ཡང༌། ད་དུང་ཧེ་མ་ལ་ཡའི་རི་རྒྱུད་ཁག་ཏུ་ནང་ཆོས་སྤེལ་ཐབས་དང༌། དེ་མིན་ས་ཁམས་རང་བྱུང་གི་ཁོར་ཡུག་ཡར་རྒྱས་དང༌། ཤེས་བྱ་ཡོན་ཏན་གཞན་ཡང་སྦྱོང་བརྩོན་ཆོག་པའི་ཁོར་ཡུག་འཐུས་ཚང་མེད་ཅིང༌། ཡུལ་ལུང་ཁོར་ཡུག་གི་འཕྲོད་བསྟེན་དང་འགྲིམ་འགྲུལ་སོགས་ཀྱང་ཧ་ཅང་སྐྱོ་པོ་ཡིན་ པ་མིག་ཡོད་ཚད་ཀྱིས་མཐོང་བཞིན་པའི་གནས་སྟངས་རེད། འོན་ཀྱང་གཅིག་མཐུན་གྱི་རིགས་རྒྱུད་འདི་དག་ལ་ཕན་རོགས་དང་ལེགས་པོའི་མཐུན་ ཕྱོགས་སྐྲུན་ཐབས་སུ་ཤེས་འཇོན་ཅན་ཚོས་དངོས་སུ་དཔལ་ཡོན་དར་སྤེལ་གྱི་ཕྱོགས་ནས་ རྒྱ་བསྐྱེད་མ་ཐུབ་པའི་སྐྱོན་ཆ་ངེས་ཅན་ཡོད་ངེས། དེར་བརྟེན། རང་གཞུང་འོག་གི་སློབ་གསོའི་ཁྱབ་ཁོངས་སུ་རང་གི་སྐད་ཡིག་དང་རིག་གཞུང་སྦྱོང་ བརྩོན་གྱི་སྤུས་ཚད་ལྡན་པའི་གཞོན་ནུའི་སྡེ་ཚོགས་དང༌། ནང་པའི་ཆོས་རྒྱུད་ཁག་གི་དགེ་བའི་བཤེས་གཉེན་དམ་པ་ཚོས་ངེས་པར་དུ་རབ་དང་རིམ་ པའི་ཐོག་ནས་ཧེ་མ་ལ་ཡའི་རི་རྒྱུད་དུ་ཆོས་མཐུན་གྱི་རང་རིགས་རྣམས་ལ་ནང་ཆོས་ ཀྱི་སློབ་གཉེར་འཐུས་ཚང་དང༌། རིག་གཞུང་དར་སྤེལ་གྱི་ལས་འགུལ་གང་མང་སྤེལ་བའི་བྱ་བ་སྣ་ཚོགས་བརྩམས་དགོས་པ་ རེད། དཔེར་ན། རང་ཕྱོགས་མི་སྣ་མང་དག་ཅིག་ཡུན་རིང་ཁུལ་དེ་དག་ཏུ་རྒྱུན་རིང་འགྲོ་བསྡོད་དཀའ་ ཡང༌། དུས་ཚོད་ངེས་ཅན་ལྟར་བསྒྲིགས་ནས་ཆོས་དང་རིག་གཞུང་དར་སྤེལ་གཏོང་མཁན་དངས་བླངས་ བའི་ཆོད་འགན་བཞག་པའི་ཚོགས་སྡེ་ཞིག་གཟུག་ཐབས་ཀྱིས། ཚོགས་སྡེ་དེས་དམིགས་བསལ་ཧེ་མ་ལ་ཡའི་རི་རྒྱུད་དུ་ཆེད་སྤྱོད་ཀྱིས་རང་རིགས་ ཀྱི་ཆོས་མཐུན་རྣམས་ལ་ཐབས་ཤེས་ཡོད་རྒུ་བཏོན་ནས་ཕྱོགས་མང་ནས་ལེགས་སྐྱེས་ཕུལ་ བའི་ལུགས་སྲོལ་འགོ་བརྩམས་དགོས་པ་རེད།
བཞི་པ། འཇིག་རྟེན་པའི་སྡེ་གཙང་དག་ཡོང་ཐབས་འགའ།
༡། ཁྲིམས་སྒོ་ཁག་ནས་བཟུང་ནང་ཁུལ་དོ་དམ་གྱི་ཁྲིམས་དག་དངོས་སུ་ལག་བསྟར་ཡོང་ཐབས།
སྤྱིར་ན་ད་ལྟའི་ཆར་ང་ཚོ་ཡུལ་གྱར་བོད་མི་རྣམས་གཞན་ཡུལ་དུ་བྱོལ་ནས་བཟུང་རང་ གཞུང་གི་བཅའ་ཁྲིམས་དང་རྩ་ཁྲིམས། ཁྲིམས་བཟོ་ལྷན་ཁང་སོགས་ཀྱི་ཁྲིམས་ལུགས་འཛིན་སྐྱོང་སྡེ་ཚན་ཡོད་མུས་ཀྱང༌། ད་དུང་གནས་ཚང་རྒྱལ་ཁབ་ཀྱི་ཕྱིའི་ཆབ་སྲིད་ཀྱི་ཁོར་ཡུག་གིས་རྐྱེན་པས་བཙན་ བྱོལ་སྤྱི་ཚོགས་ནི་རྒྱ་གར་གཞུང་དམངས་ལ་བསྟུན་མཁས་མང་དག་དགོས་སྟབས། ཁྲིམས་ལུགས་ཀྱི་དོན་ཚན་ལྟར་རེ་རེ་བཞིན་ལག་བསྟར་དང་དོན་འཁྱོལ་ཡོང་ཐབས་མེད་པ་ ནི་དངོས་མཐོང་ལྟར་ཡིན་གྱི། རང་རིགས་ཀྱི་སྤྱི་ཚོགས་སུ་དེ་སྔར་བཞིན་ལྷོད་གཡེང་ངང་བསྡད་ན་ཛ་དྲག་གི་དུས་ སུ་འབྱོར་ཚེ་ཁྲིམས་ལུགས་དོ་དམ་དང་སྤྱི་ཚོགས་སྟངས་འཛིན་ནུས་ལྡན་བྱེད་པ་ནི་ཧ་ ཅང་དཀའ་ལས་ཁག་པོར་གྱུར་ངེས་ཡིན། དེར་བརྟེན། ཁྲིམས་སྒོ་དོ་དམ་ནན་པོ་ཡོང་ཐབས་སུ་ཁྲིམས་ཆད་དངོས་སུ་བཅད་ཐབས་དཀའ་བར་ཡིན་ ཡང༌། སྤྱི་ཚོགས་གང་སར་ཁྲིམས་ཐོག་གི་ཐག་གཅོད་བྱས་པའི་བསྒྲགས་ཡིག་ཤུགས་ཆེར་ཁྱབ་ བསྒྲགས་སྤེལ་དགོས་པ་དང༌། དེ་མིན་སྤྱི་ཚོགས་ཟང་ཟིང་ལ་སྟངས་འཛིན་ཡོང་ཐབས་སུ། སྐབས་བབས་སུ་སྤྱི་ཚོགས་གང་སར་ནས་བསམ་བློའི་ཀུན་སྤྱོད་དང་ལུས་གཟུགས་སྦྱོང་ བརྡར་གྱི་གོ་རིམ་བརྒྱུད་དེ་མི་གྲངས་བརྒྱ་དང་ལྔ་བརྒྱ་བར་གྱི་སྤྱི་ཚོགས་དོ་ དམ་ཚོགས་པ་གཅིག་རང་གཞུངས་བདེ་སྲུང་གི་ཁྱབ་ཁོངས་འོག་ཏུ་ཛ་དྲག་གིས་བཙུགས་ཐུབ་ ན་དེས་རང་རིགས་ལས་མེད་རྣམ་གཡེང་རོལ་མཁན་གྱི་སྡེ་ཚོགས་ཉུང་དུ་འགྲོ་རྒྱུ་དང༌། དུས་མཚུངས་སུ་དེ་དག་ནི་རང་རིགས་ཡུལ་གྱར་སྤྱི་ཚོགས་སུ་གཞོན་དར་ཚོས་དམིགས་ དཔེར་འོས་པའི་ཚོགས་སྡེ་གཅིག་ཀྱང་འགྱུར་ཐུབ་ལ། འབྱུང་འགྱུར་ནང་ཡུལ་མི་དབར་གྱི་རྩོད་རྙོགས་འདྲའང་འབྱུང་ཚེ། སྤྱི་ཚོགས་བདེ་འཇགས་ཀྱི་དཔུང་སྡེ་དེས་རང་རིགས་ཀྱི་ཁོར་ཡུག་སྲུང་སྐྱོར་ཐུབ་ པའི་སྔོན་འགྲོའི་འགན་སྲུང་ཡང་ཡོང་ཐུབ་པ་ཡིན། དེའང་ལུས་རྩལ་འགྲན་རྩོད་སྣ་ཚོགས་དང་སློབ་ཆེན་ཁག་གི་གཞོན་ནུ༌། དེ་མིན་གཞོན་དར་རྣམས་སྤྱི་ཚོགས་གང་སར་ནས་ཡོང་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ ལྟར་དགོས་པ་དང༌། སྤྱི་ཚོགས་གང་སར་ལས་མེད་དང་ལྷོད་བསྡོད་བྱེད་མཁན་གྱི་ཚོགས་མི་ཉུང་དུ་འགྲོ་ རྒྱུར་ཕན་ནུས་ཐོན་ཐུབ་པའི་ཐོག ཡུལ་གྱར་སྤྱི་ཚོགས་གང་སར་ལུས་སྦྱོང་དང་གཟུགས་པོའི་འཕྲོད་བསྟེན་གྱི་དར་སྲོལ་ ཞིག་ཀྱང་འགྱུར་ཐུབ་པའི་དགེ་མཚན་ཆེ། གོང་གསལ་གྱི་སྤྱི་ཚོགས་བདེ་འཇགས་ཚོགས་པ་གསར་འཛུགས་དེ་ནི་ད་ལྟའི་རང་གཞུང་གི་ ཁྲིམས་དོན་ཁག་ལག་བསྟར་ཡོང་བར་རོགས་ཕན་སྡེ་ཚན་ཞིག་ཡིན་ལ། དུས་མཚུངས་སུ་ནུས་སྟོབས་ལྡན་པའི་ཚོགས་སྡེ་དེ་ནི་སྤྱི་ཚོགས་སུ་རང་གཞུང་གི་ ཁྲིམས་ལུགས་ཁག་དུས་བསྟུན་གྱི་ཁྱབ་བསྒྲགས་སྤེལ་མཁན་ནུས་ལྡན་གྱི་ཁྲིམས་སྒོ་ རང་སྲུང་ཡོང་ཐབས་སུ་ཆབ་སྲིད་ལུས་འགུལ་ཚོགས་པ་ཞིག་ཀྱང་ཡིན་ཆོག་པ་དང༌། དེ་མིན་དུས་དང་རྣམ་པ་ཀུན་དུ་རང་རིགས་སྲུང་སྐྱོར་གྱི་དཔུང་ཁག་ཅིག་ངེས་པར་དུ་ གང་མགྱོགས་མྱུར་ནས་གསར་འཛུགས་དགོས་པ་ནི་དུས་བསྟུན་ཛ་དྲག་གི་གནས་སྟངས་འོག་ རང་སྲུང་གི་རྩ་བའི་ཆ་རྐྱེན་ཡིན་ལ། དེ་མིན་ངན་ཕྱོགས་ཀྱི་བྱ་ངན་དག་ལ་འགོག་རྒོལ་གྱི་བདེན་སྲུང་དཔུང་ཁག་ཅིག་ཀྱང་ ཡིན་སྟབས་དེ་རྒྱ་ཁྱབ་གཏོང་གང་ཐུབ་བྱ་དགོས།
༢། རྒྱལ་སྤྱིའི་དམངས་གཙོའི་འཕེལ་འགྲོས་དང་བསྟུན་ནས་སྡེ་ཚན་རེ་རེའི་ཕན་ནུས་ཐོན་ཐབས།
ད་ཆ་རང་རིགས་ཀྱི་ཁྱབ་ཁོངས་འོག་ཏུ་རྒྱལ་སྤྱིའི་འགྲོ་ལུགས་ཀྱིས་སྐྱ་བོའི་སྡེ་ ནང་རང་གི་ལས་དོན་དང་འབྲེལ་ནས་གོ་རིམ་བརྒྱུད་སྐབས༌། ད་དུང་ཡང་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་མང་དག་ཅིག་གིས་ལས་དོན་བྱེད་ཕྱོགས་སུ་ འཚང་ཀ་ཆེ་བའི་རྣམ་པ་ཧ་ཅང་གསལ་པོ་ཡོད་པ་དང༌། ལས་ཞོར་གྱི་བྱ་བའི་ཐད་དུའང་ཧ་ཅང་གུ་དོག་པོ་ལྟར་ལས། ལས་གནས་དང་འབྲེལ་བའི་བྱ་འགུལ་མེད་ཅིང༌།ལས་ཞོར་གྱི་རྩེད་རིགས་སོགས་ཀྱང་ཧ་ཅང་ ཉུང་བ་ལྟར་རེད། དེར་བརྟེན། རང་གཞུང་སྡེ་ཚན་སུ་ཡིན་ཡང་རང་ཕྱོགས་ལས་དོན་དང་འབྲེལ་ཏེ་སྤྱི་ཚོགས་སུ་བྱ་བ་ སྤེལ་ཐབས་དགོས་པ་རེད། དེ་འདྲ་མེད་པའི་རྐྱེན་གྱི་སྐྱ་བོའི་སྡེ་ཚོགས་ཚོས་ཀྱང་སོ་སོའི་སྤྱི་ཚོགས་ཡར་ རྒྱས་གཏོང་ཕྱོགས་སྐོར་ལ་བརྩོན་སེམས་ཉམས་ཤིང༌། ཀླད་མེད་ཀྱི་སྐབས་འཚོལ་བ་འགའ་ཡིས་ཆོས་མིན་སྐྱ་མིན་གྱི་གནས་སྟངས་སུ་འགྲེང་ ནས་སྒྱིད་ལུག་གི་ངན་སྤྱོད་ཅིག་རང་རིགས་སྤྱི་ཚོགས་གང་སར་ནད་ཡམ་ལྟ་བུས་ཁྱབ་ སྤེལ་གཏོང་བཞིན་འདུག དེ་ནི་ཆོས་ཕྱོགས་ནས་བཟང་ཕྱོགས་ཀྱི་བྱ་བར་མགོ་ལ་མེ་ཤོར་ལྟར་གྱི་བརྩོན་སེམས་ མིན་ལ། སྐྱ་བོའི་སྡེའི་ནང་ངེས་པར་དུ་ཡར་རྒྱས་གཏོང་དགོས་པའི་ཕྱོགས་ལའང་གཅིག་མཚུངས་ ཀྱིས་བརྩོན་སེམས་མེད་པར་ཆོས་མིན་རྨོངས་དད་ཀྱི་མི་ཚེ་ཡ་མ་གཡེང་གི་རྫོགས་མཁན་ ཤིན་ཏུ་མང་བའི་གནས་སྟངས་འདི་བྱུང་བ་རེད། ཡང་ཅོལ་ཆུང་འགས་མི་ཚེ་སྒྱིད་ལུག་གིས་བསྐྱེལ་སྟངས་འདི་བཟང་ཕྱོགས་སུ་བགྲང་གང་ ཐུབ་ཀྱིས་ནམ་འཆི་ངེས་མེད་སོགས་ཀྱི་གཏམ་གླེང་འཁྱེར་ཡོང་ནས་ཧུར་བསྐྱེད་ཅན་ ཚོར་འཕྱ་བའང་སྲིད་ཅིང་དེ་ནི་ཇི་འདྲ་ཡ་ང་ཞིང་ཡིད་སྐྱོ་བའི་ན་ཚ་ཅན་གྱི་སྤྱི་ ཚོགས་གཅིག་མ་རེད་དམ།
༣། འཇིག་རྟེན་པའི་སྡེའི་ནང་གི་ཆེད་ལས་པ་དང་ཤེས་ཡོན་པའི་སྡེ་ལ་རྒྱབ་སྐྱོར་བྱ་ཐབས།
བོད་མི་ཡུལ་གྱར་དུ་བྱོལ་ནས་བགྲང་བྱ་ལྔ་ཅུ་ལྷག་སོང་བའི་དུས་འདིར༌། ྋགོང་ས་མཆོག་གིས་རང་རིགས་སུ་རིག་གཅིག་རྐང་འཛིན་བ་གསོ་སྐྱོང་དགོས་སྐོར་གྱི་ བཀའ་ནན་ཆེར་ཕེབས་དགོས་པའི་གནས་སྟངས་འདི་ནི་སྤྱི་ཚོགས་སུ་རིག་གཅིག་རྐང་འཛིན་ བ་ནི་སྟོང་ཆ་ལྟར་ལུས་བསྡད་པ་མ་ཡིན་ཡང༌། དེ་སྔོན་རང་ཕྱོགས་ཀྱི་ཧུར་བརྩོན་ལ་གཙོ་བོར་བརྟེན་ནས་ཉུང་ཙམ་བྱུང་བ་དེ་དག་ལ་ ལས་འཇུག་གི་གོ་སྐབས་མེད་ཅིང༌། ཤེས་ཡོན་པ་དེ་དག་ལ་དགོས་ངེས་ཀྱི་ཆེ་མཐོང་དང་གཟེངས་མཐོའི་བསྟོད་སྨོན་མེད་ པའི་རྐྱེན་གྱིས་ཀྱང་རེད། མ་འོངས་པར་ང་ཚོའི་སྤྱི་ཚོགས་ནས་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་མི་སྣ་ཐོན་ ཐབས་ཡོང་ངེས་ཀྱང༌། དེ་དག་ཆེད་ལས་སྦྱོང་བརྩོན་མཐར་ཕྱིན་རྗེས་ལས་འཇུག་གི་ཁོར་ཡུག་མེད་ན་མཁས་པ་ ཡོད་ཀྱང་དོན་འཁྱོལ་ཡོང་མི་ཐུབ། གནས་སྟངས་དེ་འདྲར་བརྟེན་ནས་ཆེད་ལས་མི་སྣ་ཉུང་ཞིང༌། ཉུང་ཉུང་ཁག་ཅིག་ཡོད་པ་དེ་ཚོའང་འཐུས་ཚང་གི་ལས་སྒོར་འཇུག་ཐབས་མེད་ན། སོ་སོའི་སྦྱང་བརྩོན་བྱས་པའི་ཤེས་བྱ་བེད་སྤྱོད་བྱ་བའི་ཁོར་ཡུག་གཞན་ནས་མི་ འཚོལ་ཀ་མེད་ཡིན། དེ་བཞིན་ཡིག་སྒྱུར་སྡེ་ཚན་གཅིག་པུར་མཚོན་ན། དེ་སྔོན་རང་གཞུང་འབྲེལ་ཡོད་སྡེ་ཚན་ནས་གཞུང་སྒེར་ཚོགས་པ་གང་རུང་ནས་དུས་ཡུན་ རིང་ཡིག་སྒྱུར་མི་སྣ་མཉམ་འཛོམས་ཡོང་ཐབས་ཀྱིས་ཐ་སྙད་གསར་པ་གཏན་འབེབས་སྐབས་ སུ་ལའང་དཀའ་ཁག་མང་དག་བརྒྱུད་ཅིང་མཐའ་འཁྱོལ་ཁག་པའི་གནས་ཚུལ་ལྟར། འདི་འདྲའི་གལ་ཆེན་དང་ནུས་ལྡན་གྱི་ཚན་པ་ཞིག་ཀྱང་ད་ལྟའི་བར་དུ་རྒྱུན་མཐུད་ ཀྱིས་བཙུགས་ཐུབ་པ་བྱུང་མེད། གཞན་སྡེ་ཚོགས་ཁག་ནས་དགོས་ངེས་ཀྱི་ཡིག་སྒྱུར་ཆེད་ལས་མི་སྣ་མཁོ་མུས་སུ་དེ་དག་ ལ་དཔའ་འབྱོར་དང་འཚོ་ཐབས་ཀྱི་རྩ་བའི་རྨང་གཞི་ནི་ངེས་པར་དུ་རམ་འདེགས་གང་ཐུབ་ དགོས་པ་ལས། གནད་ཆེའི་མི་སྣ་དེ་དག་ལའང་མཐུན་རྐྱེན་ཞེན་ཙམ་གྱིས་འགྲིག་ཐབས་བྱེད་ན་རི་ རྒྱལ་ལྷུན་པོ་བརྒལ་ཐུབ་པའི་གཤོག་པ་ཡོད་མཁན་ཚོས་ཨ་སྔོན་གནམ་ལ་མི་ཕྱོགས་ཁག་ མེད་རེད་དོ།
༤། ཤེས་འཇོན་ཅན་གྱི་རྒན་རབས་ཚོགས་སྡེ་ཞིག་རང་གཞུང་སྟངས་འཛིན་འོག་གི་སྡེ་ཚན་ཞིག་ཆགས་ཐབས།
དམངས་གཙོའི་འགྲོ་ལུགས་དངོས་སུ་ལག་བསྟར་བྱ་བར་སྟངས་འཛིན་སྡེ་ཚན་དགོས་ངེས་ དང༌། རང་གཞུང་ལ་དམངས་གཙོ་ཀ་བ་གསུམ་གྱིས་ཁྲིམས་བཟོའི་འགན་འཁྱེར་ཡོད་པ་དང༌། དེ་མིན་མི་ཚེ་ཧྲིལ་པོར་ཡུལ་གྱར་གཞུང་དམངས་གཉིས་ལ་ལུས་ངག་ཡིད་གསུམ་གྱིས་ ལེགས་སྐྱེས་ཕུལ་བའི་བྱས་རྗེས་ཅན་གྱི་སྐྱ་སེར་ཕོ་མོ་རྒན་རབས་ཚོ་ནི་རང་རིགས་ གཞུང་སྒེར་དང་སྤྱི་ཚོགས་ལས་དོན་ཐོག་གི་སྐྱོན་ཆ་མཐོང་ཐུབ་པའི་ཤེས་འཇོན་ཅན་ གྱི་ཚོགས་སྡེ་མ་བསྒྲིག་རང་འགྲིག་ལྟ་བུ་ཞིག་ཡིན་པས། དེའང་རང་གཞུང་འཛིན་སྐྱོང་སྡེ་ཚན་འོག་གི་ཆབ་སྲིད་ཚན་པ་ཞིག་ཆགས་ཐབས་དགོས། དེ་དག་གི་བྱ་འགུལ་ནི་དུས་ཐོག་སྤྱི་ཚོགས་ཀྱི་གནད་དོན་ཁག་ལ་གཡས་ཕྱོགས་གཡོན་ ཐལ་མེད་པའི་སྒོ་ནས་གོང་རིམ་དང་འབྲེལ་ཡོད་ཚོར་གནད་དོན་སྙན་འབུལ་དང་ཡོ་བསྲང་ ཡོང་ཐབས་ཀྱི་ལེགས་བཅོས་ཡོང་བའི་སྲིད་ཇུས་ཀྱི་གྲོས་འགོ་བཏོན་རྒྱུ་དང༌། དེ་བཞིན་རང་སྡེ་ལའང་སྟངས་འཛིན་ཡོང་ཐབས་སུ་དུས་ཚོད་གཏན་འབེབས་ཀྱིས་བསམ་འཆར་ མཁོ་སྤྲོད་བྱ་རྒྱུ་དེ་རེད། འདི་བཞིན་རང་གཞུང་དང་ཚོགས་སྡེ་གང་ས་ཅིའི་ཐད་ཀྱི་ཁྱབ་ཁོངས་ནས་རྒན་རབས་ཀྱི་ འཐུས་ཚབ་རེ་འདེམས་སྒྲུབ་ཀྱིས་ལམ་ནས་ཉུང་མཐའ་ཡང་ལས་གནས་དང་ཁྱབ་ཁོངས་མི་འདྲ་ བའི་ཕྱོགས་བཅུ་གྲངས་ཡས་ཀྱི་འཐུས་ཚབ་ཚང་ཐུབ་པ་འབྱུང་ན་དེ་བས་དགེ་མཚན་ཆེ་བ་ ནི། ལས་རིགས་དང་ཁོར་ཡུག་གམ་གནས་སྟངས་མི་འདྲ་བའི་གང་སར་ཐད་ནས་རང་རིགས་ཀྱི་གནད་ དོན་དང་འབྲེལ་ནས་ལེགས་བཅོས་ཀྱི་ཐབས་ལམ་བཏོན་ཐུབ་པའི་ཆེད་དུ་ཡིན།
གོང་གསལ་བརྗོད་ཟིན་པ་ལྟར་རིམ་གྱིས་ཆོས་སྲིད་གཉིས་གཙང་ཡོང་ཐབས་འབྱུང་ན། རྒྱལ་བ་དོན་གྱི་བདག་པོ་ཁོང་གི་ཆོས་སྲིད་གཉིས་ཀྱི་ཡང་སྲིད་ཐད་ལའང་བློ་ བསྐྱེད་ཆོག་པའི་རྩ་བའི་འགན་སྲུང་ཕྱོགས་གནས་ཡོད་པ་དང༌། དེ་མིན་རང་རིགས་ཀྱི་དངོས་ཡོད་གནས་སྟངས་ལྟར་ཡིན་སོང་ན་འཇིག་རྟེན་པའི་སྡེ་ ཚོགས་ཀྱིས་ཆོས་པའི་སྡེ་ལ་སྲུང་སྐྱོར་དང་རམ་འདེགས་དགོས་པ་ནི་ལུགས་མཐུན་ལྟར་ ཡིན་དགོས་པའི་གནས་སྟངས་ལས་ལྡོག་སྟེ་ཆོས་ཕྱོགས་ཀྱི་བླ་ཆེན་དང་ཕྱིའི་སྟོབས་ འབྱོར་རྒྱལ་ཁབ་མང་པོས་ཡུལ་གྱར་བོད་མི་མང་པོ་གསོས་ནས་བསྡད་པའི་གནས་སྟངས་ངན་ པ་འདིའང་གཙོ་བོ་འཇིག་རྟེན་པའི་སྡེ་ནས་རང་གི་ཁོར་ཡུག་ངོ་མ་ལ་བརྟེན་ནས་དགོས་ ངེས་ཀྱི་འབད་བརྩོན་ཞེན་སོང་བས་རེད་དོ།
མཇུག་བྱང༌།

བྱ་བ་གང་ཞིག་ཡིན་ཡང་དུས་བབ་དང་བསྟུན་ནས་གང་ལ་གང་དགོས་དེ་ལ་དེ་བཏོན་གྱིས་ ཐབས་ལམ་ལེགས་བཅོས་དགོས་པ་ནི་ཡར་རྒྱས་གཏོང་བར་རྩ་བའི་འགན་སྲུང་ཡོད་པ་ཡིན་ལ། ཀླད་རྙིང་མཁྲིག་བཟུང་གིས་རང་མི་རིགས་འདི་མ་འོངས་འཕེལ་རྒྱས་དང་བཅོས་སྒྱུར་ ཐད་ལ་རྣོ་བསམ་བསྐོར་ནས་དེར་དངོས་སུ་གོམས་སྟབས་སྤོ་འདོད་ལ་ཁ་ཕྱོགས་འདོད་མེད་ ན། གཙན་དན་ཤིང་ཡིན་ཡང་སོལ་བར་བསྒྱུར་བའི་ཉེན་ཁ་ཡོད། དེས་ན་བོད་མི་རིགས་འདིའི་སྐྱ་བོའི་སྡེ་སྐྱོང་ཐབས་ནི་ནང་ཆོས་རྒྱུད་སྤེལ་གྱི་ རྩ་བའི་ཁོར་ཡུག་ལ་འགན་སྲུང་ཡིན་སྟབས། གལ་ཏེ་འཇིག་རྟེན་པའི་གནས་སྟངས་སྤྱི་མཚུངས་ལྟར་ཕྱིའི་དཔལ་ཡོན་དང་རང་རིགས་ སྲུང་སྐྱོར་སོགས་ཀྱི་ཕྱོགས་ནས་ཉམས་ཆགས་སོང་ན། ནང་ཆོས་ཀྱི་དོན་ལྟར་ན་འཇིག་རྟེན་སྟོང་བར་བཟང་པོའི་ཕྱོགས་ཡིན་སྲིད་ཀྱང༌། དེ་ནས་བཟུང་ཆོས་མིན་སྲིད་མིན་ལྟར་ཇི་སྲིད་བར་དུ་རང་མི་རིགས་ཀྱི་ནུས་སྟོབས་ ཉམས་ཤིང་གཞན་གང་རུང་གི་བཙན་པོའི་དབང་ཡོད་མྱོང་དགོས་ངེས་ཡིན་ནོ།། །།

གོང་གསལ་གྱི་རྩོམ་ནང་གཤམ་གསལ་དོན་ཚན་ཁག་གསལ་ཐབས་བྱས་ཡོད།
དང་པོ། ཆོས་སྲིད་གཉིས་ལ་ཕྱོགས་ལྷུང་ཙམ་ལས་དོན་དམ་གྱི་གཙང་དག་མེད་པའི་དངོས་ཡོད་གནས་སྟངས།
གཉིས་པ། བོད་གཞིས་བྱེས་གཉིས་སྤྱིའི་གནས་སྟངས་ཀྱི་དོན་དངོས་གསལ་རྟོགས་དགོས་པ།
གསུམ། ཆོས་པའི་སྡེ་ཚོགས་ཁྲིམ་སྒོ་རང་དབང་གི་ཐོག་ནས་གཙང་དག་ཡོང་ཐབས།
བཞི། འཇིག་རྟེན་པའི་སྡེ་གཙང་དག་ཡོང་ཐབས་སུ་སྐྱ་བོའི་ཚོགས་ཀྱིས་འབད་འབུངས་དགོས་པ།
ལྔ་པ། རྒྱ་བོད་འབྲེལ་མཐུད་སྐོར་རྒྱ་ཕྱོགས་ལ་བཏོན་པའི་བསམ་འཆར་གྱི་རྨང་གཞིའི་ཐོག་ རྒྱ་ནག་གི་ཁྱབ་ཁོངས་སུ་ཆོས་ཕྱོགས་ཁོ་ནའི་བྱ་བ་སྤེལ་ཐབས་གྲོས་འགོ་བཏོན་དགོས།
དྲུག་པ། ཆོས་སྲིད་གཉིས་གཙང་འབྱུང་རྗེས་མ་འོངས་གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་ཡང་སྲིད་དང༌། སྲིད་སྐྱོང་གི་རྒྱུད་འཛིན་གཉིས་ཀ་ཡོང་ཐབས།
བདུན། ཟང་ཟིང་ཛ་དྲག་གི་ཡུལ་གྱར་དུས་རིམ་ནང་རང་རིགས་ཡུལ་གྱར་གཞུང་དམངས་སྲུང་སྐྱོར་ ཡོང་ཐབས་སུ་ངེས་པར་དུ་བདེ་སྲུང་དཔུང་ཁག་གྱི་སྡེ་ཚན་གསར་འཛུགས་སམ་རྒྱ་ བསྐྱེད་་གཏོང་དགོས།
བརྒྱད། བོད་རྒྱུད་ནང་བསྟན་སོགས་རང་རིགས་ཀྱི་ཆོས་རྒྱུད་ཁག་ངེས་པར་དུ་དུས་དང་རྣམ་པ་ཀུན་དུ་འདུན་པ་གཙང་དག་གིས་གཅིག་སྒྲིལ་ཡོང་ཐབས།
དགུ། ཆོས་ལ་གནོད་པའི་སྲིད་དོན་ཀླ་ཀློའི་བྱ་ངན་ལ་རང་ཕྱོགས་ནས་དོན་དངོས་ལ་གཞིག་སྟེ་རྒྱལ་སྤྱིའི་ཐོག་ནུས་ལྡན་གྱིས་བསྒྲགས་གཏམ་སྤེལ་ཐབས།
བཅུ། ཆོས་སྲིད་གཉིས་གཙང་གི་རྨང་གཞིའི་ཐོག་རང་རིགས་གཅིག་གྱུར་ཕྱོགས་ནས་བོད་དོན་བདེན་མཐའ་གསལ་ཐབས།
སྒེར་གྱི་བསམ་འཆར་ལ་གོང་གསལ་ལྟར་མ་འོངས་ཆོས་སྲིད་ཕྱོགས་གཉིས་ཀྱི་གཙོ་འགན་བ་ དག་དབང་ཆའི་གོ་རིམ་ནང་འདི་ལྟར་ད་ཡོད་རང་རིགས་བོད་ཕྱི་ནང་གི་གནས་སྟངས་དངོས་ ལ་གཞིགས་ཏེ་མིང་ཆེན་པོ་དང་རྒྱུ་ཆེན་པོ། ཁྱིམ་ཆེན་པོ་དང་འབྱོར་ཆེན་པོ་དག་གི་ཆོ་ལོ་ཡོད་མཁན་གྱི་མི་སྣ་མངོན་གསལ་ཅན་ དང༌། ཡང་ན་གང་ལའང་མི་རྟོགས་པའི་གང་ཟག་ཕལ་པ་བློ་ལྡན་ཅན་ཅི་འདྲ་ཞིག་ཡིན་ཡང་དམིགས་ བསལ་གྱི་དོན་འགའ་ཕུད་དེ་མིན་རང་རིགས་འཕེལ་རྒྱས་དང་གོང་སྤེལ༌། བོད་གཞིས་བྱེས་མི་མང་གི་འདོད་དོན་དངོས་འགྲུབ་པའི་ཐབས་ལམ་འདི་དང་དེ་ཟེར་ནས་ དམངས་ཡོངས་ལ་སྤྱི་བསྒྲགས་སྤེལ་བའི་ལུགས་སྲོལ་བཟང་པོ་ཞིག་ད་ནས་བཟུང་སྤེལ་ དགོས་པ་དང༌། དེར་རང་རིགས་ཡོངས་ནས་ཀྱང་ཡིན་མིན་གྱི་དཔྱད་པ་གཏོང་པའི་གོ་རིམ་འཐུས་ཚང་ཡོང་ ཐབས་གནང་དགོས་པའི་རེ་འདུན་ཆེའོ།།
ཕྱི་ལོ་༢༠༡༠ཟླ་༤ཚེས་༡༥ཉིན་ཚར་བ་བྲིས།


  གངས་དཀར་སེམས།
 

11.05.2010 03:18:51

དྲ་གྲོགས་རྣམ་པར་ཞུ་རྒྱུ།་འདི་ནི་སྒེར་གྱི་བསམ་རྣོ་བསྐོར་བའི་འབྲས་བུ་ཞིག་ཡིན་ལ།་དེའང་ཚང་མས་མ་འོངས་བོད་རིགས་ཡོངས་ཀྱི་གནས་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཕྱོགས་གལ་ཆེན་དག་ཡིན་སྟབས།་འདིར་ཡང་བློ་ལྡན་ཚོས་དེར་འཛེམ་ཟོན་སྤུ་ཙམ་མེད་པའི་ཐོག་ནས་གང་མང་མང་གྲོས་མོལ་ཡོང་བའི་རེ་བ་ཆེ།་དེ་ལྟར་འབྱུང་ཚེ་སྒེར་ངོས་ནས་ཀྱང་དེ་འདྲ་བསམ་བློ་ཡོང་དགོས་པའི་རྒྱུ་མཚན་དང་བསམ་ཕྱོགས་སྐོར་གང་ཐུབ་སྤུན་ཟླ་ཁྱེད་རྣམ་དང་བློ་རིག་བརྗེ་རས་བྱ་བའི་སྨོན་འདུན་ཡོད།་

 
 
14.05.2010 10:09:53

གངས་ལྷ་མོའི་ཁོག་ཏུ་གདོན་འདྲེ་མོ་ཞུགས་ཀྱི་ཡོད་པ་འདྲ། དེ་ལྟབུའི་ཐོག་ཏུ་སྐད་ཆ་བཤད་འདོད་མེད། མ་རྒན་མས་སྐྱག་པ་ཟོ། ་་་་་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལ་རྒྱུ་མཚན་ཡོད་པ་གཅིག་ཀྱང་བཤད་རྒྱུ་མི་འདུག ལོ་རྒྱུས་ནང་གི་གནས་ཚུལ་ཁ་ཤས་འཁྱོགས་བཤད་བྱས་ཤག ཁྱེད་རང་གིས་བུད་མེད་ཀྱི་ཐོབ་ཐང་གི་སྐོར་བཤད་ན། རྒྱུ་མཚན་ཡོད་པ་མང་པོ་གསུངས་རྒྱུ་འདུག མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ཡིན་མིན་ཚང་མར་ཇུས་གཏོགས་བྱེད་རྒྱུར་བཞག་ན་ཡག་གི་རེད་་་ཀྱེ་་་་་་་་ཁྱད་མཚར་ཞིག་འདུག སྤྱིར་བཏང་མ་རྒན་ཞིག་གིས་ཆོས་སྲིད་ཟུང་འབྲེལ་བཤད་ན་ལན་པོ་ཞིག་ཀྱང་མི་འདུག ག་རེ་ཆོས་སྲིད་ཟུང་འབྲེལ་་་་་་་་་་མྱོབ་མྱོབ་་མྱོབ་་་་་་་་་་་་་་་་་་་་་་་་ཅི་རྫོ་བསྡད་རེད་་་་་

 
 
15.05.2010 00:40:24

ཡང་ཨ་ཕོ་བློ་དགའ་ཕེབས་ནས་སྐྱག་པ་སྟེར་བར་དགའ་ཡོད།་ཧཧཧཧ།་ཆོས་སྲིད་ཟུང་འབྲེལ་གླེང་བ་ཙམ་གྱིས་ཉོབ་ཡོད་ས་རེད།་དེའདྲ་ཡིན་ན་དགོངས་དག་ལོ།་ཧཧཧཧ།་ཁྱེད་རང་ཆོས་སྲིད་ཟུང་འབྲེལ་ཡང་པོ་གཟིགས་མཁན་ཡིན་ས་རེད།་དེ་འདྲ་རེད་དམ།་ཨ་།་ཁོ་རེ།་དེ་འདྲ་ཡིན་ན་རྒྱུ་མཚན་མ་གསུང་བར་སྐྱག་པ་སྟེར་ན་གྱབ་ཆུང་རེད།་སྐྱག་པ་སྟེར་ཡང་བྲོ་བ་ཡོད་པ་འདྲ་སྟེར་རོགས་མ་གཏོགས་ང་ཡང་ཉོབ།་ཉོབ།་ཉོབ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ས་རེད།་ཧཧཧཧ།་

 
 
15.05.2010 01:46:42

སྐུ་ཞབས་བློ་དགའ་ལགས ཁྱེད་ཀྱིས་གསུང་སྟངས་དེ་ཤེས་ཡོན་པ་གཅིག་དང་།བསམ་བློ་བ་གཅིག་དང་ཨེ་འདྲ། ངོ་མ་རྒན་མོས་བཤད་སྟངས་རང་རེད། མ་གཞི་ཨ་ཅག་གངས་ལྷས་གང་བཤད་དེ་ཁས་ལེན་མི་ཐུབ་ནཡང་། དེ་ལས་དཔག་པའི་རྒྱུ་མཚན་འདུག

 
 
12.05.2010 00:14:56

ཁྱེད་ཀྱིས་དཔྱད་བརྗོད་རྩོམ་ཡིག་རིང་མོ་ཞིག་བྲིས་འདུག། ཐུགས་རྗེ་ཆེ། ཁྱེད་ཀྱིས་བསྐུལ་མ་གནང་དོན་ལྟར་དྲྭ་གྲོགས་པ་རང་ངོས་ནས་ཀྱང་། ཕྲན་དཔྱད་ཅིག་འབྲི་འཆར་གྱིས་གནས་མུས་མཆིས།

 
 
12.05.2010 04:02:58

ཨ་ཅག་གང་ལྷ།
ངས་བལྟས་ན་བོད་ལ་འདི་ལྟ་བུའི་ཆག་སྒོ་བྱུང་པ་དེ་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་ཇུས་རང་གི་སྟེང་ན་མིན་པར་སྲིད་འཆང་མཁན་གྱི་མི་ལ་སློབ་སྦྱོང་མཐོང་རྒྱ་མེད་པའི་ལན་པ་རེད་སྙམ།དཔེར་དམངས་གཙོ་རྒྱལ་ཁབ་ཉམས་པ་ཡོད་པས་དེ་སྲིད་ཇུས་ལ་ཁ་དཀྲིས་ས་མེད་པ་ལྟ་བུ་རེད་སྙམ་། ངས་ཁྱེད་ཀྱི་རྩོམ་ཡིག་དེ་ཞིབ་ཀློག་བྱས་རྗེས་བསམ་ཚུལ་ཞིག་ངེས་པར་དུ་སྤེལ་རྒྱུ་ཡིན།ད་ལྟར་ཆོས་ར་ལ་འགྲིམས་ནས་དུས་ཚོད་མི་འདུག

 
 
12.05.2010 10:49:06

དཔྱད་བརྗོད་རིང་མོ་འདི་འདྲ་རེ་བྱིས་ཡོང་དུས་་་་བཀློག་མཁན་རྣམས་ཀྱི་ཧིན་སྒོར་་་༣༠་་་རེ་་་དྲྭ་ཁང་བདག་པོའི་་ཐེ་ཚོམ་མེད་པར་བླངས་སོང་་་
ཨ་ཧཧ་་ཧ་ཧ་་་་

 
 
12.05.2010 12:22:35

༈ གངས་ལྷ་མོའི་༼ཆོས་སྲིད་གཉིས་གཙང་མ་འབྱུང་བར་བོད་ལ་རེ་བ་ཡོད་རེ་སྐན༽ ཞེས་པའི་རྩོམ་ཡིག་སྟོད་ཕྱོགས་ལ་ཕྲན་དཔྱད་སྤེལ་བ།
ཚན་བ་དང་པོའི་ནང། སྲོང་བཙན་སྐབས་༼ནང་ཆོས་དར་སྤེལ་གྱིས༽ཞེས་པ་ནི། བདེན་དོན་གྱི་ལོ་རྒྱུས་དང་འགལ་བ་ལོས་ཡིན། ཡིག་ཚང་ནང་སྲོང་བཙན་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། ཁྲི་སྲོང་སྐབས་སྲོལ་གཏོད་ཟེར་འདིས་ཀྱང་ངེས་ནུས། དེ་བཞིན་སྲོང་བཙན་སྐབས་ལྐོག་ཆོས་ཙམ་ལས། དར་སྤེལ་བྱས་ལོ་རྒྱུས་ཤིག་མེད།
༼རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ནང་ཆོས་དར་རྒྱས་ཤུགས་ཆེར་སྤེལ་བ་མ་ཟད། དུད་ཚང་བདུན་རེས་རབ་བྱུང་རེ་གསོ་དགོས་པ་དང༌། གལ་ཏེ་མི་མང་གིས་གྲྭ་པར་མིག་ལོག་ལྟ་བ་དང་ཚིག་རྩུབ་སྨྲ་བ་བྱས་ཚེ། མིག་བཏོན་པ་དང་ལྕེ་བྲེགས་པ་སོགས་ཀྱི་ཁྲིམས་ཡིག་ཀྱང་བཟོས༽འདི་ནི་ཁྲི་ རལ་གྱི་སྐབས་སུ་བཞག་པ་ཞིག་ལས་ཁྲི་སྲོང་སྐབས་བཞག་པ་མིན་སྙམ།
༼ རབ་བྱུང་གི་སྡེ་ཚོགས་ཇེ་མང་སོང་བའི་རྐྱེན་གྱིས་རང་རིགས་སྲུང་སྐྱོར་གྱི་སྡེ་ ཚོགས་གཙོས་རིགས་རྒྱུད་སྐྱེ་འཕེལ་བཅས་སོགས་ལའང་ལྡོག་ཕྱོགས་ཀྱི་སྣེ་འདྲེན་བྱས་སྟབས། ༽འདི་ལ་བདེན་ཆའི་ལྗིད་ཁོག་ཆེ་བ་ངོས་ལེན་ཀྱང་། སྐྲ་རིང་མ་ཚོས་ཀྱང་དེ་ཙམ་འགན་ཁྱེར་ཀྱིན་མེད་པ་ནི་དེང་སང་ས་རིས་ཐང་གསལ་རེད་སྙམ། དཔེར་ན་གངས་ལྷ་ཁྱེད་རང་ལ་ཚུར་ཁ་སྐོར་དང་། ཕྲུ་གུ་ག་ཚོད་སྐྱེ་འཆར་ཡོད། ངོ་མ་བཤད་ན། དེང་སང་བོད་པས་མི་རིགས་ཀྱི་ཁ་གསབ་ལ་རྣོ་བསམ་མི་ཕྱོགས་པ་རང་ཉིད་ཀྱི་དགོས་མཁོ་ཁོ་ནའི། ལྟ་ཚུལ་བཟུང་སྟེ་ཕྲུག་གུ་བསྐྱེད་སྲིང་གནང་གིན་ཡོད།
ཡིན་ནའང་བོད་གཞུང་ཕྱོགས་ནས་ཀྱང་འདིའི་ཐད་འགན་ལེན་དགོས་པ་ཧ་ཅང་གལ་ཆེན་ཡིན། དཔེར་སྔོན་ཐོན་ཅན་གྱི་རྒྱལ་ཁབ་དག་ལ་བསམ་ན། བྱིས་པ་ཟླ་ངོ་གཉིས་ཡན་མན་ནས་བུ་གསོ་ཁང་ལ་འཇོག་སའི་ཆ་རྐྱེན་བསྐྲུན་ཡོད། དེས་ན་ཕ་མ་སོ་སོར་ཡིན་ཀྱང་ལས་དོན་ལ་བྱིས་པས་གེགས་རྐྱེན་མེད་པ་དང། འཚོ་བའི་ཐད་ནས་བརྡབ་བསིག་མེད་པ་ཡིན། དེས་ན་བྱིས་པ་སྐྱེས་འཕེལ་ལ་རང་བཞིན་གྱིས་གསོན་ལག་རྒྱས་བཞིན་ཡོད། བོད་གཞུང་ལ་བསམ་ན། འདིར་སྐྱེས་པའི་བྱིས་པ་རྣམས་སློབ་ཡོན་གྱི་འོག་ནས་ཕ་མས་གསོ་སྐྱོང་གནང་དགོས་པ་དང། བྱིས་པ་རྣམས་ཕ་མ་རང་རང་གིས་ཐབས་འཚོལ་གྱིས་གཉོམ་སྐྱོང་གནང་དགོས་པ་ཡིན། དེས་ན་ཁེར་རྐྱང་གི་མི་ཞིག་རྒྱུས་མེད་པའི་ས་མཐར་འཚོ་བར་ངལ་དུབ་ཡོད་པའི་ཁར། བྱིས་པ་གསོ་སྐྱོང་གིས་མི་རིགས་ཡར་རྒྱས་ལ་རམ་འདེགས་ནི། སྒེར་ངོས་ནས་ཡོང་ཁག་པའི་གནད་དོན་ཞིག་ལ་ལུས་ཡོད། སྔོན་འགྲམ་སྟོན་པ་ཕེབས་དུས་བོད་མི་ས་ཡ་བཅུ་ཡོད་རབས་འདུག
དེ་ལས་ད་ལྟའི་བར་དུ་མི་རིགས་ག་ཚོད་ཉམས་གོད་ཕྱིན་འདུག དེ་དག་ཀྱང་སེར་མོ་བའི་ ཤུགས་རྐྱེན་ཁོ་ན་ལ་བཀལ་དུས་རྒྱུ་འབྲས་ཀྱིས་རུང་མི་ཡོང་སྙམ། ཧཧ
༼རྒྱལ་པོ་གླང་དར་མའི་སྐབས་སུ་ནང་ ཆོས་འགོག་དགོས་པའི་རྒྱུ་མཚན་གྱི་ཕྱོགས་ གཞན་ཞིག་ཀྱང་རེད་སྙམ༽འདི་ནི་ནོར་བ་རྒྱུན་འབྱམས་ཀྱི་དཔེར་བཞིན། ཟོལ་གཏམ་རྒྱུན་འབྱམས་ཤིག་ལས་ཁུངས་འཕེལ་གྱི་ར་སྤྲོད་ཅི་ཡང་མེད་དྲན། གླང་དར་ཁོག་ལ་གདོན་ཞུགས་ནས། རྒྱལ་ཁྲིམས་བཤིག། ཆོས་ཁྲིམས་བསྣུབས་ཏེ་ཡོང་བ་འདིར་ད་རུང་ཡང་དག་པའི་དགོས་པ་རྒྱུ་མཚན་གཞན་ཞིག་ ཡོད་ཁུལ་གྱིས་ལྷན་པ་ནི། ལྷ་ལུང་དཔལ་རྡོར་ལ་མ་རངས་པའི་བསམ་སྦྱོར་ཞིག་ལས་ཁུངས་འཕེལ་བའི་ར་སྤྲོད་རྒྱག་ བྱེད་གཏན་མེད་རེད།
གླང་དར་ལ་དེ་འདྲའི་རྒྱལ་སྲིད་བསྐྱར་བཅོས་ཀྱི་སྙིང་སྟོབས་དང་། ལ་རྒྱ་ཞིག་ཡོད་ན། འབངས་མིའི་ཡ་ཁོག་གི་སྙིང་ལྟ་བུ་བླ་མ་སེར་མོ་བའི་ཕྱོགས་ལ་ཚད་བརྒལ་གྱི་ལོག་ སྤྱོད་སྤེལ་མི་དགོས་ལ། གངས་ཅན་པའི་གཅེས་ནོར་ནང་ཆོས་ཐོག་དེ་འདྲའི་སྨྲ་འབེབ་གཅིག་ལམ་སེང་གནང་མི་འོས་ཤིང་། ཐབས་བྱུས་ཤིག་གམ། རྒྱུན་བསྲིང་གོ་རིམ་ལྡན་པའི་བྱ་འགུལ་ཞིག་གིས་གནང་མཐུས། མ་ཟད་ཆོས་ཕྱོགས་ལ་སྡང་ཞིང་། སེར་མོ་བས་སྲིད་ཕྱོགས་ལ་གནོད་འགལ་གཟིགས་ཚེ། གོས་དཀར་ལྕང་ལོའི་སྡེ་སྟེ། གནུབས་ཆེན་སངས་རྒྱས་ལའང་དམིགས་བསལ་གཏོང་བའི་དགོས་དམིགས་མ་མཆིས།
༼རྒྱལ་བ་དོན་གྱི་བདག་པོ་ཁོང་གིས་ཆོས་སྲིད་ཟུང་འབྲེལ་གྱི་གནས་སྟངས་དུས་ཚོད་དང་འཚམ་པོ་མེད་པར་དགོངས་ནས་ད་ ལྟའི་ཆར་ཕྱེད་བགྲེས་ཡོལ་གྱི་གནས་སྟངས་སུ་བཞུགས་ཡོད༽སྐད་ཆ་འདི་རྫབ་ ཆེན་ཞིག་ལས་གནས་ལུགས་ལ་ཉེ་ཡོད་དམ། གཞན་ཡང་ཐད་བརྗོད་ཀྱི་ཁུངས་ལུང་ཡོད་ན་སྨྲ་རིགས་སོ། ངས་ད་རེས་ཆོས་སྲིད་ཟུང་འབྲེལ་དགོས་པ་འདོད་ནས་བཤད་པ་མིན་ལ། མི་དགོས་པ་འདོད་ནས་ཀྱང་བཤད་པ་མིན་མོད། ༧གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་གནང་བ་གསུངས་པ་ནི། ཁོང་བོད་པའི་མིག་ངོར་ནས་ནམ་ཞིག་ན་བརླགས་རྗེས་ད་རུང་བོད་པ་འདི་སྲ་ཐག་ཐག་ཞིག་ ཡོང་དགོས་ན། ད་ལྟ་ཁོང་ཡོད་སྐབས་ནས་དེའི་མྱོང་བ་ཞིག་སྤྲད་བཞག་ན། ལྷན་འཇག་གི་རྣམ་པས་མཚམས་ཞིག་ན། ཁོང་མེད་ཀྱང་རང་ཚུགས་ཐུབ་པ་ཞིག་ཡོང་འཆར་ལ་དམིགས་པ་རེད་སྙམ། ད་རུང་བཙན་བྱོལ་གཞུང་འདི་མང་གཙོའི་ལམ་ཁ་ལ་བསྐྱོད་ཀྱིན་པ་སྟོན་བྱེད་རེད་ལ། དོན་དུ་མང་གཙོའི་ལམ་རིམ་གཅིག་ལ་ཕེབས་བཞིན་པའི་རྗེས་ཤུལ་རེད་འདོད།
འདིའི་སྐབས་གླེང་མོས་པ་དང་བཀའ་ཁྲི་དང་འབྲེལ་བའི་རང་གི་རྟོག་འཆར་རེ་ཡོད་ ཀྱང་གོ་སྐབས་གཞན་ཞིག་ནས་བཤད་པ་ལས་འདིར་མི་སྤྲོའོ།
ནང་གསེས་དང་པོ་དང་གཉིས་པ་གསུམ་པ་དེ་ཚོའི་ནང་༼ བོད་ནང་གི་གནས་སྟངས་ལས་ལྡོག་སྟེ་བཙན་བྱོལ་སྤྱི་ཚོགས་སུ་ ཆོས་ཕྱོགས་ ཀྱི་མཛད་པ་རྒྱ་ཆེར་དར་བཞིན་པ༽ཞེས་བོད་ནང་དད་འདུན་ཉམས་ཏེ་ བཙན་བྱོལ་ནང་འཕེལ་བཞིན་པ་ཞིག་གླེང་གིན་འདུག་ཀྱང་། དེ་ཙམ་འུར་རྒྱག་ཆེ་སོང་བ་ལས་གནས་ལུགས་ལ་ཕྱོགས་པའི་བློ་གྲོས་རྒས་ཟིན་པ་ངེས། འདི་ནི་ཕྱོགས་གཉིས་ཀྱི་ཁྱད་མེད་ཀྱི་ཉེས་སྐྱོན་འཕེལ་བཞིན་པ་ཞིག་ལས། སྐྱེས་དམན་དང་ནག་མོ་ལ་ཁྱད་པར་ཅང་ཡོད་དམ་སྙམ།
ལེ་ཚན་གཉིས་པའི་ནང་
༼ ཆོས་རིག་ལས་ཁུངས་ཁྲིམས་སྒོ་རང་ དབང་གི་སྡེ་ཚན་ཞིག་ཏུ་བསྒྱུར་ཐབས།༽ཞེས་པའི་ཚན་པའི་ནང་ཆོས་ཕྱོགས་ཀྱི་ བྱ་བ་དག་ཆོས་དོན་གྱིས་ཟུར་དུ་གཉེར་བ་ལས། ཆོས་པས་སྲིད་ཕྱོགས་སུ་རྒྱུས་མེད་ཇུས་གཏོགས་བྱ་མི་རུང་བ་འདི་ནི། ཆེས་ཉེས་འགལ་ཅན་ཞིག་རེད་སྙམ། (ཆོས་ལུགས་སྤྱི་མཐུས་ཀྱང་མི་དགོས་པ་སོགས་ཆོས་དོན་ལྷན་ཁང་ཁོ་ན་འབྲེལ་བ་ངོས་བཟུང་ཡོད) གལ་སྲིད་དེ་ལྟར་བྱུང་ན། ༧གོང་ས་མཆོག་གམ། དེ་མཚུངས་གྱི་དབུ་ཁྲིད་ཅིག་བོད་ལ་མ་ཕེབས་ཕྱིན། སྐྱ་སེར་བར་འབྲེལ་ལམ་མེད་པ་གནས་ཐབས་མེད་གཤིས། འདོད་ཕྱོགས་མཐུན་མིན་དང་། རྙོག་གླེང་། ད་རུང་དགའ་མིན་གྱི་རིས་ཕྱོགས་འདྲ་བྱུང་ན། བོད་པའི་གྲྭ་བཙུན་འདི་ཙམ་པོ་ཁ་བཙུབ་ནས་ཇི་ལྟར་ཁྱོད་ཀྱི་བཞག་ཐུབ་བམ།
འདི་ནི་བོད་ནང་གྲྭ་བཙུན་གྱི་གྲངས་འབོར་ཧ་ཅང་མང་བས་ཡིན་པ་ལས། རྒྱལ་ཁབ་གཞན་གྱི་དཔེས་མཚོན་བྱེད་བགྲང་མི་རུང་ལ། སྔོན་མའི་བསོད་སྙོམས་ཀྱིས་འཚོ་བའི་དུས་སྐབས་དང་གཏན་ནས་སྦྱར་མི་རུང་སྙམ།
གཞན་ཡང་གྲྭ་བཙུན་མིན་པའི་བོད་མི་དག་ལ་བོད་སྤྱི་ཡོངས་མགུ་བའི་འཇོན་ཐང་ཞིག་མེད་པས།
གྲྭ་བཙུན་མང་ཚོགས་ཀྱིས་དེ་ལ་མིག་བཙུམ་ནས་བཞུགས་མི་སྲིད། དེ་ནི་ཕྱིར་མིག་གི་ལམ་ནས་མཐོང་ཐུབ་པའི་བོད་མི་རིགས་ཀྱི་དགའ་ཕྱོགས་སམ། བག་ཆགས་ཤིག་ཡིན་ལ། ད་རུང་བོད་མི་དག་བག་ཆགས་དེ་ལས་བརྒལ་མེད་པ་ཐག་ཉེ་ན་གནས་ཡོད་སྙམ།
ཚན་པ་གཉིས་པའི་ནང་༼དགའ་ལྡན་ཁྲི་པ་ ལྟ་བུའི་ནང་པའི་སྐྱེས་ཆེན་དམ་པས་ཆོས་རིག་ལས་ཁུངས་ཀྱི་དབུ་ ཁྲིད་གནང་རྒྱུ༽ ཆོས་ལུགས་གང་གི་དབུ་ཁྲིད་ཞིག་བྱུང་ཡང་རྙོག་གླེང་ལྷག་པ་ཆེ། སྡུག་ས་ཞིག་ནས་དཔེར་ཞིག་བཤད་ན། དོལ་ཚོགས་ཀྱིས་ཆོས་དད་རང་དབང་རྩོད་ཀྱིན་ཡོད་པས། ནམ་ཞིག་ན་དེ་དག་གི་འོག་ཏུ་སྡོད་དགོས་པའི་སྒྲིག་གཞི་རང་བཞིན་ཅན་ཞིག་ལོས་ཡོང་། མ་ཟད་དབུ་ཁྲིད་ཁོང་གིས་དུས་རབས་དང་མཐུན་པ་འཛམ་གླིང་གི་འཁོར་ཕྱོགས་དང་མཐུན་ པ་ཞིག་གནང་དགོས་སྟབས། ཁྱོད་ལྟར་ན་སྔོན་མ་ནས་སྲིད་ལ་ཇུས་གཏོགས་བྱས་མེད་སྟབས་ཧོབ་ཏེ་ཇི་ལྟར་བསྐྱངས་དགོས་སམ།
ད་རུང་ཁ་གསལ་རུ་གཏོང་ན། ཆོས་ལུགས་པའི་སྐྱེས་ཆེན་དག་ནི། ཕལ་ཆེར་བ་སྐུ་ཕྲེང་བརྩིས་ནས་ཡོང་བ་ལས། ཤེས་འཇོན་དང་ཐབས་བྱུས་ལ་ཚད་གཞི་བཟུང་སྲོལ་མེད།
བོད་བརྒྱུད་ནང་པའི་ཆོས་ལུགས་ནི། གྲངས་ཉུང་གི་བཙུན་པའི་སྡེ་ཙམ་མིན་པ། རྒྱལ་ཁབ་གཅིག་གི་མི་འབོར་ལ་བསམ་ན་ཧ་ཅང་ཚད་འཐོན་པོ་ཟིན་ཡོད། དེས་ན་དེ་འདྲའི་ཆོས་ལུགས་དང་ཆོས་བྱེད་པ་རྣམས་འཛམ་གླིང་གི་འཁོར་ཕྱོགས་དང་། དེང་རབས་ཀྱི་གླིང་ཁར་བག་ཡངས་ཀྱིས་ཇི་ལྟར་ཁྲིད་ཐུབ་བམ། འདི་གཏན་ནས་ཡོང་མི་སྲིད་པ་ཞིག་ལ་ངོས་འཛིན་བྱས་མེད་པ། བརྒྱུད་རིམ་དེའི་འོག་ནས་རྒྱང་རིང་ཞིག་བསྐྱོད་ཐུབ་དགོས་པའི་གྲལ་སྒྲིག་སྡུག་ས་ནས་བསམ་པ་ཡིན།
དྲྭ་གྲོགས་བཟང་མོ་ལགས། བྲེལ་ཟིང་བར་གྱི་ཕྲན་དཔྱད་ནང་ལེགས་ཆ་གཙོ་འདོན་ཞུས་མེད་པ་ལས། མེད་པའང་མིན་པས་དེ་དོན་ཐུགས་འཇག་འཚལ།
ཕྱི་ལོ་༢༠༡༠་༥་༡༢་ཉིན།་འཆམ་ར་བས།
དགོངས་པ་འཁྲུགས་ན་ཁྱད་པ་མེད།།
ཧོར་གླིང་གཉིས་ཀ་འཁྲུགས་བཞིན་ཡོད།།
ཧཧཧ

 
 
13.05.2010 05:15:47

ཐོག་མར་སྤུན་ཟླ་དཀོན་མཆོག་དང་འཕྲིན་ལས་གཉིས་ཕེབས་པར་དགའ་ཡོད།་
འདིར་གཙོ་བོར་སྤུན་ཟླ་དྲི་མེད་ལགས་ཀྱི་དྲི་དོན་ཁག་ལན་འདེབས་མདོར་བསྡུས་རེ་བྱེད་རྒྱུ་ཡིན།
ཐོག་མར་ལོ་རྒྱུས་ཐོག་བཙན་པོ་སུའི་དུས་སུ་ནང་ཆོས་འདྲེན་མིན།་སུའི་དུས་སུ་དངོས་སུ་དར་མིན་དང་ཡང་ན་འཕེལ་རྒྱས་བྱུང་མིན་སོགས་ཀྱི་དཔྱད་གླེང་འདིར་མི་བྱེད་།་གང་ཡིན་ཟེར་ན་རང་རིགས་ཀྱི་ལོ་རྒྱུས་ནི་སྤྱི་ཁོག་ཙམ་ལས་འདི་ཡིན་གྱི་ཆ་ཚང་ཁུངས་འཕེལ་ཞིག་ཧ་ཅང་དཀའ་མོ་རེད།་་ཁོ་རེ།་དེའི་ཐོག་ཞིབ་འཇུག་ངེད་སྤུན་གཉིས་ཀྱིས་འདིར་དུས་ཡུམ་ཙམ་གྱིས་འཇོན་ཐུབ་པ་མིན།་
དེ་ནས་སྤྱིར་ན་སྡེ་ཚོགས་ནང་མིའི་གྲངས་ཀ་མང་ཉུང་ནི་སྤུས་དག་ཡོང་མིན་གྱི་ཟུར་ཞིག་བགྲང་ཡང་དེ་གནད་འགག་མིན།་དེ་བས་རབ་བྱུང་ཚོར་ཉེས་མེད་ནག་འགེབས་བྱ་རྩིས་རྩ་བ་ནས་མེད་ལགས།་ཧེཧེཧེཧེ།་དེ་བས་སའི་གོ་ལའི་ཐོག་མི་ཚོགས་མང་དྲག་པའི་དཀའ་ངལ་གྱི་དུས་འདིར་སྡིག་པ་མིག་བཙུམ་གྱིས་དེ་ལྟར་བརྗོད་ག་ལ་རུང།་ཧཧཧཧ།་
གལ་ཏེ་རྒྱལ་པོ་གླང་དར་མས་ཆོས་ལུགས་ཉམས་ལེན་གྱི་ཆོས་པ་རྣལ་མ་ཞིག་བྱེད་འདོད་མེད་པར་སྟོབས་འབྱོར་ཅན་གྱི་སྲིད་སྐྱོང་གི་རྒྱལ་པོ་ཞིག་ཁོ་ནར་བྱ་འདོད་ན་ནི་དུས་དེར་མང་པོས་ནང་ཆོས་དངོས་ཀྱི་ཉམས་ལེན་ཡིན་མིན་གང་ལྟར་ཡང་ཁོས་རྒྱལ་ཁོངས་སྐྱོང་བར་འགོག་རྐྱེན་སྣ་ཚོགས་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ལས་འཕྲད་ཡོད་ངེས་པ་ནི་ངེད་གཉིས་ཀྱིས་ཀྱང་སྐབས་དེའི་དུས་ཀྱི་གནས་ཚུལ་ལ་གཞིགས་ན་རོབ་ཙམ་རྟོགས་ཐུབ།་དེའང་རྒྱལ་དབང་བཅུ་གསུམ་པས་བོད་འདི་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་དུས་བོད་རང་བཙན་ཡིན་པའི་སྤྱི་བསྒྲགས་གནང་བའི་གནས་སྟངས་དང་ཅུང་མཚུངས་ཆོས་ཡོད།
ངས་ཆོས་རིགས་ལས་ཁུངས་ཆོས་པའི་སྡེ་ཡིས་སྐྱོང་དགོས་ལུགས་ལས་ཆོས་པས་སྲིད་སྐྱོང་བར་སྐྱོན་བརྗོད་ཐད་ཀར་བྱེད་མེད་སྙམ།་ཡིན་ཡང་ད་ལྟའི་ཆར་རྒྱལ་བ་རིན་པོ་ཆེར་ཡོངས་རྫོགས་ཁ་གཡར་ས་ཡོད་རུང་མ་འོངས་པའི་གནད་དོན་མི་ཡོང་བའི་སྔོན་འགོག་གི་ཐབས་ལམ་སྤེལ་བའི་ཕྱོགས་རེད།་རྒྱལ་ཁབ་གཞན་གྱི་དཔེ་མཚོན་ཐད་ཀར་ནང་འདྲེན་བྱེད་ན་འཚམས་པོ་མེད་ལ་དེ་འདྲ་ཡིན་ན་ནི་ཆོས་པའི་སྡེ་ལ་དམིགས་བསལ་གང་ཡང་མེད་པར་མང་ཆེར་གྱིས་རང་ཁ་རང་གསོ་ལྟ་བུའི་འཇིག་རྟེན་པ་དང་གཅིག་མཚུངས་ཀྱིས་བྱ་བ་མང་དག་ཏུ་འཇུག་དགོས་པ་རེད།་
ངས་རང་རིགས་ཀྱི་ནང་ཆོས་ནི་ད་ལྟའི་ཆར་ཀུན་འབྱུང་རིལ་བུ་ལྟར་ཡིན་པའི་གནས་སྟངས་དངོས་ལ་གཞིགས་ནས་བོད་རྒྱུད་ནང་ཆོས་ཀྱི་སྡེ་བཞི་དང་ཇོ་ནང།་དེ་མིན་བོད་ཀྱི་གནའ་ཆོས་བོན་རྒྱུད་བཅས་ཀྱི་རྒྱ་ཆེའི་ཆོས་པའི་སྡེ་ཚོགས་སུ་དེང་འཛམ་གླིང་འདིར་འགྲོ་བ་མིའི་རིགས་མང་ཆེར་གྱིས་ངོས་ལེན་བྱུང་ཡོད་པའི་དམངས་གཙོའི་ལམ་ལུགས་ཀྱི་ཇུས་ཡག་འདི་ཆོས་པའི་སྡེ་ནས་ཀྱང་འདུ་ཁྲིམས་གཙང་དག་ལ་རོགས་འདེབས་ཀྱི་ཐབས་ཤེས་ཚུར་ལེན་ཙམ་ལས་ཇི་མ་ཇི་བཞིན་བཀོལ་སྟངས་བྱས་མེད་པ་ཁྱེད་ཀྱིས་ཀྱང་གཟིགས་ཡོད་ཤག་་
ཆོས་ལུགས་ཀྱི་སྐྱེས་ཆེན་དག་གི་སྐུ་ཕྲིང་བརྩིས་སྲོལ་འདིར་ཡག་ཉེས་ངས་མི་ཤེས།་འོན་ཀྱང་རྒྱལ་དབང་དོན་གྱི་བདག་པོ་ཁོང་གིས་དེ་སྔོན་ནས་ད་ལྟའི་ཛ་དྲག་གི་གནས་སྟངས་སུ་གཅིག་བསྡུས་ཀྱི་ཐུགས་འགན་མི་བཞེས་ཁག་མེད་ལས།་སྔོན་ནས་མ་འོངས་པར་བོད་ལ་དོན་དམ་གྱི་རང་དབང་འབྱུང་ན།་མཐའ་མཇུག་གི་ཏཱ་ལའི་བླ་མ་གནང་རྒྱུ་ཐུགས་སྤོབས་ཆ་ཚང་ཡོད་ངེས་སྙམ།་དེའང་ཁོང་གིས་མ་འོངས་དགེ་སློང་གཙང་མ་གནང་རྒྱུ་ལས་སྲིད་ཕྱོགས་ཀྱི་བྱ་བ་ནས་ཆ་ཚང་ཕྱི་འཐེན་གནང་གི་ཡིན་གསུངས་པའི་དོན་གྱི་སྙིང་པོ་རེད།་
གོང་གསལ་ནི་ཆོས་ཕྱོགས་ཀྱི་གནད་དོན་གླེང་བ་ལས་སྐྱ་བོ་འཇིག་རྟེན་པའི་སྡེ་ཟེར་སྲོལ་ཡོད་པ་ཚོའི་གནད་དོན་སྐོར་མིན།་
ད་དུང་དྲ་གྲོགས་གཞན་ཚོས་ཀྱང་བརྗོད་གཞིའི་ཐོག་གྲོས་མོལ་སྣ་ཚོགས་ཡོང་བའི་རེ་སྒུག་ཡོད།་

 
 
05.08.2010 07:03:58

ཁོ་བོས་བཤད་འདོད་པ་ནི།
ཆོས་མི་དགོས་པའི་སྲིད་རྐྱང་པའི་སྤྱི་ཚོགས་གསར་པ་བར་
ཨུ་ཚུགས་བསྟུན་པའི་ཁེར་རྐྱང་གི་ཀླད་པའི་འཚོལ་ཞིབ་ལ་རྒོལ།
ཆོས་དང་ཆོས་མིན་གྱི་བྱ་བའི་ཤུན་མི་ཕྱེད་པའི་ཉེས་པས་སྲིད་ལ་
ཆོས་ཀྱི་འགལ་འདུ་མཐོང་གི་ཡོད། དཔེར་ན་བྱུང་ཟིན་གྱི་སྐྱུར་དྲི་བྲོ་བའི་
ཆོས་ལུགས་ཁག་གི་ལོ་རྒྱུས་དང་། བྱུང་བཞིན་པའི་དུས་རབས་ཀྱི་ཁྲོད་
རྣམས་སུ་རང་དོན་གྱི་རྐུབ་སྟེགས་ཁོ་ནར་རེ་བའི་ཆོས་ལྤགས་གྱོན་པའི་ཀླད་
མཁྲེགས་འགས་ཡུལ་གྱི་རྒྱལ་པོ་དང་མཉམ་འབྲེལ་བྱས་ཏེ་ཕ་རོལ་པོའི་
འདོད་པ་ཡོད་མེད་ལ་མི་ལྟོས་པར་བཙན་ཤེད་ཀྱིས་གཞན་དག་རང་གི་
ཆོས་ལ་འཇུག་ཏུ་བཅུག་པ་དང་། ཆོས་ལུགས་ལ་སྙད་དེ་བཙན་གྱིས་བཟོས་
པའི་རྣམ་རྟོག་གི་འོག་ན་སྤྱི་ཚོགས་ལ་གནོད་པའི་མཐུན་ལམ་སྒོ་བརྒྱག་པ་
སོགས་ཚུལ་མིན་གྱི་བྱ་བའི་རིགས་ཆོས་ལ་འཁྲུལ་ཏེ་སྲིད་ལ་ཆོས་ཀྱི་གནོད་
སྐྱོན་འཐེབ་པར་སྨྲ་བ་ནི་དབྱིབ་དང་ཁ་དོག་མ་མཆིས་པའི་ཚད་མའི་གནས་ལུགས་
ཀྱི་ངོ་གདོང་མ་མཐོང་བས་ལན། དེས་ན་ང་ཚོས་སྲིད་ལ་སྲུང་སྐྱབས་བྱེད་པ་ནི་མིའུ་རང་གི་
ལུས་དང་སེམས་ཀྱི་སྟེང་ན་བདེ་བ་བསྐྲུན་པའི་ཐབས་ལམ་ཉ་ག་གཅིག་
ཡིན་པས་བདེ་བ་དེ་དག་ཀྱང་ཡང་དག་པའི་ཆོས་ལུགས་ནས་ཡོང་དགོས་
པར་རྒྱ་གར་གྱི་བསམ་བློ་བ་ཆེན་པོ་ཀླུ་སྒྲུབ་ཀྱི་་སྐྱེ་བོ་གསོ་ཐིག་དང་བཤེས་
པའི་སྤྲིངས་ཡིག་སོགས་ན་གསལ་ཡོད།དེས་ན་རྟོག་ཞིབ་ཀྱི་འགག་འཕྲང་ཟབ་སར་
གཞི་ནས་ཕྱིན་པར་ངའི་སེམས་ནང་གི་སྨོན་འདུན་ཡིན།



 
 
05.08.2010 07:27:31

སྤུན་ཟླ་དཔའ་བོ་ལགས།་དངོས་གནས་ཡིན་།་ང་ཚོའི་བོད་ད་ལྟའི་དུས་བབ་ཛ་དྲག་འདིས་རྐྱེན་བྱས་ཏེ་ཆོས་པའི་སྡེ་ཚོགས་ཀྱི་སྐྱེས་བུ་མང་པོའང་སེམས་ཚོར་གྱི་རྦ་རླབས་འཕྱུར་འཇུག་བཅུག་པ་ནི་ཡིད་སྐྱོ་དགོས་པའི་ལས་ངན་ཞིག་ལོས་ཡིན།་ངས་ཐོག་མཐའ་བར་གསུམ་དུ་འཇིག་རྟེན་པའི་སྡེ་ཚོགས་ནས་ནུབ་ཕྱོགས་པའི་ལམ་ལུགས་ལྟར་རང་མི་རིགས་འདིའི་སེར་སྐྱ་ཕོ་མོ་ཡོངས་སྐྱོང་ཐུབ་པའི་རྒྱབ་ལྗོངས་བཟང་པོ་ཞིག་བསྐྲུན་ཐུབ་ན་བསམ་བཞིན་ཡོད།་
དེ་མིན་ཆོས་པའི་བླ་ཆེན་དང་སྐྱེས་རབ་ཚོས་འཇིག་རྟེན་སྐྱོང་སྟངས་ཐད་ལ་ཐབས་ལམ་ཟུར་ནས་བཏོན་བ་ལས།་མཉམ་དུ་བཞུགས་ན་མི་ལེགས་པའི་ཕྱོགས་སྣ་ཚོགས་སྣང།་བླ་ཆེན་དང་སྐྱེས་རབ་ཚོས་ནས་ཀྱང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཁོ་ནར་བརྩོན་སའི་ཁོར་ཡུག་བཟང་པོ་ཞིག་ཡོད་ན་ཅི་མ་རུང་ཨང་བསམ་པ་དེ་ངའི་བློ་ཡུལ་ནས་དོར་མ་མྱོང།་
དེ་འདྲ་ཡོང་ཐུབ་ན།་ཆོས་པས་ཆོས་དོན་སྒྲུབ་པ་དང།་འཇིག་རྟེན་པས་ཐབས་དང་བློ་གྲོས་ཀྱིས་འཇིག་རྟེན་གང་ལེགས་སྐྱོང་ཐུབ་པའི་རྨང་གཞིའི་ཐོག་ཉུང་མཐའ་ཡང་རང་རིགས་ལ་ཕ་རོལ་པོའི་དགྲ་ཡིས་བཙན་གནོན་མི་ཡོང་བ་ཙམ་ཡང་འགན་སྲུང་ཡོང་ཐབས་དགོས་ངེས་རེད་འདུག་ལགས།།་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -