ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.04.2010 05:25:46
བེ་རི་འཇིགས་མེད་དབང་རྒྱལ།

དཔྱིད་གསུམ་དཔྱིད་ཀྱི་ཚེས་མགོ།
དཔྱིད་ཀྱི་ཁུ་བྱུག་སྔོན་པོ།།
མ་བོས་མགྲོན་དུ་ཕེབས་པའི།།
དྲུག་འགྱུར་གླུ་དབྱངས་སྙན་པ།།

དཔྱིད་གསུམ་དཔྱིད་ཀྱི་དུས་སྟོན།།
དཔྱིད་ཀྱི་ལྡུམ་རའི་ནང་དུ།།
མེ་ཏོག་དཀར་སེར་དམར་ལྗང༌།།
ལྟ་ན་མིག་ལ་མཛེས་པ།།

འཇའ་ཚོན་ཁ་དོག་བཀྲ་སོང༌།།
ཁུ་བྱུག་གསུང་སྐད་སྙན་བྱུང༌།།
ལྡུམ་རའི་མེ་ཏོག་མཛེས་བྱུང༌།།
སེམས་ཀྱི་སྣང་བ་འཁྲུལ་སོང༌།།

ཡིད་འོང་ལྡུམ་རའི་ནང་དུ།།
མེ་ཏོག་བརྒྱ་ཤར་སྟོང་ཤར།།
གསེར་སྦྲང་སེམས་པ་ཤོར་སའི།།
སྤང་རྒྱན་མེ་ཏོག་ཁྱོད་རེད།།

ཡི་འོང་སྤང་རྒྱན་མེ་ཏོག།།
དང་པོ་བཞད་ས་སྤང་རེད།།
ལང་ཚོའི་མཚར་ཁ་སྨིན་དུས།།
སྤང་ལ་བཞུགས་རོགས་གནང་དང༌།།

རྒྱ་སེར་མེ་ཏོག་སེར་པོ།།
རྒྱང་ཤོམ་གཞན་ལས་ཆེ་ཡང༌།།
བརྩེ་དུངས་སེམས་ཀྱི་ཟེའུ་འབྲུ།།
ཡོད་པའི་ཚོར་སྣང་མ་བྱུང༌།།

གོས་ཆེན་མེ་ཏོག་དམར་པོ།།
ལྟ་ན་མིག་ལ་མཛེས་ཀྱང༌།།
སྔོ་ལྗང་ལོ་མའི་གསེབ་ནས།།
འཚེར་མའི་རེག་བྱ་རྩུབ་པ།།

རྒྱ་གར་གུར་ཀུམ་མེ་ཏོག།།
བོད་ཀྱི་སྤང་རྒྱན་མེ་ཏོག།
སྐྱེས་ས་ཁ་ཁར་ཡིན་ཡང༌།།
གསེར་པོ་གསེར་ཀྱི་མདོག་རེད།།

སྤང་རྒྱན་མེ་ཏོག་ཕྱོགས་ལ།།
སྐོར་བ་རྒྱག་རྒྱུ་བྱུང་ན།།
སྦྲང་མའི་གསེར་གཤོག་སེར་པོ།།
ཟད་ཀྱང་མགྱོད་པ་མི་འདུག།

འཕུར་ལྡིང་རྩེན་གིན་རྩེན་གྱིན།།
ལྡིང་སྐོར་ཐེངས་མང་རྒྱག་པས།།
སྤང་རྒྱན་མེ་ཏོག་སེར་པོས།།
མགོ་ཡིས་ཀྱོག་གནང་བྱུང༌།།

སེམས་སོང་མེ་ཏོག་གཅིག་ལ།།
སེམས་པ་ཤོར་ཐག་ཆད་ནས།།
ཟིལ་ཟིལ་བུང་བའི་གླུ་དབྱངས།།
ལེན་གྱིན་མཆུ་འདབས་སྣུམ་ཡིན།།

སྤང་རྒྱན་སྤང་གི་མེ་ཏོག།
སྤང་གི་རྒྱན་ལ་བཞུགས་དང༌།།
གསེར་སྦྲང་གསེར་གྱི་མདབས་མས།།
བསྐོར་བ་ཡང་ཡང་རྒྱག་ཆོག།

བཟང་དྲུག་སྨན་གྱི་རྒྱུད་པ།།
ཡིད་འོངས་སྤང་རྒྱན་མེ་ཏོག།
ཧ་ལོའི་མེ་ཏོག་མ་རེད།།
ཟོས་ན་འཆི་ས་མ་རེད།།

དཀར་གཙང་དར་ལས་འཇམ་པའི།།
སྤང་རྒྱང་མེ་ཏོག་སེར་པོ།།
གོས་ཆེན་མེ་ཏོག་མ་རེད།།
རེག་ན་ཕུག་ས་མ་རེད།།

ཉིན་གསུམ་ཁྱོད་རང་དྲན་ནས།།
མཚན་གསུམ་རྨི་ལམ་འཁྲུགས་སོང༌།།
དྲན་ཡང་ཕན་པ་མི་འདུག།
ལས་ལ་གང་བསྐོས་ཡིན་པ།།

དང་པོར་མ་མཇལ་ཆོག་པ།།
མཇལ་ནས་མ་བྲལ་ཆོག་པ།།
ཤི་བྲལ་བྱེད་རྒྱུ་མེད་པར།།
གསོན་བྲལ་བྱེད་དགོས་ཐུག་སོང༌།།

སྤང་རྒྱན་མེ་ཏོག་སེར་པོ།།
སྤང་གི་རྒྱན་ལ་མ་བཞུགས།།
ཡ་གི་ལྷ་ཁང་ནང་གི།།
མཆོད་པའི་རྫས་ལ་ཐད་སོང༌།།

ཡ་གི་གསེར་གྱི་ལྷ་ཁང༌།།
དཀོན་མཆོག་མཆོད་པའི་ཞིང་རེད།།
ཉམ་ཆུང་གསེར་སྦྲང་སེར་པོ།།
འཕུར་བའི་རེ་བ་རྫོགས་སོང༌།།

དབྱར་གྱི་དུས་སྟོན་རྫོགས་ནས།།
སྟོན་མཇུག་བ་མོས་སྡང་སོང༌།།
ཉམ་ཆུང་བུང་བའི་འདབ་གཤོག།
རླུང་དང་ལྷག་པས་ཟད་སོང༌།།

གནམ་ལ་ལག་གཡུག་བྱས་པས།།
མིག་ལ་ཐལ་བ་འཛུལ་བྱུང༌།།
ཤེལ་སྒོ་ནང་གི་མོག་མོག།
མིག་གི་ལོངས་སྤྱོད་ཙམ་རེད།།

གཉིད་ནས་རྨི་ལམ་གཏོང་བ།།
འཇིག་རྟེན་སྲིད་པའི་འགྲོས་རེད།།
མ་གཉིད་སད་པའི་རྨི་ལམ།།
ཉམ་ཆུང་བུང་བའི་ལས་དབང༌།།

རི་རྩེ་གངས་ཀྱིས་གཟུང་སོང༌།།
ཁུ་བྱུག་ལྷོ་ལ་འཕུར་སོང༌།།
དུས་བཞིའི་མིག་འཁྲུལ་གཅིག་གིས།།
སེམས་ཀྱི་རྨི་ལམ་དཀྲུགས་སོང༌།།

རི་བོ་སྨུག་པོས་བསྟིམས་སོང༌།།
ཆུ་མོ་དར་ཁས་བསྒྲིབས་སོང༌།།
ཁྲུང་ཁྲུང་ལྷོ་ལ་འཕུར་སོང༌།།
སེམས་ཀྱི་རེ་ཐག་ཆད་སོང༌།།
༢༠༡༠ལོ་ ཟླ་ ༢ ཚེས་ ༩ ལ་ལས་ཁང་དུ་བྲིས།


  
 

07.04.2010 08:40:36

རྒན་བེར་འཇིགས་ལགས། དེང་སང་རིག་རྒྱུ་མི་འདུག་ལ་ཝ་ནའི་སློབ་ཆེན་དུ་ཡོད་ཚུལ་ཟེར། སྐུ་གཟུགས་བདེ་མོ་ཡིན་ནམ་།

རྒན་ལགས་ཀྱིས་ལུས་སེམས་གཉིས་ཀྱི་ངལ་བ་ཞི་ཐུབ་པའི་ཕུལ་བྱུང་གི་སྙན་ངག་འདི་དག་མ་མཐོང་པར་ཡུན་རུང་སོང༌།

རྗེས་སུ་ཡང་ཡང་ཕེབས་ཤོག་ཨ། ཐུགས་རྗེ་ཆེ།

 
 
02.08.2013 07:49:51

ངའི་སེམས་ངོགས་་ཀྱི་གངས་ལྷ། ཁྱོད་ལྷན་རྒྱས་བདེ་ལགས་སམ།

 
 
07.04.2010 11:52:52

མདོ་སྔགས་རིགས་གནས་ཀུན་ལ་མཁས་པའི་དགེ་བཤེས་ལགས།
སྐུ་ཁམས་བདེ་མོ་ ་ཞི་བདེ་བག་འཕེལ་ཀྱི་དྲ་ཁང་འདིའི་ནང་རྒན་ལགས་ཀྱི་མཚན་སྙན་ལ་མ་དགའ་བའི་མི་གཅིག་ཧ་ལམ་མེད་ཟེར་ཆོག།

 
 
12.04.2010 10:07:36

སྙན་ངག་གི་རལ་གྲི་མ་ཇུ་ཏྲི་ལའི་ལུས་ཕྲ་མར་གཡུག་པའི་སྐུ་ངོ་བེ་རི་ལགས།
འགའ་རེས་ཟེར་ན། ལུས་སེམས་ལ་བདེ་བ་བྱིན་སོང་ཟེར།
ཁ་ཤས་ཀྱིས་ཟེར་ན། མདོ་སྔགས་རིག་གནས་ཀུན་ལ་མཁས་ཟེར།

ཡིན་ནའང་ཁྱེད།
གངས་སྐྱིད་ཀྱི་རྐུབ་སྟེགས་འབོལ་བོའི་སྟེང་ན་འགྱིང་པའི་སྐུ་ངོ་སྟེ།
བེ་རི་སྨྱོན་པ།
ཕོ་རབ་གཏམ་ཐོག་དང་
འཕར་བ་རྗེས་ཐོག་ཡོད་ན།

ང་ལ་གཞས་ཚིག་འགའ་མི་འགྱངས་བ་བསྐུར་ཡོང་རོགས།
ཧཧཧ
སྡེ་དགེ་སྨྱོན་པའི་སྨྱོ་གཏམ་རྩུབ་ཐལ་འདུག་ན་
རྗེས་མ་མཇལ་དུས་གསལ་བཤད་ཞུས་ཆོག་པ་གྱིས།


 
 
14.04.2010 09:10:14

རྒན་ལགས་སྐུ་ཁམས་བཟང་ད་ལྟ་ག་པར་ཡོད་དམ། རྡ་ས་ཕེབས་དུས་ལན་ཞིག་གནང་རོགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -