ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

21.01.2010 05:54:27
བེ་རི་འཇིགས་མེད་དབང་རྒྱལ།

ཁ་རྩང་རླུང་བུ་འཚུབ་མའི་ཕུད་ཕྱགས་ཀྱིས།།
གསེར་མདོག་ཉི་འོད་བར་སྣང་དབྱིངས་ནས་དེད།།
སྨུག་པས་རི་ཀླུང་བཀབ་པའི་ཁོར་ཡུག་འདིར།།
ཁ་བའི་འདབ་མང་འཕུར་བའི་ལམ་བུ་བཀག།

རྒུ་ཚིགས་སྐྱ་མོའི་ཁོར་ལག་ཤིན་ཏུ་མཐོ།།
གནམ་སའི་བར་གྱི་སྣང་བ་ཤིན་ཏུ་ཡངས།།
རླུང་དང་ལྷགས་པའི་རྒྱུ་བ་ཤིན་ཏུ་རྣོ།།
སྤྲིན་དང་སྨུག་པ་སྤུན་པ་ཤིན་ཏུ་སླ།།
དགུང་དུས་མུན་པའི་རུ་ཚོན་འཕྱར་བའི་ཁྲོད།།
ཟླ་འོད་མུན་པས་ཁད་ཀྱི་ཟོས་པའི་ཤུལ།།
གྲང་ལྷགས་ཀྱུར་བར་ལྡང་བའི་མཚན་ལྗོངས་སུ།།
རྨི་ལམ་མགྲོན་པོ་བསུས་པའི་མཚན་ཐག་རིང༌།།
ད་ནང་ཞོགས་པའི་སྐྱ་མདའ་གཏོང་མ་ཐག།།
རྨོངས་གཉིད་བྲས་རྫོང་གཏོར་བའི་ཅོང་བརྡ་ཡིས།།
མགོ་བོ་སྔས་ནས་ཧད་ཀྱིས་འཐེན་པ་དང༌།།
ཁྲ་ཆུང་མིག་ཟུང་ཤར་མཐའི་ཕྱོགས་སུ་འཕངས།།
དེ་རིང་སྤྲིན་པས་གནམ་མཐོངས་ཁད་ཀྱིས་སྒྲིབ།།
ཉིན་བྱེད་མཁོར་ལོ་སྤྲིན་པའི་གསེབ་ཏུ་འཚང༌།།
དྲོ་སྐྱིད་འོད་ཐིགས་མི་ཡུལ་འཇིག་རྟེན་འདིར།།
འཕོ་བའི་དུས་བཟང་ད་དུང་ཁག་པོ་རེད།།
གལ་ཏེ་གནམ་གྱི་སྤྲིན་པའི་ཁང་བཟང་ནས།།
འདབ་དྲུག་ཁ་བའི་མེ་ཏོག་འཕུར་བའི་ཕྲེང༌།།
མགོ་ནག་མི་ཡུལ་ས་སྒང་ཧྲིལ་པོ་འདིའི།།
འགུལ་བའི་རྒྱན་དུ་འཕྱངས་ན་སྤྲོ་བ་ལ།།
རྫ་འདབས་ནགས་ཀླུང་འཁྲིགས་པའི་ཁོར་ཡུག་འདིར།།
དགུན་གྱི་རྒན་མོས་གོས་དཀར་མ་བཀླུབས་ན།།
ཕྱོགས་འདིར་དབྱར་གྱི་རྒྱལ་མོའི་ཐུར་འོས་ནས།།
གདུང་སེལ་སྐོམ་གྱི་རེ་བའི་དམིགས་པ་ཕྲ།།
མི་བརྟན་འཁོར་བས་བསྡུས་པའི་འཇིག་རྟེན་འདིར།།
ངེས་མེད་བདེ་སྡུག་འདྲེས་མའི་རླུང་འཚུབ་ཀྱིས།།
གློ་བུར་གང་སར་སྤུར་བའི་སྣང་བརྙན་འདི།།
བདེ་ཆེན་ཐར་ལམ་དྲན་པའི་སྐུལ་འདེབས་ཤིག།
༢༠༡༠ལོ་ ཟླ་ ༡ ཚེས་ ༢༡ ཉིན་རྒྱུན་ལས་ཁང་དུ་བྲིས།
  
 

22.01.2010 06:50:28

རྒན་ལགས། རྒྱུད་ལམ་འདིར་ཕེབས་པ་སྙིང་ནས་དགའ་བསུ་ཞུ།

 
 
24.01.2010 13:02:42

རྒན་ལགས ཞལ་མཇལ་བྱྭང་བ་དང་། མ་ཟད་རྩོམ་ཡིག་ཀྱང་ཀློག་རྒྱྭ་བྱྭང་བས་ཞེ་དྲག་དགའ་པོ་བྱྭང་།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -