ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.03.2010 03:19:49
གངས་དཀར་སེམས།

བཀའ་ཁྲིའི་འོས་གཞིར་བཞུགས་དགོས་པའི་རྒྱུ་མཚན་འགའ། གངས་ལྷ་མོ། གླེང་གཞི། དེ་སྔོན་སྒེར་ངོས་ནས་བསམ་གཞིགས་དུ་མར་བརྒྱུད་ཕྱི་ལོ་2009ལོའི་ཟླ་8པར་སྐུ་ངོ་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་སྒེར་གཉེར་གནང་བའི་བཀའ་བློན་ཁྲི་པ་ཞེས་པའི་དྲ་ཚིགས་ཀྱི་བཀའ་བློན་ཁྲི་པའི་འོས་གཞིར་བཞུགས་པ་ཡིན། དྲ་རྒྱ་དེའི་འབྲེལ་ཡོད་ལས་བྱེད་ཀྱིས་གུས་མོར་རྒྱབ་སྐྱོར་བྱེད་མཁན་གསར་འདེམས་ཐེངས་གསུམ་ཙམ་བརྗེ་བསྒྱུར་བརྒྱུད། ཕྱི་ལོ་2010ལོའི་ཟླ་2པའི་ཟླ་དཀྱིལ་ནས་འོས་མི་གཞན་དང་སྤྱི་མཚུངས་ལྟར་དགོས་ངེས་ཀྱི་མི་གྲངས་ཉེར་ལྔ་དགོས་ཚུལ་གྱི་ཆ་རྐྱེན་ཚང་བར་བྱུང༌།


ཡང་དག་པའི་དམངས་གཙོ་ཡིན་ལུགས་བརྗོད་བཞིན་པའི་ཡུལ་གྱར་བོད་མི་ཚོས་མིང་གྲགས་ཆེན་པོའི་ཆོ་ལོ་མེད་ཅིང༌། འབྱོར་ལྡན་ཆེན་པོའི་རྒྱབ་གཉེར་མེད་པའི་རྡ་རམ་ས་ལར་གནས་གཞིར་བྱས་པའི་བོད་མོ་གསར་འབྱོར་བ་དཀྱུས་མ་ངའི་ངོ་གདོང་གསར་པར་བལྟས་ཏེ། གུས་མོ་བཀའ་ཁྲི་དྲ་རྒྱའི་འོས་གཞིར་བཞུགས་ཚུལ་གྱི་བཟང་ངན་ནམ་ལེགས་ཉེས་སྣ་ཚོགས་ཀྱི་གླེང་ཕྱོགས་ཁྲོད་གཙོ་བོ་དོགས་འདྲོགས་ཅན་ཚོའི་ཨ་མཚར་སེལ་ཕྱིར་འདིར་སྒེར་ངོས་ནས་བཀའ་ཁྲིའི་འོས་གཞིར་བཞུགས་དགོས་པའི་སྔོན་འགྲོའི་རྒྱུ་མཚན་གཙོ་གནད་ཁག་ཅིག་བརྗོད་རྒྱུ་ཡིན༌།

དང་པོ། གཉའ་གནོན་དང་དྲག་པོའི་བཙན་འཛུལ་བས་བསུན་བཙིར་འོག་ཡོངས་གྲགས་སུ་ཕྱི་ལོ་1959ལོའི་སྐབས་དེར་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་མི་ཡུལ་གྱར་བ་རྣམས་རིམ་བཞིན་སྐྱབས་བཅོལ་དུ་འབྱོར་ཡོད་པ་དང༌། ཡུལ་གྱར་མི་དམངས་ཀྱི་རང་གཞུང་འཛིན་སྐྱོང་སྡེ་ཚན་གྱི་མ་ལག་གཙོས། གཞིས་ཆགས་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག་སོགས་འཛུགས་ཐབས་ཕྱིར་ང་ཚོའི་རྒན་རབས་ཚོས་འབད་འབུངས་ཀྱི་བྱས་རྗེས་བཟང་པོར་ལེགས་གསོལ་ཞུ་བར་སྦྲགས། ཁོང་རྣམས་ཀྱི་རྗེས་ཤུལ་འདི་དེང་གི་དུས་སུ་རྨིག་མེད་དུ་མི་འགྲོ་བའི་ཕྱིར་རྗེས་རབས་པའི་བོད་མི་ཞིག་གིས་དགོས་ངེས་ཀྱི་ཆབ་སྲིད་དམངས་གཙོའི་ལམ་ལུགས་བརྒྱུད་གོ་དབང་བརྩོན་ལེན་གྱི་ཆ་ཤས་ལེན་པ་ཡིན།

གཉིས་པ། དེང་གི་དུས་ནི་བོད་མི་རིགས་འདི་ཛ་དྲག་གི་རྒྱུད་རིམ་དུ་བགྲོད་བཞིན་པ་ཡིན་ལ། འཛམ་གླིང་སྤྱིའི་ལུགས་མཐུན་གྱི་གོམས་འགྲོས་དང་མཉམ་བསྐྱོད་ཐོག་མ་འོངས་པར་ཡངས་ཞིང་རྒྱ་ཆེ་བའི་མདུན་ལམ་རྒྱ་བསྐྱེད་དང་མདུན་བསྐྱོད་ཚད་ལྡན་ཡོང་ཕྱིར་བོད་མི་རིགས་ཆོས་སྲིད་གཉིས་ཐད་ནས་འཁྱོག་ལམ་དུ་མི་ལྷུང་བའི་ཆེད་དུ། སྐབས་བབས་སུ་ཕྱི་འགྱངས་རྩ་བ་ནས་མི་ཕོད་པའི་ཕྱོགས་ལ་ཡོ་བསྲང་དང་བཅོས་བསྒྱུར་དགོས་སྟབས། རང་གཞུང་གི་བཀའ་ཁྲིའི་ཆེས་མཐོའི་ཆབ་སྲིད་ཀྱི་གོ་གནས་ནས་བྱ་བ་བསྒྲུབ་ཕྱོགས་ཀྱི་ཆ་ངེས་ཅན་ལག་བསྟར་ཐུབ་པའི་ཆ་རྐྱེན་མང་ཙམ་ལྡན་ཕྱིར།བོད་མི་ཡུལ་གྱར་བ་སྤྱི་མཚུངས་ལྟར་གོ་དབང་བརྩོན་ལེན་བྱེད་པའི་སྔོན་འགྲོའི་རྒྱུད་རིམ་དུ་བཞུགས་པ་ཡིན།

གསུམ་པ། རྒྱ་ནག་གཞུང་ངོས་ནས་བོད་ཡུལ་གྱར་གཞུང་ཟེར་བ་ནི་ཏཱ་ལའི་བླ་མས་ཕྱི་ཚུལ་དུ་རང་དབང་དང་དམངས་གཙོ་ལག་བསྟར་ཡིན་ཁུལ་སྒྲོག་བཞིན་པ་ཙམ་ལས༌། དོན་དམ་པར་ཁོ་རང་སྒེར་གྱི་དབང་ཆར་འདོད་རྔམ་ཆེན་པོ་ཡོད་ཚུལ་དང༌། རང་སེམས་དུག་གསུམ་གྱིས་སྦྲིལ་ནས་དབང་ཆ་སྒེར་འཛིན་བྱེད་བཞིན་དེ་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་སྐྱར་གསོ་བྱེད་བཞིན་པའི་སྐྱོན་བརྗོད་དང་ལོག་ལྟ་ངན་པར་དར་དམར་འོག་ཏུ་འཚར་ལོངས་བྱུང་བའི་བོད་མི་དར་གཞོན་ཞིག་གི་ངོས་ནས་དེར་དགོས་ངེས་ཀྱི་ཐད་ཀར་ཁ་གཏད་དང་ལན་འདེབས་ཆེད་དུ་ཡིན།

བཞི་པ། དམངས་གཙོ་དངོས་ཀྱི་འགྲོ་ལུགས་ལྟར་ྋསྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བཞིན་ཁོང་གི་སྲིད་ཕྱོགས་ཀྱི་ཐུགས་སྲས་གཅིག་ཏུ་བགྲང་འོས་པའི་མ་འོངས་རང་གཞུང་བཀའ་བློན་ཁྲི་པ་འདི་ཡག་ཤོས་བྱུང་ན་བུད་མེད་ཅིག་ལེགས་ཚུལ་དང༌། དེ་མ་བྱུང་ཡང་གཞོན་སྐྱེས་གཅིག་ཡོང་ན་བཟང་བར་གསུངས་པའི་དགོངས་འདུན་འགྲུབ་ཕྱིར་ཡིན་ལ། དེ་མིན་གོང་གི་ཆ་རྐྱེན་གཉིས་ཚང་བའི་ཐོག་གཙོ་བོར་རང་གཞུང་ངོས་ནས་ཁ་ཚ་དགོས་གཏུག་གི་དོན་དག་འགར་བརྗོད་ཐབས་དང༌། དངོས་སུ་བཅོས་བསྒྱུར་གྱི་གོམས་སྟབས་སྤོ་ཆེད་ཡིན།

ལྔ་པ། ཡུལ་གྱར་དུ་འབྱོར་བའི་རང་རིགས་སྤུན་ཟླ་མང་ཆེར་ནི་མིང་ཆེན་པོའི་གྲགས་པ་མེད་ལ་ནོར་འབྱོར་གྱི་རྒྱབ་རྩ་ཐུག་པའི་འབྱོར་ལྡན་གྲལ་རིམ་མིན་ནའང༌། ཡུལ་གྱར་དུ་བྱོལ་བའི་དུས་རིམ་ནང་འབད་བརྩོན་ལྷོད་པ་མེད་པར་རང་གི་ཤེས་འཇོན་གཉིས་ཕྱོགས་ནས་མཐོར་འདེགས་ཡོང་ཐབས་དང༌། རང་མི་རིགས་ཀྱི་རྩ་བའི་གནས་སྟངས་སོགས་འཕེལ་རྒྱས་ཡོང་ཕྱིར་ལྷག་བསམ་ཟོལ་མེད་ཀྱིས་ལེགས་སྐྱེས་འབུལ་འདོད་པའི་དྲང་བདེན་གྱི་བླ་སྲོག་གཅེས་ཉར་གནང་མཁན་སྒང་ཚུགས་ཅན་གྱི་གངས་ཅན་པ་ཡོངས་ལ་ནུས་ལྡན་གྱི་རྒྱབ་སྐྱོར་དང་སྤོབས་པ་བསྐུལ་ཆེད་ཡིན།

དྲུག་པ། སྐུ་དྲག་པོ་ཚོས་བྲན་གཤིས་ཀྱི་རང་སྐྱོན་བཙན་བཟུང་ཐོག་བོད་ཉམས་ཉེས་ཀྱི་བྱུང་བའི་ལོ་རྒྱུས་ནི་རླབས་ཆེན་གྱི་རྒྱུད་རིམ་ཁོ་ནར་ཡིན་པ་དང༌། དེ་འདྲ་ཞིག་འཇིག་རྟེན་འདིར་མེད་ཚུལ་ཡང་སྒྲོག་གང་ཐུབ་བྱེད་ལ། དྲེགས་པ་ཚོས་ལོག་ལྟ་དང་རྙིང་ཞེན༌། དེ་བཞིན་མཁྲེགས་འཛིན་གྱི་རྫོང་ཆེན་གཏོར་ཕྱིར། རྨོངས་གཉིད་སད་བཞིན་པའི་བོད་མི་རྣམས་ཀྱིས་འཛམ་གླིང་འདིའི་རྒྱབ་ཁབ་དང་གཞན་མི་རིགས་ཚོས་རང་དབང་དང་སྤོབས་པས་བརྩོན་ལེན་གནང་བའི་བྱས་རྗེས་བཟང་པོའི་རྗེས་སུ་འབྲངས་ཕྱིར། ཁོང་རྣམ་པས་མིའི་རིགས་ཀྱི་སྤོབས་པ་བསྐྱེད་དེ་འབྲས་བཟང་ཐོན་པའི་བྱ་བཞག་བཟང་པོ་དེ་དག་ལ་བཅོས་མིན་གོང་བསྐུལ་ཡོང་ཕྱིར་ཡིན་ལ། དེ་བཞིན་རང་སྐྱོན་རང་རྟོག་གིས་བློ་གྲོས་ཀྱི་རྩལ་མིག་བག་ལ་མ་ཞ་གོང་དྲེགས་པ་ཚོའི་བློས་གཏོང་བྱ་རྩིས་མེད་པའི་ངན་སྤྱོད་དག་ལ་ཉེན་བརྡ་གཏོང་ཆེད་ཀྱང་ཡིན།

བདུན་པ། འཕེལ་རྒྱས་འགྲོ་དགོས་ན་སྐྱོན་ཆ་སེལ་དགོས་པ་ནི་སུས་ཀྱང་རྟོགས་ཐུབ་པའི་གནས་ལུགས་ཤིག་རེད། ང་ཚོར་གཟེངས་ཐོན་གྱི་བྱས་རྗེས་ཕྱོགས་མེད་པ་མིན་ནའང་ཕྱོགས་མང་ས་ནས་ལྟོ་གོས་ཙམ་གྱིས་འཚོ་བར་གོམས་འདྲེས་སོང་ཞིང༌། ལྷིང་འཇགས་རོལ་ནས་བགྲང་བྱ་ལྔ་བཅུ་ལྷག་ཙམ་འདས་ཟིན༌། རང་དབང་དང་དམངས་གཙོ་དངོས་ཡིན་ན་ང་ཚོའི་རིགས་མཐུན་གྱི་ཁོར་ཡུག་འདིའི་སྐྱོན་མཚང་མཐོང་ཞིང༌། དེར་ལེགས་བཅོས་ཡོང་བའི་ཐབས་ལམ་སྤེལ་གང་ཐུབ་ཀྱི་གོམས་སྲོལ་ཙམ་ཡང་ཆགས་མེད་པའི་རྒྱུ་མཚན་གང་ཡིན་ནམ། ད་ནས་བཟུང་མི་དམངས་ཡོངས་ཀྱི་ངེས་པར་དུ་རང་གི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་རང་གཞུང་གི་སྲིད་ཇུས་ལེགས་བསྒྱུར་དང་མཐོར་འདེགས་ཡོང་ཕྱིར་རྗེས་ལུས་ཀྱི་སྔར་སྲོལ་བསྐྱར་བཟློས་བརྒྱ་ཡིས་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་འཕྲོག་བརླག་མི་གཏོང་བའི་ངང་མི་རེ་ངོ་རེའི་བློ་གྲོས་དང་འཇོན་ནུས་བཏོན་བའི་བྱ་བཞག་སྤེལ་དགོས་ལ། སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་རང་ལ་དཔག་པའི་འོས་འགན་རེར་ལེན་ཕྱིར་ཡིན།

བརྒྱད་པ། ལུགས་སྲོལ་ངན་པ་རྒྱུན་འགྱམས་སོང་བའི་འུར་བརྗོད་ཀྱི་ཕྱིའི་རྣམ་པ་ཙམ་བཏོན་རྒྱུར་དགའ་བ་དེ་དོན་དངོས་ཐོག་རྣམ་གཡེང་གི་རྒྱུན་རིམ་ཙམ་ཡིན་པའི་སྟོང་འདང་གི་གོ་རིམ་མཐའ་དག་མཇུག་སྒྲིལ་ཏེ། རང་གཞུང་དང་ཚོགས་པ་ཁག ཡང་ན་སྒེར་སོགས་ངོས་ནས་བོད་ལ་རང་དབང་གི་དོན་དངོས་ལེགས་འགྲུབ་ཡོང་ཕྱིར་ད་ཡོད་སྲིད་ཇུས་ཀྱི་ལེགས་ཕྱོགས་ཀྱི་རྨང་གཞིའི་ཐོག་སུའི་ཕན་ནུས་ཐོན་ཐབས་ཀྱི་གསར་གཏོད་དང་ལེགས་བཅོས་ཀྱི་དོན་ཚན་དང་རེའུ་མིག་དངོས་སུ་བཀོད་དེ༌། དབང་ཚད་ཀྱི་གོ་རིམ་ནང་ལེགས་བསྒྱུར་སུའི་འཇོན་ན། དེ་དག་གི་བློ་གྲོས་དང་ཐབས་ཇུས་ཕྱོགས་གཅིག་ཏུ་སྤུངས་ཕྱིར་ཡིན།

དགུ་པ། གངས་ཅན་པ་ནི་བདེན་པར་དུང་བའི་མཐོ་སྒང་མི་རིགས་ཀྱི་རྒྱུད་འཛིན་པ་ཡིན་ལ། གངས་ཅན་པ་ནི་དྲང་པོའི་ཐབས་ལམ་ཁོ་ནར་བརྟེན་ནས་མཐར་ཐུགས་ཀྱི་རྒྱལ་ཁར་ཕྱོགས་བསམ་པའི་ཁ་བའི་ལྗོངས་ཀྱི་ཕུག་བསམ་ཅན་གྱི་མི་རིགས་ཤིག་ཡིན། ང་ཚོས་དུས་དང་རྣམ་པ་ཀུན་དུ་སོ་སོས་རང་རིགས་ལ་སྤོབས་པ་སྦྱིན་དགོས་ལ། ང་ཚོས་དུས་དང་རྣམ་པ་ཀུན་དུ་བརྩོན་འགྲུས་དང་འཚོལ་བསྙེགས་ཀྱི་ཁ་བསྲབ་ལྷོད་མི་ཉེན། ང་ཚོས་ངེས་པར་དུ་རང་མགོ་རང་གིས་རྡུང་ཞིང་རང་རིགས་རང་གིས་ཕུང་བྱེད་ཀྱི་ཕྱི་ནང་གསང་གསུམ་གྱི་རུལ་སུངས་ཀྱི་ངན་སྤྱོད་མཐའ་དག་དོར་གང་ཐུབ་བྱེད་དགོས། ལེགས་པའི་ཆ་ཕྲ་མོ་ཙམ་ཡིན་ནའང་ཅི་ཡང་འབད་ཅིང་གང་ཡང་འཇོན་ནུས་ཐོན་ཕྱིར་བོད་ས་མི་མགོ་ནག་ཡོངས་ཀྱིས་ཧུར་བསྐྱེད་དགོས་པའི་བསྐུལ་འདེད་ཀྱང་ཡིན༌།

བཅུ་པ། གོང་གསལ་དོན་ཚན་ཁག་ནི་བོད་མི་ཞིག་ཡིན་པའི་ངོས་ནས་རང་དབང་དང་དམངས་གཙོའི་ལུགས་མཐུན་གྱི་གོ་དབང་ལ་བརྩོན་ལེན་བྱ་བའི་སྔོན་འགྲོའི་བྱ་བ་ཙམ་ཡིན་ནའང༌། ད་དུང་ཡང་དེར་མཐོང་མ་མྱོང་ལ་ཐོས་ཀྱང་མ་མྱོང་མདོག་མདོག་གིས་ཅོལ་ཆུང་ཚོའི་ཧ་ལས་ལས་དང་ཧོན་ཐོར་ཐོར་ལ་ལན་འདེབས་ཙམ་ཡང་ཡིན། གཞན་མ་འོངས་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དོན་ཆེན་ལེགས་འགྲུབ་ཡོང་ཕྱིར་བཀའ་ཁྲིའི་འོས་འགན་དང་ཐད་ཀར་འབྲེལ་བའི་རང་རིགས་ཀྱི་ཆོས་སྲིད་ཕྱོགས་གཉིས་ལེགས་བསྒྱུར་ཡོང་ཐབས་དང་བོད་དོན་བདེན་མཐའ་གསལ་ཕྱིར་སྲིད་ཇུས་ཀྱི་དོན་གནད་འགའ་གཞན་རྩོམ་གྱི་ཐོག་ནས་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ་ཡིན།
2010ལོའི་ཟླ་3ཚེས6ཉིན་སྤེལ།


  གངས་དཀར་སེམས།
 

08.03.2010 10:57:33

གངས་ལྷ་མོ་ལགས ཁམས་བཟང་། ཁྱེད་ཀྱི་རྩོམ་ཡིག་འདིར་གཞིར་བཅོལ་ནས་དཔྱད་བརྗོད་ཅིག་སྤེལ་ན་འདོད། ཁྱེད་ནི་ང་ཡི་མིག་ནང་གི་སྙིང་སྟོབས་དང་ཤེས་ཡོན་ཟུང་ལྡན་གྱི་ཕུལ་བྱུང་བུད་མེད་ཞིག་ཡིན་ལ།ནམ་ཡང་ང་ལ་་འོས་པའི་བཀའ་ཁྲི་ཡང་ཡིན།

 
 
16.03.2010 01:25:27

སྤུན་ཟླ་འཕྲིན་ལས་ལགས་ཀྱིས་གུས་མོར་སྤོབས་པ་སྦྱིན་ཞིང་ཡིད་ཆེས་གནང་བར་དགའ་ནས་ཡོད།

ཁ་མང་གིས་འུར་་བརྫོད་་ལྟར་སྒེར་ངོས་ནི་དབང་ཆ་ལ་རྔམ་མཁན་ཞིག་རྩ་བ་ནས་མིན་ ནའང༌། དབང་ཆ་ནི་འཇིག་རྟེན་པའི་བྱ་བར་ནུས་ལྡན་གྱི་ཐག་གཅོད་ཡོང་ཐབས་ཀྱི་ཡོ་བྱ་ཞིག་ ཡིན་པར་ཡིད་ཆེས་ཡོད། ཡིན་ཡང་རང་གཞུང་དམངས་གཉིས་ལ་དོན་དམ་གྱི་བྱ་བཟང་རེ་འགྲུབ་ཐུབ་པ་འབྱུང་ཚེ། ང་ནི་ཁུག་རྐྱོག་གཅིག་ལ་ཉུལ་ནས་གོ་མེད་ཚོར་མེད་ཀྱི་འཚོ་བ་རོལ་ན་འདོད།

མིའི་ངན་བརྗོད་ཀྱི་དྲག་ཆབ་འོག་ནས་ཐར་འདོད་ཆེ་བ་ནི་ངའི་རེ་འདུན་ངོ་མ་ཡིན་ མོད་ཀྱང༌། བློ་ཕམ་པ་ཞིག་ལ་འདི་ལྟར་ཕན་ཚུན་ཡིད་ཆེས་དང་ཡ་རབ་དབེན་པའི་སྙིགས་མའི་འཇིག་ རྟེན་ཁམས་ཀྱི་མི་ཚོགས་མང་ཆེར་ད་དུང་ཡང་འཇིགས་སུ་རུང་བའི་སྣང་བརྙེན་ཤ་སྟག་ ལས་མ་འདས་སོ། :

 
 
16.03.2010 02:30:20

གངས་ལྷ་མོ་ལགས གླེང་སྟེགས་་ནི་གཡུལ་ས་རེད་་ལ། གླེང་སྟེགས་ནི་ང་ཚོའི་གཤོག་པ་ཡང་རེད། ང་ཚོས་གླེང་སྟེགས་ལ་བརྟེན་ནས་རྒྱལ་ཁ་ལེན་དགོས། ཁྱེད་ནི་གླེང་སྟེགས་ལངས་པའི་དཔའ་མོ་ཞིག་པས་ཁྱེད་ནམ་ཡང་ཕྱིར་བཤོལ་མ་བྱེད། ད་ཐེངས་ཀྱི་དམག་འཐབ་དེ་རྒྱལ་ཁ་ལེན་མི་ཐུབ་ཀྱང་ནམ་ཡང་ཕྱིར་བྱ་མི་རུང་། ངས་ནམ་ཡང་ཁྱོད་ལ་རྣ་བས་གཏོད་ཡོད།

 
 
16.03.2010 04:20:28

སྤུན་ཟླ་འཕྲིན་ལས་ལགས། ང་ཚོའི་སྤྱི་ཚོགས་སུ་ཁྱེད་ལྟ་བུའི་དཔྱོད་ཤེས་ཅན་ཤ་སྟག་ཡིན་ན་ཅི་མ་རུང༌།

གནད་དོན་ཆུང་ཆུང་ཞིག་གིས་ངའི་བསམ་བློར་གཡོ་འགུལ་མི་ཐུབ་ཀྱང༌། ང་ཚོའི་སྤྱི་ཚོགས་འདིའི་གང་སར་གྱི་གནད་དོན་མཐོང་ཡོང་དུས་དངོས་གནས་སེམས་ཕམ་ཆེན་པོ་འདུག

ངན་པ་ཚོའི་ཁ་གཏད་དུ་ཇི་ཙམ་འགྲིང་ཡང་དེ་སྔོན་ད་བར་ང་འདི་ལྟར་ལོག་ལྟའི་ཁོར་ཡུག་འདི་ནས་ཐར་ཐབས་མ་བྱུང༌།དེ་བཞིན་ངས་བཀའ་བློན་ཁྲི་པའི་དྲ་རྒྱར་བཞུགས་པ་ཙམ་གྱིས་ངས་དབང་ཆ་ལ་རྔམ་པ་རེད་ཟེར་མཁན་ཚོར་ཁོང་ཁྲོའང་ལངས་ཡོང་གི་འདུག
ང་གངས་ལྷ་མོ་དབང་ཆ་ཞིག་མ་རག་ནས་ཡུལ་གྱར་སྤྱི་ཚུགས་སུ་འབྱོར་མེད་པར་རྒྱུས་ཡོད་ཚོས་མཁྱེན་ངེས་ལྟར་རེད། ང་་དུས་ནམ་ཡང་དབང་ཆ་ཁོ་ནའི་ཆེད་དུ་འཚོ་དགོས་པ་མེད།

ངས་བཀའ་བློན་ཁྲི་པ་ལྟ་བུའི་དབང་ཆར་གནས་པའི་རང་གི་རིགས་མཐུན་ཚོས་གོ་རིམ་དང་ལྡན་པའི་སྒོ་ནས་དམངས་གཙོ་ལམ་ལུགས་སྤྱི་ཚོགས་གང་སར་དངོས་སུ་ལག་བསྟར་དགོས་པར་མཐོང་གི་ཡོད། སྤྱི་ཚོགས་ཀྱི་ཁ་མང་ཚོས་ལབ་གླེང་ཅི་ཞིག་བྱེད་ཀྱང་བྱེད་པོར་སྨྲ་བརྗོད་རང་དབང་ཡོད་པ་རེད༌། གང་བྱུང་གིས་མི་ལ་ཉེས་མེད་ལོག་ལྟ་འཛིན་ན་ངའི་སྤུ་ཉག་མ་ཙམ་ལའང་གནོད་ཐབས་མེད་ཀྱང་དེ་ནི་ཕན་མེད་གཞན་མང་དག་ཅིག་ལ་སྣེ་ཤེན་ངན་པ་ཙམ་ལས་གཞན་ཅི་ཡང་མ་ཡིན་ནོ།


 
 
16.03.2010 05:10:05

གངས་ལྷ་མོ་ལགས
བཙན་གནོན་འོག་ན་བཙན་གནོན་ཇི་ལྟར་བཏང་པའི་སྔོན་རྗེས་གཉིས་ཀ་དང་རྒྱབ་མདུན་གཉིས་དཔྱོད་ཤེས་ཀྱི་སྲང་ལ་གཞལ་ནས་བྲོས་བྱོལ་དུ་ཡོང་བའི་ཁྱོད་ལྟ་བུར་མཚོན་ན་ཅི་ཞིག་གི་སླད་དུ་བྲོས་བྱོལ་དུ་ཡོང་པ་རེད་དམ།ཅིའི་སླད་དུ་བཙོན་འཇུག་བྱས་པ་རེད།འདི་དག་རེ་རེ་ནས་ལན་མི་དགོས་པར་དྲི་བའི་ལམ་ངེས་ཤེས་རྙེད་ཐུབ།ལྷག་པར་དུ་གུང་ཁྲན་གྱི་སྲིད་ཇུས་དཔེ་དེབ་ནས་ཤེས་པ་ཙམ་མིན་པར་ལུས་ཐོག་མྱོང་པའི་མི་ཞིག་ལ་མཚོན་ན་དེ་ལས་ཀྱང་གུང་ཁྲན་སྲིད་ཇུས་ལ་ཁ་གཏད་གཅོག་སྟངས་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོད་པར་ངེས་ལ།ད་དུང་རྒྱ་བོད་རིག་གནས་དང་ཆབ་སྲིད་རྩེད་སྟངས་ཡོད་ལ་ཉམས་ལེན་མཐིལ་ཕྱིན་པ་ཞིག་ཡིན་པར་ཟུར་བལྟ་ལེབ་མཐོང་རེད།དེས་ན་དབང་ཆ་དང་གྲགས་པ་ད་དུང་བཀའ་ཁྲི་འཇོན་མིན་སོགས་ཡོད་ཚད་ཀྱི་དོགས་སྣང་གསལ་ཐུབ་སྙམ། ཁོ་བོར་ངེས་པ་འདི་ལྟར་རྙེད་ནས་ཁྱོད་རང་གླེང་གིན་ཡོད།

 
 
16.03.2010 05:30:17

ཁྱོད་བཀའ་བློན་ཁྲི་པའི་འོས་གཞི་ནང་ཞུགས་དགོས་པའི་དམིགས་ཡུལ་གྱི་གསལ་ཁ་ད་དུང་ཡང་ཆེན་པོ་མི་འདུག བཀའ་བློན་ཁྲི་པར་ཚང་དགོས་པའི་འོས་ཆོས་རྣམས་ལས་ཁྱོད་ལ་ཇི་ཙམ་ཚང་ཡོད་པ་དྲང་བདེན་དང་འཁྱོག་བཤད་མེད་པ་ཁྱོད་ཀྱིས་གསལ་བཤད་ཁ་གསལ་གཏིང་གསལ་བྱེད་དགོས། དེ་མིན་པ་ཁྱོད་ཀྱི་དམིགས་ཡུལ་དང་འོས་ཆོས་སུ་ལའང་མུན་ནག་བཞིན་མཆིས།

 
 
17.03.2010 01:22:31

སྤུན་ཟླ་ཐོགས་རྒོད་ཁྱེད་རང་ནི་མིང་དོན་མཚུངས་པ་དང༌། སྐད་ཆ་ཐད་ཀར་བཤད་མཁན་ཡིན་དུས་དགའ་པོ་འདུག ཧཧཧ།
ཐོག་མར་དྲ་རྒྱའི་བཀའ་བློན་ཁྲི་པའི་འོས་གཞི་དེ་དག་ནི་འོས་གཞི་དངོས་ཡིན་མིན་ད་ལྟའི་ཆར་གཏེན་འབེབས་མེད་པར་ཤེས་དགོས།

དེ་མིན་ངའི་བྱ་བ་དེ་འདྲ་བརྩམས་པར་དམིགས་ཡུལ་མེད་པར་ག་ལ་སྲིད། རྩོམ་འདི་ནི་ཡུལ་གྱར་བོད་མི་རྣམས་ལ་སྔོན་འགྲོའི་བརྡ་ལེན་ཙམ་ཡིན། བཀའ་ཁྲིའི་འོས་འགན་དང་འབྲེལ་ནས་མ་འོངས་རྩོམ་ཡིག་གཅིག་གི་ཐོག་ནས་གསལ་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད། འདིའང་ངས་ཁྱེད་ལ་ལན་དངོས་ཡིན་ཆོགས།

འོན་ཀྱང་སྤུན་ཟླ་ཐོག་རྒོད་ལགས། ངའི་ཁྱེད་ལའང་ཤེས་རྟོགས་ཡོང་ཕྱིར་གངས་ལྷ་མོ་དང་དྲ་རྒྱའི་ཐོག་གི་འོས་མི་གཞན་དབར་དམིགས་བསལ་མི་འདྲ་ས་འགའ་གཤམ་གསལ་དུ་སྤེལ་འདོད་དེ།
གཅིག
དྲ་རྒྱའི་ཐོག་གི་འོས་མི་གཞན་མང་ཆེར་ཡུལ་གྱར་སྤྱི་ཚོགས་ནས་སློབ་སྦྱོང་གི་གོ་རིམ་བརྒྱུད་པ་ཤ་སྟག་ཡིན་ཡང༌། གངས་ལྷ་མོ་ནི་རྒྱ་ནག་གཞུང་འོག་ཏུ་སློབ་ཆེན་བར་དུ་སློབ་གསོའི་གོ་རིམ་བརྒྱུད་མྱོང་བ་ཞིག་རེད།
གཉིས།
འོས་མི་གཞན་རྣམས་མང་ཆེར་རྒྱ་ནག་གཞུང་གི་བཙན་པོའི་དབང་ཡོད་འོག་ནས་ཁྱིམ་མི་དང་ཡུལ་སྡེ། དེ་མིན་རང་དང་འབྲེལ་བའི་སྡུག་གྱོང་མྱང་མྱོང་བའི་ཁྱིམ་གཞིའི་རྒྱབ་བརྟེན་ཡིན་ཡང༌། གངས་ལྷ་མོ་རང་ངོས་ཚུད་པའི་ཁྱིམ་མི་དག་རྒྱ་ནགཞུང་གིས་གསོ་སྐྱོང་བྱས་པའི་གྲལ་རིམ་གཙང་དག་ཅན་ཟེར་བའི་དབུལ་ཕོངས་གྲལ་རིམ་རེད།
གསུམ།
འོས་མི་གཞན་རྣམས་ལོ་མང་བཙན་བྱོལ་དུ་འཚ་བཞིན་པ་ཡིན་ཡང༌། རྒྱ་ནག་གཞུང་འོག་གི་གནས་སྟངས་ཐད་དངོས་སུ་ཉམས་མྱོང་གི་ཕྱོགས་ལ་ད་དུང་ཡང་ངེས་རྟོགས་དཀའ་བ་ཡིན། གངས་ལྷ་མོའི་གནས་སྟངས་དེ་ལས་ལྡོག་ཡོད་པ་རེད།
བཞི།
དེའི་ནང་མང་པོ་ཞིག་མིང་གྲགས་ཆེན་པོའི་ཆོ་ལོ་ཡོད་ཅིང༌། ཁྱིམ་ཚང་རྫིག་པོ་རེ་ལ་རྒྱབ་གཉེར་བྱས་ནས་མི་མང་དབུས་སུ་དྲེགས་ཉམས་བཏོན་ནས་ཡོད་ཀྱང༌། གངས་ལྷ་མོ་ནི་རྡ་སར་གནས་པའི་གསར་འབྱོར་བ་དཀྱུས་མ་ཞིག་རེད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -