ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.01.2020 03:25:10
གངས་དཀར་སེམས།

images/stories/three-women.jpg
ངའི་མི་ཚེའི་ནང་གི་བུད་མེད་གསུམ།

( བརྩམས་སྒྲུང་། )

Three women in my life

我生命中的三個女人

ངའི་མིང་ལ་བཀྲིས་དོན་འགྲུབ་ཟེར། ད་ཆ་ང་ཕོ་ལོ་དྲུག་ཅུ་བརྒལ་ཟིན་པའི་སྐྱེས་པ་ཞིག་ཡིན། ང་ཕྲུ་གུ་གཉིས་ཀྱི་ཨ་ཕ་ཞིག་ཀྱང་ཡིན། ད་ལྟ་ང་མགོ་སེར་ལུང་པ་ཨ་རིར་སླེབས་ནས་ལོ་སུམ་བཅུ་ལྷག་ཙམ་སོང་ཞིང་ད་ཆ་ཕོ་ཧྲིང་ཞིག་ཏུ་ལུས་ཡོད། དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་རིང་པོ་ཡིན་པས་ངས་ག་ལེར་ཁྱོད་ཚོར་བཤད་ཆོག  འདས་སོང་གི་མི་ཚེའི་ཕྱེད་ཀྱི་ནང་ང་བུད་མེད་གསུམ་དང་དངོས་སུ་འགྲོག་འབྲེལ་དམ་ཟབ་བརྒྱུད་ངའི་མི་ཚེའི་ལོ་རྒྱུས་གཙོ་བོའང་དེ་དག་གིས་གྲུབ།


 

ཆུང་དུས་ངའི་ཕ་ལགས་འདས་གྲོངས་སུ་གྱུར་ཚར་ཡང་ཕ་ཡུལ་བོད་ནས་ཨ་མ་གཙོས་སྤུན་མཆེད་ཚོས་བདག་ལ་རེ་བ་ཆེན་པོས་གནང་བའི་ཐོག་སྤུན་མཆེད་ཉེ་འཁོར་ཚོས་སྨོན་ལམ་དང་རེ་བ་ཡོད་ཚད་མེད་ཚད་ང་ལ་བཅོལ་ནས་གྲོང་མགོ་དཔོན་ཚོའི་རྩ་བའི་བླ་མའི་སྐུན་མདུན་ནས་སྐྲ་ཕུད་ཞུས། རབ་ཏུ་བྱུང་རྗེས་རྒྱ་གར་དུ་ཆོས་གཉེར་ཁོ་ནའི་ཆེད་དུ་བྲོས་བྱོལ་དུ་སོང་།

 

 

ལམ་བར་གྱི་དཀའ་ངལ་ལ་ནི་བཤད་ག་ལ་དགོས། ཕྱིར་གྱར་བའི་སྤུན་ཟླ་མང་པོས་མྱངས་མྱོང་བ་ལྟར་ཧ་ཅང་དཀའ་ཚེགས་ཆེན་པོ་བྱུང་། འོན་ཀྱང་ངས་དེ་རིང་བྲོས་བྱོལ་སྐོར་གྱི་བརྒྱུད་རིམ་ཞིབ་ཕྲར་བཤད་རྒྱུ་མིན། ངས་ཐོག་མར་འདི་ནས་ང་གྲྭ་པ་གང་འདྲ་ལོག་མིན་སྐོར་གཅིག་བཤད་དགོས་བསམ་བྱུང་།

 

 

བོད་ནས་རྒྱ་གར་དབར་གྱི་ལམ་བར་རྒྱང་བཞུད་སྐབས་ང་ཚོར་ལམ་རོགས་བསྡོམས་བཅུ་གཉིས་ཡོད་པའི་ནང་བུ་མོ་སྒྲོལ་དཀར་ངེད་གཉིས་ལོ་ཚད་དབང་གིས་ཕར་ཕན་ཚུར་རོགས་ཀྱིས་སེམས་ཐག་ཉེ་པོར་སོང་། མོ་ནི་བུ་མོ་ཧ་ཅང་མཛེས་མ་ཞིག་མིན་ཡང་གཟུགས་རན་ཙམ་དང་ཁ་གཤིས་དྭངས་མ་འདྲ་རེད། སྒྲོལ་དཀར་ལ་སྤུན་ཡ་གཅུང་པོ་གཅིག་ལས་ང་དང་འདྲ་བ་གཞན་ལམ་རོགས་ཚོ་ངོ་ཤེས་ཀྱི་མིན་འདུག ངའང་གཅིག་པུར་རྒྱ་གར་ལ་ཆོས་གཉེར་འགྲོ་བརྩིས་ལས་གཞན་སྤུན་ཉེ་མེད། ངེད་གཉིས་དུས་དེར་ལོ་ཚད་ཀྱང་འདྲ་མཉམ་ཡིན་སྟབས་རང་བཞིན་གྱིས་སེམས་ཐག་ཉེ་པོར་སོང་།

 

 

ལམ་བར་དུ་ཉིན་ཉེར་ལྔའི་རིང་གི་གྱ་གྱུར་དང་དཀའ་སྡུག་མང་པོ་བརྒྱུད་ང་ཚོ་ལམ་རོགས་བཅུ་གཉིས་ཚང་མ་རྡ་སར་བདེ་འབྱོར་བྱུང་། སྣེ་ལེན་ཁང་དུ་སླེབས་རྗེས་ང་དང་སྒྲོལ་དཀར། མོའི་གཅུང་པོ་བཀྲིས་ངེད་གསུམ་འཆམ་མཐུན་དང་འདྲིས་པོའི་སྒོ་ནས་རྡ་སའི་ཁྲོམ་གཙོས་གང་སར་མཉམ་འགྲོ་མཉམ་འདུག་དང་ཕ་ཡུལ་གཅིག་པ་འགའ་དང་ཡང་གཞན་གྱིས་འབྲེལ་མཐུད་སྒོ་ནས་ཐུག་རྒྱུ་བྱུང་།

 

 

སྤྱིར་ན་ཐོག་མར་རྡ་སར་འབྱོར་མ་ཐག་ངའི་སེམས་གཏིང་ལ་བྱུང་མ་མྱོང་བའི་རང་དབང་གི་ཚོར་བ་ངར་མོ་ཞིག་བྱུང་། སེམས་ནང་ད་ནས་བཟུང་ང་རང་དབང་ལུང་པར་སླེབས་ཟིན་པ་རེད། ང་ལ་སུས་ཀྱང་སོ་སོའི་འདོད་མོས་མིན་པའི་བཙན་བཀའ་དང་སུན་བཙིར་བྱེད་མཁན་མེད། ང་རང་ཅི་དགའ་གང་འདོད་བྱ་ཆོག་གི་རེད་ཨང་བསམ་པའི་དགའ་སྣང་གི་ཚོར་བ་ངར་མ་ཞིག་ཡོད་པས་ང་ནི་རྒྱུན་དུ་ནི་རང་མོས་གང་ཤར་དང་འཛེམས་དོགས་མེད་ཅིང་། ཧ་ཅང་སྤྲོ་སྣང་ལྡན་པ་འདྲ་ཞིག་ཏུ་གྱུར།

 

 

ཐེངས་ཤིག་ང་ཁྲོམ་དུ་འཁྱམ་ནས་ཕྱིར་སྣེ་ལེན་ཁང་དུ་འབྱོར་དུས་སྒྲོལ་དཀར་གཅིག་པུར་ང་ཚོའི་ཁང་པའི་ནང་བསྡད་འདུག ངེད་གཉིས་ཅི་འགྲོས་མི་འགྲོས་འགའ་བཤད་ཚར་དུས་མོས་སེམས་འགུལ་ཆེན་པོ་ཐེབས་པའི་ཚུལ་གྱིས་ངའི་ཟུར་ལ་བསྡད་དེ་ཨ་ཇོ་བཀྲིས། ད་བླ་མར་མཇལ་ཁ་རག་ཚར་རྗེས་སྣེ་ལེན་ཁང་གི་དཔོན་པོས་བཤད་པ་ལྟར་ང་ཚོ་ཁ་འཐོར་འགྲོ་གི་རེད།

 

 

ཁྱོད་ང་དང་ཁ་བྲལ་ན་ང་དང་གཅུང་པོ་ངེད་གཉིས་སེམས་པ་སྐྱོ་ས་རེད་ཟེར་བས། ངའི་སེམས་ནང་ལའང་སྒྲོལ་དཀར་ལ་སྔོན་ནས་མོས་འདོད་ཆེན་པོ་ཡོད་མུས་སྐབས་དེར་ང་རང་དབང་མེད་པར་མོ་ལ་ག་ལེར་འཐམ་ནས་འོ་སྦྱོར་ཤོར་སོང་། མོས་ཀྱང་ང་ལ་དགའ་སྣང་དང་ངོ་ཚོ་ཏོག་ཙམ་སྦྲགས་པ་ལས་མིན་ཟེར་རྩིས་མི་འདུག་པས་ངས་དེ་མུར་ཕྱིར་འཁོར་ནས་ཁང་པའི་སྒོ་བརྒྱབ་རྗེས་འདོད་རྔམ་ཆེན་པོས་སྒྲོལ་དཀར་དང་ཕོ་མོའི་བདེ་དགར་རོལ་འགོ་བརྩམས། ཐོག་མའི་སྐབས་སྒྲོལ་དཀར་ཡང་འདར་སིག་སིག་འདྲ་བྱེད་ཀྱི་འདུག་ཀྱང་ཅུང་འགོར་རྗེས་མོ་རང་ཡང་ཧ་ཅང་ཆགས་པ་འཕེལ་ནས་ང་ལ་ཅི་དགའ་བྱེད་བཅུག་སོང་། མཐར་ངས་འདོད་ཆགས་ཡོངས་སྐད་ཅིག་ཏུ་རྫོགས་མཚམས་ངེད་གཉིས་ཀས་གཞན་ཤག་རོགས་ཚོ་ཕྱིར་སླེབས་དོགས་ཀྱིས་འཚབ་ཚུབ་ངང་གོས་གྱོན་ནས་ཕན་ཚུན་ལ་ངོ་ཚ་ཏོག་ཙམ་སྦྲགས་མལ་ཁྲིར་བཙོག་པུར་བསྡད།

 

 

སྒྲོལ་དཀར་ནི་ངའི་མི་ཚེའི་ནང་ལུས་འབྲེལ་ཐོག་མར་བྱེད་སའི་བུ་མོ་དེ་ཡིན་སྟབས་ང་དགའ་ཚོར་ཆེན་པོ་སྐྱེ་དགོས་པ་འདྲ་ངོ་མ་ཡིན། འོན་ཀྱང་ཅུང་འགོར་རྗེས་ངས་བསམ་བློའི་ནང་ཨ་མ་དང་སྤུན་མཆེད་ཀྱིས་ནན་ཏན་ཆེན་པོའི་གཏམ་པོ་གཙོས་ང་གྲྭ་པ་བྱེད་དགོས་པའི་མི་ཚེའི་དམིགས་ཡུལ་སོགས་ས་དྲན་རྡོ་དྲན་བྱས་པར་བརྟེན་རང་བཞིན་གྱི་ཅི་ཡིན་ཆ་མི་འཚལ་བའི་ད་ནི་ཚང་མ་ཚར་སོང་བསམ་པའི་འགྱོད་གདུང་དྲག་པོ་ཞིག་སེམས་ཁོངས་རུས་པའི་གསེང་ནས་མིད་པའི་མཚམས་སུ་ཡར་འཕྱུར་བྱུང་། ངས་སེམས་ཀྱི་ཚོར་ཤེས་དེ་འགོག་མ་ཐུབ་པར་ངུ་ཤོར་སོང་། སྒྲོལ་དཀར་ངའི་རྣམ་འགྱུར་དེར་ཅུང་ཧ་ལས་པ་འདྲ་མངོན་འདུག་ཀྱང་མོས་ངག་འཇམ་པོས་ཨ་ཇོ་བཀྲིས། མ་ངུ་དང་། ད་ནས་བཟུང་ངེད་གཉིས་སོ་སྒར་སློབ་གྲྭར་མཉམ་དུ་འགྲོ་ཆོག་གི་རེད། མ་འོངས་པར་ངས་ཁྱོད་ལ་ཡག་པོ་བྱ་ཆོག རྗེས་མར་ཁྱོད་ཀྱིས་ང་ལའང་ཡག་པོ་བྱ་དགོས་རེད་མ་གཏོགས་ངའི་མ་འོངས་པའམ་མི་ཚེའི་འགྲོ་སྟངས་ཚང་མ་ཁྱེད་ལ་བཅོལ་ཡོད་སོགས་སྙིང་གཏམ་བཤད་ཅིང་སྒྲོལ་དཀར་ཡང་སྔར་དང་མི་འདྲ་བ་སྦ་གསང་མེད་པར་མ་འོངས་པར་ངས་མོ་དང་གཅུང་པོ་བཀྲིས་གཉིས་ལ་གཅིག་གཅིག་གཉིས་གཉིས་གསུམ་གསུ་སོགས་རེ་བཅོལ་དེ་དག་ངས་མ་བསྒྲུབ་ན་མི་འགྲིག་ཚུལ་མང་པོ་བཤད་བྱུང་།

 

 

ང་ཡང་མོའི་སྐད་ཆར་ཉན་གིན་ཉན་གིན་ཅུང་འགོར་རྗེས་སྔར་ཙམ་གྱི་དགའ་སྣང་དེ་ཅུང་ཉམས་ཏེ་སེམས་ནང་འགོག་མ་ཐུབ་པའི་སུན་སྣང་ཁྱད་མཚར་མོ་ཞིག་སྐྱེས། གང་ཡིན་ཟེར་ན། དེ་སྔོན་ངས་སྒྲོལ་དཀར་ནི་ཧ་ཅང་མཛེས་མ་ཞིག་མིན་ཡང་། ཡིད་དུ་འོང་བའི་བུ་མོ་ཉམས་ཆུང་གཞན་ལ་བསམ་ཤེས་མཁན་གྱི་གཤིས་བཟང་མ་ཞིག་རེད་བསམ་པ་འདྲ་བྱུང་ཡང་། ད་ཆ་མོའི་སྦ་གསང་མེད་པའི་སེམས་གཏིང་གི་སྐད་ཆ་དེ་དག་སྐད་ཅིག་ཉིད་དུ་ལོད་ནས་བཟུང་མོ་རང་སྒེར་སེམས་ཅུང་ཆེ་བ་ཞིག་ཡིན་པ་དེ་ཕྱིར་མངོན་བྱུང་། དུས་དེར་མོས་མོ་རང་དང་གཅུང་པོ་གཉིས་ཀྱི་མ་འོངས་པ་ཁོ་ནར་བསམ་བློ་གཏོང་བ་ལས་ད་ཆ་ང་གྲྭ་པ་ལོག་པའི་སེམས་གཏིང་གི་སྡུག་བསྔལ་ལ་དོ་འཁུར་སྤུ་ཙམ་བྱེད་ཤེས་ཀྱི་མི་འདུག་སྙམ་བཞིན་ང་མོའི་ཚོར་བ་ཆེན་པོའི་མཚམས་བཞག་བརྩིས་མེད་པའི་ངུ་བཤད་ཟོལ་གྱི་སྐད་ཆ་དེ་དག་ལ་ཉན་འདོད་མེད་པར་གྱུར།

 

 

ངས་མོའི་སྐད་ཆ་མཚམས་བཅད་དེ་སྒྲོལ་དཀར་ལ་ངས་ཁྱོད་དང་གཅུང་པོ་བཀྲིས་གཉིས་ལ་སོ་སོས་གང་འཇོན་གྱིས་ཡག་པོ་ལོས་བྱ། སེམས་འཁུར་མ་བྱེད། ད་ང་ཕྱི་ལ་ཏོག་ཙམ་འགྲོ་ནས་སླེབས་འོང་ཨ་ཞེས་བཤད་དེ་སྒོ་ཕྱིར་རྒྱུགས་སོང་བ་ཡིན།

ཐོག་མར་ངའི་སེམས་གཏིང་གི་སྐྱོ་སྣང་ངར་མོ་དེ་ཅུང་ཞི་ཐབས་ཆེད་རྡ་སའི་ཁྲོམ་གཞུང་ཟུར་གྱི་རྒྱ་གར་གྱི་ཇ་ཁང་ཞིག་ཏུ་ཇ་ཕོར་པ་གང་མངགས་ཅིང་དེར་ཡོད་བོད་པ་གཞན་འགའ་དང་མི་འདྲ་མིན་ལའང་ཁ་བརྡ་འདྲ་བྱས།

ང་སྣེ་ལེན་ཁང་དུ་སླེབས་ནས་བཟུང་གྲྭ་ཆས་ཕུད་དེ་སྐྱ་ཆས་གྱོན་ཡོད་མོད། གཞན་ལའང་འཛེམས་དོགས་དེ་ཙམ་མི་དགོས་པ་རེད། འོན་ཀྱང་ངའི་ཁ་ནས་སྐད་ཆ་འདྲ་མིན་ཅི་ཙམ་བཤད་ཀྱང་སེམས་ནང་ངའི་ཕ་ཡུལ་ནས་གྲྭ་ཆས་དམར་ཟིང་ངེར་དེ་ཐོག་མར་གྱོན་དུས་ཀྱི་དགའ་སྤྲོ་དང་གཟི་བརྗིད་ཀྱི་ཚོར་བ། དེ་ནས་ཕ་མ་སྤུན་མཆེད་ཀྱི་བསླབ་བྱ་དང་རེ་བཅོལ་སོགས་དྲན་དུས་སེམས་ཀྱི་སྐྱོ་ལྷང་ལྷང་དེ་ཁྱོན་ནས་འགོག་མ་ཐུབ།

 

 

 ང་གྲོང་མཐའི་རི་གཤམ་གྱི་རྒྱུགས་ཆུ་འགྲམ་མམ་སྦག་སུག་ཕྱོགས་སུ་ཁེར་རྐྱང་གིས་སོང་། ལམ་བར་ནས་བསིལ་རླུང་དལ་བུར་ངའི་གདོང་ལ་གཡོ་ཞིང་གནམ་གཤིས་ཧ་ཅང་དྭངས་། འོན་ཀྱང་ང་ནི་བན་རོ་ལྟ་བུའི་སྟོང་སང་སང་གི་སེམས་ནང་མིག་ཆུ་ཤོར་བཞིན་དམིགས་ཡུལ་མེད་པར་རི་གཤམ་གྱི་རྒྱུགས་ཆུའི་འགྲམ་དུ་སླེབས། ངས་སེམས་ནང་སྣ་དགུ་དྲན་ནས་མཚམས་རེར་ཁོང་དགོད་ཤོར་ཞིང་། ལན་རེ་སྐྱོ་གདུང་འཚུབ་མས་སྐད་རྒྱག་པ་སོགས་དེ་འདྲ་མཚན་མོ་བར་དུ་ཡར་མར་འཁྱམ་ནས་བསྡད་པ་ཡིན།

 

 

ངའི་སེམས་སུ་སྐྱོ་སྣང་ཅི་ཙམ་ཆེ་ཡང་ཕྱོགས་གཞན་ཞིག་ནས་ད་ནས་བཟུང་ངས་མ་འོངས་པར་མི་ཚེ་ཡག་པོ་ཞིག་བསྐྱེལ་དགོས་ཨང་བསམ་པ་དེ་གཞན་དང་གཅིག་མཚུངས་ཀྱི་ཡོད། ད་སོ་སོས་བཙོས་པའི་ཆང་དེ་ཞིམ་པོ་མེད་ཀྱང་འཐུང་དགོས་ལྟར་སྒྲོལ་དཀར་ནི་ངའི་མི་ཚེའི་ནང་སྤྱི་བསྒྲགས་བྱེད་རྒྱུ་མ་བྱུང་བའི་གསང་བའི་དགའ་རོགས་ཐོག་མ་དེ་གྱུར། ངེད་གཉིས་གྲོས་འགྲིག་སྟེ་མོའི་གཅུང་པོ་བཀྲིས་ལོ་ཚད་ཀྱིས་མ་སུ་རིའི་སློབ་གྲྭར་བཏང་། ངེད་གཉིས་གཞོན་དར་ཚོ་སློབ་གཉེར་བྱེད་ས་སོ་སྒར་སློབ་གྲྭའམ་ཤེས་རབ་དགའ་ཚལ་གླིང་དུ་སོང་།

 

 

སློབ་གྲྭར་འབྱོར་རྗེས་བུ་བུ་མོ་ཉལ་ཁང་ལོགས་སུ་ཡིན་པ་དང་། ངའང་གཞན་སློབ་གྲོགས་གསར་པའི་དབར་དེ་ཙམ་གྲོགས་འབྲེལ་དམ་ཟབ་མེད་པས་སློབ་གྲོགས་དང་དགེ་རྒན་སུ་ཡིན་ཡང་ང་དང་སྒྲོལ་དཀར་ལམ་རོགས་ཡིན་པ་ཙམ་ལས་དེ་མིན་གྱི་གནས་ཚུལ་ངོ་མ་ཅིའང་ཤེས་ཀྱི་མེད། ངེ་མིན་ངེད་གཉིས་ཀྱང་གསང་བ་ལྟ་བུ་རྒྱུན་དུ་ནས་དེ་ཙམ་ཐུག་གི་མེད། སྐབས་རེར་ངས་སྒྲོལ་དཀར་ནི་ངའི་འདོད་ཆགས་ཕྱུང་ས་ལྟ་བུར་གྱུར་བ་ལས་ང་རང་མོའི་མི་གཤིས་ལ་དེ་ཙམ་མོས་འདོད་ཆེན་པོ་མིན་པ་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན། ང་དང་སྒྲོལ་དཀར་གཉིས་རང་རང་སོ་སོའི་འཚོ་བ་དང་སློབ་སྦྱོང་བྱེད་པ་ལས་རྒྱུན་དུ་མཉམ་དུ་གཤིབ་དུས་ཧ་ཅང་ཉུང་།

 

 

དེ་འདྲ་ལོ་གཅིག་ཙམ་གྱི་རྗེས་ངའི་སློབ་གྲོགས་དང་གྲོགས་པོ་འགའི་ས་ནས་སློབ་གྲོགས་བུ་ཞིག་གིས་སྒྲོལ་དཀར་ལ་ངོ་དགའ་སྤྲད་ལད་མང་པོ་འཁྲབ་ཀྱི་ཡོད་པ་ཤེས་ཀྱང་ང་ནི་དེ་ཙམ་ཧ་ལས་པ་མ་བྱུང་། འོན་ཀྱང་ཉིན་ཞིག་སྒྲོལ་དཀར་གྱིས་ང་སློབ་གྲྭའི་གཤམ་གྱི་རྒྱུགས་ཆུའི་འགྲམ་ལ་སྐད་བཏང་བ་ལྟར་སོང་། མོས་སླར་ཡང་སྔོན་དང་འདྲ་བར་ང་ལ་གཞན་གྱི་མདུན་ནས་སློབ་དགེ་ཚང་མར་ངོ་དགའ་འཁྲབ་དགའ་པོ་ཡོད་པ་དང་རྦད་དེ་ངོ་གཉིས་སུ་གྱུར་ནས་ཚོགས་གཏམ་སྒྲོག་འགོ་བརྩམས། ཁྱོད་ལ་ངོ་ཚ་ཁྱོན་ནས་མི་འདུག ཁྱོད་མི་ངོ་མ་སྡུག་ཆག་ཅིག་རེད་འདུག ཁྱོད་ཀྱིས་ང་ལ་སྣེ་ལེན་ཁང་དུ་ཡོད་དུས་གང་འདྲ་ཟེར་ཁེས་ལེན་བྱས་པ་ཡིན། ད་ཁྱོད་ཀྱིས་ང་དང་གཅུང་པོ་བཀྲིས་གཉིས་ལ་རྩ་བ་ནས་ལྟ་རྟོགས་བྱེད་ཀྱི་མི་འདུག མ་ཚད་ཁྱོད་ཀྱིས་ངའི་མིག་མདུན་ནས་བུ་མོ་གཞན་ལ་དགའ་མདོག་ག་ཚད་སྟོན་ཡིན། ཁྱོད་མི་ཁྲམ་པ་ཞིག་རེད། རེད། ང་བུ་མོ་གཞན་ནང་བཞིན་མཛེས་མ་དེ་འདྲ་མིན། འོན་ཀྱང་ངས་ཡོད་ཚད་ཁྱོད་ལ་སྤྲད་ཟིན་པ་དེ་ཁྱོད་ཀྱིས་ཤེས་གསལ་རེད། ཁྱོད་ཀྱིས་ང་དང་གཅུང་པོ་གཉིས་ལ་ཁ་ཡོད་ལག་ཡོད་ཀྱི་བྱ་བ་ག་རེ་བསྒྲུབས་མྱོང་ཡོད། ད་ང་ཁྱོད་ལ་དཀའ་ལས་ཁག་སོང་། ངེད་གཉིས་དགའ་རོགས་ཀྱི་འབྲེལ་བ་དེ་ད་ནས་བཟུང་མཚམས་བཞག་གི་ཡིན། ང་ལ་དགའ་མཁན་གཞན་དག་ཡོད། ཁོས་ང་དང་གཅུང་པོ་གཉིས་ཀ་ལ་ཡག་པོ་དཔེ་འདྲ་བྱེད་ཀྱིའདུག ད་དུང་ཁོས་བཀྲིས་ལ་དངུལ་དངོས་ཀྱི་རོགས་པའང་མང་པོ་བྱས་བྱུང་། ཞེས་སོགས་བཤད།

 

 

དོན་དངོས་ཐོག ངས་གཞན་གྲོགས་པོའི་ས་ནས་གོ་ཐོས་ལ་ང་ཚོ་ལས་འཛིན་གྲྭ་མཐོ་བའི་སློབ་མ་དོན་འགྲུབ་ཀྱིས་རྒྱུན་དུ་ནས་སྒྲོལ་དཀར་ལ་ཕན་རོགས་བྱེད་པ་མ་ཟད། ཁོ་རང་གཉིས་སློབ་གྲོགས་བུ་མོ་གཞན་འགའ་དང་མཉམ་དུ་རྒྱུན་དུ་ནས་འཆམ་པོ་ཡོད་པ་ཤེས། འོན་ཀྱང་ངའི་སེམས་ནང་སྒྲོལ་དཀར་དང་དོན་འགྲུབ་གཉིས་འཆམ་པོ་ཙམ་ལས་དགའ་རོགས་བསྒྲིག་གི་མེད་པར་གཏན་འཁེལ་ནས་བསྡད། སྐབས་དེར་ངས་དོན་འགྲུབ་དང་སྒྲོལ་དཀར་གཉིས་ངས་མི་ཤེས་ས་ནས་སྔོན་མ་ནས་འཆམ་པོ་ངོ་མ་ཡོད་པ་གཞི་ནས་ཤེས། འོན་ཀྱང་ཅི་ཡིན་ན་མི་ཤེས། ང་ནི་ང་ཚོའི་སློབ་གྲྭའི་དགའ་རོགས་གཞན་དང་འདྲ་བ་སྒྲོལ་དཀར་གྱི་བྱ་བ་དེར་ཁོང་ཁྲོ་དང་ཞེ་སྡང་། ཕྲག་དོག་དང་འཁོན་སེམས་ལྟ་བུ་གང་ཡང་མ་བྱུང་། དེ་ལས་ལྡོག་ནས་ངའི་སེམས་ནང་ལྷོད་ཤིག་ཤིག་འདྲ་ཆག་སོང་།

 

ངས་སྒྲོལ་དཀར། ངས་དེ་སྔོན་ཁེས་ལེན་བྱས་པ་ལྟར་ཁྱོད་གཅེན་གཅུང་གཉིས་ལ་རོགས་པ་གང་ཡང་བྱེད་ཐུབ་མེད། ངས་ཀྱང་དོན་འགྲུབ་ལྟ་བུས་ཁྱོད་ལ་དངུལ་དངོས་ཀྱི་རོགས་པ་བྱེད་དགོས་བསམ་ཡོད་དེ་ངའི་ཕ་ཡུལ་ནས་མི་གཞན་བརྒྱུད་ང་གྲྭ་པ་ལོག་པའི་གཏམ་ངན་གོ་ནས་བཟུང་། ང་ལ་མིག་ཕྱེད་ལྡང་ཕྱེད་བཙུམ་ལྟར་ཁ་ཡ་དེ་ཙམ་གནང་གི་མི་འདུག དེར་བརྟེན། ང་ནི་གཅེར་བུར་དུ་ལུས་པའི་སྤྲང་པོ་ལྟར་ཁྱོད་དང་སློབ་གྲོགས་གཞན་དང་འདྲ་བ་སློབ་གྲྭ་བཀའ་དྲིན་ཅན་འདིའི་འབྲས་དང་སྲན་མའི་ཐུག་པ་རྡ་ལིར་བརྟེན་ནས་ཡོད་པ་ལས་གཞན་ཡོང་འབབ་སྐར་མ་ཞོ་གང་མེད། ངས་ངོ་མ་ཁྱོད་རང་ལ་དོན་འགྲུབ་ལྟ་བུའི་དགའ་རོགས་གཅིག་ཡོད་པར་སྨོན་ལམ་འདེབས་ཀྱི་ཡོད། མ་འོངས་པར་ཁྱོད་གཅེན་གཅུང་གཉིས་ཀར་བདེ་སྐྱིད་ལྡན་པ་ཤོག ཅེས་བཤད་དེ་ངའི་མི་ཚེའི་ནང་གི་གསང་བའི་དགའ་རོགས་ཐོག་མ་སྒྲོལ་དཀར་དབར་གྱི་འབྲེལ་བ་ཉིན་དེར་མཚམས་བཞག་སྟེ་ང་ཡར་ལང་ནས་མོའི་སྔོན་ལ་སོང་བ་ཡིན།  ཤུལ་དུ་སྒྲོལ་དཀར་ཡང་ཅུང་ཡ་མཚན་དང་བཅས་དོན་འགྲུབ་ངེད་གཉིས་འཆམ་པོ་ཡོད་པ་དེ་སུས་ཁྱོད་ལ་བཤད་སོང་ངམ་ཟེར་བའི་སྐད་ཆ་སྒྲ་ཆུང་ངུ་ཞིག་ཁེར་གཏམ་ལྟ་བུ་བཤད་སོང་ཡང་ངས་དེར་ཡ་མ་བྱེད་ནས་སོང་བ་ཡིན།

 

 

ང་སློབ་གྲྭར་བསྡད་རིང་སོ་སོས་དེ་སྔོན་གྲྭ་པ་བྱས་མྱོང་པའི་རྐྱེན་གྱིས་བོད་ཀྱི་སྐད་ཡིག་གཉིས་རང་རྐྱ་འཕེལ་བ་ཙམ་ཡིན་མོད། ཨཱིན་ཡིག་དེ་ཙམ་ཤེས་མིན་དེར་ཏོག་ཙམ་ཤུགས་རྒྱག་པའི་ཁུལ་ཡིན། འོན་ཀྱང་དེའི་རིང་ལས་དབང་གིས་མིན་འགྲོ ང་ལ་རྡ་སའི་ཇ་ཁང་ཞིག་ཏུ་རྒྱུན་དུ་ཡར་མར་འཁྱམ་སྡོད་མཁན་ལས་མེད་ཀྱི་གྲོགས་པོ་བློ་བཟང་དང་ཐུག་ནས་འདྲིས་པོ་འདྲ་ཆག་སོང་།  བློ་བཟང་དེ་སྔོན་ནས་བོད་དུ་སློབ་འབྲིང་བར་འགྲིམས་མྱོང་བས་རྒྱ་བོད་ཨཱིན་གསུམ་རང་རྐྱ་འཕེལ་ངེས་ཡིན་ཡང་ལས་ཀ་གཏན་འཇགས་ལྟ་བུ་ཞིག་མིན་འདུག ངས་ཁོ་རང་གཞུང་ཞབས་མི་བྱེད་དོན་ཅི་ཡིན་དྲིས་པར་ཁོས་ཁྲིམས་དང་སྒྲིག་གཞི་སྲུང་རྒྱུར་མི་དགའ་ཟེར། ཁོ་རྒྱུན་དུ་ནས་གང་སར་འཁྱམ་མྱུར་གྱིས་མཚམས་རེར་ཕྱི་རྒྱལ་ཡུལ་སྐོར་བ་ཚོར་སྐད་སྒྱུར་འདྲ་བྱེད་དེ་སྡོད་ཀྱི་འདུག ཁོས་ཟེར་ན་དེ་སྔོན་ལྟར་ཟ་ཁང་དུ་གཡོག་ལས་རྒྱུགས་བསྡད་པ་ལས་ཕྱི་རྒྱལ་བའི་སྐད་སྒྱུར་སོང་ན་མགོ་སེར་ཚོས་རོགས་པ་བྱེད་གླ་ཐེངས་རེར་གྱ་ནོམ་པོ་སྤྲད་ཀྱི་རེད་ཟེར། དེ་འདྲ་ཡིན་དུས་ཁོས་དངུལ་དེ་དག་སྤྱོད་དེ་ཁང་གླ་སྤྲོད་པ་དང་རྒྱུན་གཏན་གྱི་འཚོ་བའི་འགྲོ་སོང་གཏོང་གི་འདུག

 

 

 

ང་རང་ཡང་སློབ་གྲྭ་ནས་གྲོལ་རྗེས་སེམས་གཏིང་དུ་ཉོབས་སྣང་ཞིག་སྐྱེ་བཞིན་པ་ཡིན་སྟབས་ལོ་གཉིས་སོང་རྗེས་སློབ་གྲྭ་ནས་དོན་ཏེ་མཱེག་ལོག་ཁྲོམ་གཞུང་དུ་གྲོགས་པོ་བློ་བཟང་གིས་ང་ལ་ཁང་གླ་སྤྲོད་མི་དགོས་པར་བྱས་པ་མ་ཟད། དུས་ཡུན་རིང་པོའི་ནང་ཁོས་ང་ལ་སྐར་མ་ཞོ་གང་མི་དགོས་པའི་ཐོག་ནས་ངའི་འཚོ་བའི་ཕྱོགས་ཡོངས་རྫོགས་ལ་ལྟ་རྟོགས་དང་མདོར་ན་ཁོས་ང་གསོས་ནས་བསྡད་པ་རེད། ངས་ཀྱང་བློ་བཟང་ཕྱི་ལ་འགྲོ་དུས་ནང་གི་གཙང་སྦྲ་དང་ཟས་བཟོ་རྒྱུ། མགྲོན་པོར་སྣེ་ལེན་བཅས་ཀྱི་ལས་ཡོངས་ཁེས་ལན་གཙང་མ་བྱེད་ཀྱི་ཡོད། དེ་ནས་ངེད་གཉིས་མཉམ་འགྲོ་མཉམ་འདུག་གིས་རྒྱུན་དུ་ཁྱིམ་འཚེས་གཙོས་ཉེ་འཁོར་གྱི་མི་ཚང་མས་ངེད་གཉིས་སྤུན་འཇགས་ཡིན་ཤག་བྱེད་ཀྱི་ཡོད་པ་རེད།

 

 

བློ་བཟང་ལ་ངོ་ཤེས་ཕྱི་རྒྱལ་བ་བུད་མེད་རྒན་གཞོན་དར་མ་ཅི་རིགས་མང་པོ་ཡོད། ཁོས་ད་དུང་ང་ལ་ཁྱོད་ལ་མགོ་སེར་བུ་མོ་དགོས་ནའང་ངས་ངོ་སྤྲོད་བྱ་ཆོག་ཟེར། འོན་ཀྱང་ངའི་སེམས་ནང་ངོ་ཚ་འདྲ་སྐྱེ་བ་ལས་དེའི་སྐོར་དོ་སྣང་དེ་ཙམ་མ་བྱེད། རྒྱུན་དུ་ནས་བློ་བཟང་གིས་ཕྱི་རྒྱལ་བུ་མོ་དེ་འདྲ་ཐེངས་མང་ནང་ལ་འཁྲིད་ཡོང་བ་དེ་དག་དང་མཉམ་ཟ་མཉམ་འཐུང་འདྲ་བྱེད་དེ་སྡོད་སྲོལ་ཡོད། འོ་རེད། ཕྱི་རྒྱལ་བུ་མོ་དེ་དག་ནང་ལ་ཡོང་དུས་མང་ཆེར་གྱིས་ཟ་འཐུང་གི་འགྲོ་སོང་ཚང་མ་སོ་སོས་གཏོང་གི་རེད། ངེད་གཉིས་ཀྱི་ཁྱིམ་ཆུང་དེའི་གཉེར་པ་འདྲ་པོ་ང་ཡིན་དུས་སྐབས་དེར་ངའི་ལག་ནས་སྐར་མ་གཅིག་གཏོང་མི་དགོས་པར་བརྟེན། བློ་བཟང་གིས་ཕྱི་རྒྱལ་བུད་མེད་ནང་ལ་འཁྲིད་ཡོང་དུས་ངའི་སེམས་ཀྱང་དགའ་ལྷང་ལྷང་འདྲ་ཆགས་ཀྱི་ཡོད།

 

 

དེའི་རིང་ངའི་སྔོན་མ་ནས་ཧ་ཅང་སྐྱོ་བའི་ཕྱི་སྐད་ཀྱང་རིམ་གྱིས་ཡར་རྒྱས་འགྲོ་འགོ་བརྩམས། བུད་མེད་དེ་དག་གི་ནང་ནས་ཨ་རིའི་བུ་མོ་ཁཱེ་ཏི་ནི་རང་ལོ་ཉེར་གཉིས་སོན་ཞིང་རྒྱུན་དུ་ངོ་ལ་འཛུམ་ཆུང་ཞིག་ལྡན། གདོང་ལ་ངོ་ཚ་ཏོག་ཙམ་མངོན་མཁན་ཡིད་འོང་མ་ཞིག་རེད། མོ་རང་སློབ་མ་ཞིག་ཡིན་ལ། རྒྱ་གར་དུ་སློབ་གྲྭའི་དགུང་སེང་བསྟུན་ཡུལ་བསྐོར་སྤྲོ་འཆམ་ལ་སླེབས་པ་དེ་འདྲ་རེད། ངས་ཀྱང་ཐབས་ཤེས་ཡོད་རྒུས་ཁཱེ་ཏི་ལ་ཨིན་སྐད་དེ་ཙམ་དག་མིན་དེ་སྤྱོད་དེ་གང་འཇོན་ཅི་ཡག་གིས་ངོ་དགའ་འདྲ་འཁྲབ་ནས་མོའི་སེམས་འགུལ་ཐབས་བྱས། བློ་བཟང་གིས་ཀྱང་ངའི་རྣམ་འགྱུར་མཐོང་ནས་ཨ་ཕོ་བཀྲིས།

ཕྱི་རྒྱལ་བུ་མོ་ལ་དགའ་ན་དགའ་ཟེར་དགོས་ལེ་རེད། ང་ཚོ་བོད་ཀྱི་གཏམ་དཔེ་ལའང་ཁ་སངས་ན་གོ་བདེ། ནམ་ལང་ན་འགྲོ་བདེ་ཟེར་གྱི་མི་འདུག་གམ་སོགས་རྩེད་མོ་སྦྲགས་ནས་མང་པོ་བཤད་ཀྱི་ཡོད།

འོན་ཀྱང་མོས་ང་ལ་ས་མཚམས་ངེས་གཏན་ཞིག་བཟུང་ནས་ལམ་སེང་དགའ་མདོག་བཏོན་མ་སོང་ལ། རྒྱུན་དུ་ང་ཚོ་མོའི་གྲོགས་ཕོ་མོ་འགའ་དང་མཉམ་དུ་གཙུག་ལག་ཁང་དུ་བླ་མའི་གསུང་ཆོས་ཞུ་ས་དང་་ཆོས་མཇལ་སྐོར་བ་དང་། གང་སར་ཡར་མར་འཁྱམ་པ་ལས་སྔར་བཞིན་སྤྱི་བཏང་བའི་འབྲེལ་བ་ཡིན།

 

 

དེ་ནས་ངས་ད་བུ་མོ་ཁཱེ་ཏིས་ངོ་མ་ང་ལ་དེ་ཙམ་དགའ་གི་ཡོད་ས་མ་རེད་དྲན་ནས་སེམས་ཤུགས་ཀྱང་ཆག་ལ་ཁད་པའི་ཟླ་བ་ཁ་ཤས་རྗེས་ཀྱི་ཉིན་ཤིག་ཁཱེ་ཏི་ནང་དུ་སླེབས་ནས་ང་ལ་ཁྱོད་ང་ལ་ངོ་མ་དགའ་གི་འདུག་གམ། ཞེས་དྲིས་བྱུང་བས་ངས་སྐད་ཆ་དེ་ལོ་མང་གནམ་ཆུ་སྒུག་པའི་ཁུ་བྱུག་གི་སེམས་ཁམས་བཞིན། ང་ངོ་མ་ཁྱོད་ལ་ཧ་ཅང་དགའ། འོན་ཀྱང་ང་ངོ་ཚ་སྨིན་པོའི་བོད་པའི་བུ་ཞིག་ཡིན་ཕྱིན་ཁྱོད་ལ་དེ་འདྲ་ཐད་ཀར་བཤད་མ་ཕོད་ནས་བསྡད་ཡོད། དེ་རིང་ཁྱོད་ཀྱིས་ང་ལ་སྐད་ཆ་དེ་འདྲ་ཞིག་དྲིས་པ་དེ་ངའི་ཚེ་སྔོན་ནས་བསགས་པའི་ལས་དང་བསོད་ནམས་རང་ཡིན། ང་ངོ་མ་ཁྱོད་ལ་དགའ་ནས་དུས་ཚོད་མང་པོ་སོང་སོགས་ཚིག་སྙན་པོ་དང་གཡོ་གཏམ་སྦྲགས་ཡག་མོ་གང་ཤེས་ཚང་མ་མོ་ལ་སྦ་གསང་མེད་པར་དུས་གཅིག་ཏུ་བཤད། ཁཱེ་ཏིས་འོ་ན་ངེད་གཉིས་ཐོག་མ་འབྲེལ་བ་ཏོག་ཙམ་འགོ་བརྩམས་ཆོག ཅེས་ཟེར་བས་ངས་བློ་ཁོག་ཆེན་པོས་དགའ་ཐག་ཆོད་དེ་མོ་ལ་འཐམ་ནས་འོ་སྦྱོར་བ་ཡིན། འོ་རེད་དུས་དེ་ནས་བཟུང་། ཨ་རིའི་བུ་མོ་ཁཱེ་ཏི་ནི་ངའི་མི་ཚེའི་ནང་གི་དགའ་མ་ཨང་གཉིས་པ་དེ་དངོས་སུ་གྱུར།

 

 

ད་མི་ང་ངོ་མ་བསམ་མེད་ཚོར་མེད་འདྲ་ངོ་མ་ཡིན། མཚམས་རེར་བློ་བཟང་དང་ཁཱེ་ཏི་གཉིས་ཀ་ཁྱིམ་དུ་མེད་དུས་ང་རང་ཁེར་རྐྱང་གིས་ལག་པ་སྙིང་ཁར་བཞག་ཏེ་བསམ་བློ་དེ་འདྲ་གཏོང་གི་ཡོད། དེ་གང་ཡིན་ཟེར་ན། སྐབས་དེར་ང་ཁཱེ་ཏི་ལ་དགའ་དོན་གཙོ་བོའམ་དོན་དམ་པར་ཐོག་མར་ང་ནི་ཡོང་འབབ་ཅིའང་མེད་པའི་འཁྱམ་པོ་ཞིག་དང་། གཉིས་ནས་སོ་སོར་འཇོན་ནུས་ཅིའང་མེད། སྲིད་གཞུང་ལ་རོགས་རམ་འདྲ་འཚོལ་དགོས་བསམ་ཡང་དེའང་ངོ་ཚ་ནས་ཞུ་མ་ཕོད། གྲོགས་པོ་བློ་བཟང་གིས་ངའི་ལྟོ་གོས་གཏམ་གསུམ་ལ་ཕན་རོགས་ཀྱིས་ང་གསོས་ནས་ལོ་འགའ་སོང་བར་བདེན་ཡང་ངས་ཀྱང་ཁོས་ང་ལ་སྤྲད་པའི་དངུལ་དེ་དག་ཧ་ཅང་འགྲོན་ཆུང་གིས་འཚོ་བ་བསྐྱེལ་དགོས་པ་ལས་འབེལ་འབེལ་ལྷུག་ལྷུག་དེ་འདྲ་རྩ་བ་ནས་མིན། ང་ནི་སྐབ་དེར་ཟ་འདྲེ་གསོན་པོ་ཞིག་ལས་མིན་པས་ངའི་སེམས་ནང་རྟག་པར་གྲོགས་པོ་བློ་བཟང་དང་སོ་སོར་ངོ་གནོངས་ནས་ཡོད། ང་ནི་ཟ་ཁང་དུ་གཡོག་ལས་ཙམ་ཡང་མི་འཇོན་པས་དྲེགས་པ་སྟོང་པ་ལྡན་མཁན་རེད།

 

 

བཟང་པོ་དང་ཡོངས་འབབ་ཡོད་པའི་ལས་ཀ་ནི་ང་ལྟ་བུ་ལྷ་འདྲེ་གང་ལའང་མི་ཐེ་བའི་མི་ཐེབས་ཆགས་གཅིག་གིས་མི་རག ད་ནས་ཕྱི་རྒྱལ་བུ་མོའི་དངུལ་ལ་བརྟེན་ནས་སྡོད་ན་ཕྱི་རྒྱལ་བ་དེ་དག་གིས་ཁྱོད་ལ་དངུལ་དངོས་སྟེར་བ་ལས་དེ་དག་ལ་རྒྱུན་རིང་པོའི་ནང་བོད་པ་ལྟ་བུའི་དྲིན་བཟོ་རྩ་བ་ནས་བྱེད་མི་དགོས་སྟབས་སེམས་བདེ་པོ་འདྲའང་རེད། གང་ལྟར་ཡང་ང་ནི་མི་སྐྱུག་བྲོ་བ་ཞིག་ཡིན་པ་དེ་སོ་སོས་ཁེས་ལེན་ཡོད།

དེ་རྗེས་ང་དང་ཁཱེ་ཏི་གཉིས་འཆམ་རུ་སོང་ཐོག ཐེངས་གཅིག་མོས་ང་ལ་ལུས་འབྲེལ་བྱེད་རྒྱུའི་སེམས་ཚོར་སྟོན་སོང་བས་ངའང་ཐེ་ཚོམས་ཙམ་མ་བྱས་པར་བདེ་བར་འཇུག་པར་བྱས། སྤྱིའི་ཆ་ནས་བཤད་ན་ང་ནི་འཁྲིག་སྤྱོད་ཀྱི་ཤེས་བྱ་དེ་ཙམ་མི་ཤེས་མཁན་ཞིག་རེད། ཡིན་ཡང་ཁཱེ་ཏིས་ང་ལ་གང་འདྲ་དགོས་མིན་ཞིབ་ཏུ་བསླབ་པ་མ་ཟད། ངས་མོའི་ལུས་གཟུགས་ཡོངས་ལ་འཕུར་གཉེར་བྱེད་དེ་མོའི་འདོད་པའི་ཚོར་བ་རྒྱས་རྗེས་གཞི་ནས་གཉིས་སྦྱོར་ལ་རོལ་འགོ་བརྩམས་རྒྱུ་དང་། དེའང་མཚམས་རེར་མོས་ངའི་འཕོང་ཚོས་ནས་ཡར་འཐེན་ནས་ངའི་ལུས་ཀྱི་གཡོ་འགུལ་ལ་གཞོགས་འདེགས་ཀྱང་བྱེད་ཅིང་ངེད་གཉིས་རྒྱུན་དུ་ནས་ནང་དུ་བསྡད་དེ་ཆགས་སྲེད་ཀྱི་ལས་སུ་འཇུག་གི་ཡོད། མོ་ནི་ཧ་ཅང་འདོད་ཆགས་ཆེན་པོ་ཞིག་ཡིན་ཡང་ང་ལའང་སྐབས་དེར་ཡིད་ཚིམས་པ་ལྟར་ཚོར་གྱི་ཡོད།

 

 

ཁཱེ་ཏིས་ང་ལ་ཁེས་ལེན་དམ་བཅའ་མང་པོ་བྱེད་དེ་མོ་ཨ་རིར་ཕྱིར་ལོག་རྗེས་ང་ལམ་སེང་འཐེན་ཐབས་བྱ་རྒྱུ་བཟོས་བྱུང་བས་ངའི་སེམས་ནང་ལའང་ཕྱི་མི་ཚོས་མངོན་གསལ་གྱི་སྒོ་ནས་དོན་དངོས་དེ་ཤེས་ཀྱི་མེད་ཀྱང་ངོ་མ་དབུལ་ཕོངས་ཀྱི་མི་ང་ལྟ་བུ་ཞིག་གི་སྐྱབས་གནས་དཀོན་མཆོག་དེ་ཁྱོད་ཡིན་བསམ་པ་ཞིག་ལས་གཞན་དྲན་གྱི་མེད།

སྤྱིར་ན་བུ་མོ་ཁཱེ་ཏིའི་སློབ་ཆེན་གྱི་དགུང་སེང་ལོ་ཕྱེད་ཙམ་ལས་མེད་ཀྱང་མོས་ངའི་ཆེད་དུ་ཟླ་བ་གསུམ་ལྷག་མར་བསྡད་ཅིང་ལོ་ཕྱེད་ལྷག་རྡ་སར་ལུས། མཐར་མོ་ང་དང་ཁ་བྲལ་རྗེས་ངའི་མི་ཚེའི་འདུན་མ་ཡོངས་རྫོགས་བརླགས་པ་ལྟར་དུས་ཡུན་ནང་ངའི་མིག་ངོར་མུན་ནག་ལྟར་གྱུར་སོང་།

 

 

དེའི་རིང་མོས་ཡིག་ཆུང་དང་སྦྲགས་ཨ་རི་ནས་ང་ལ་དངུལ་ཉུང་ཙམ་རེ་བསྐུར་བ་མ་ཟད། ལོ་རྗེས་མའི་ཟླ་བཅུ་གཉིས་ལ་སླར་ཡང་རྒྱ་གར་དུ་ཡོང་གི་ཡིན་ཟེར་བས་ངས་མོ་སྒུག་ཡུན་དེ་ཉི་མ་ལོ་ལས་རིང་བ་ལྟར་བྱུང་། དེ་ནས་ལོ་རྗེས་མར་ཁཱེ་ཏིས་སླར་ང་ལྟ་སར་སླེབས་རྗེས་མོས་ཟེར་ན་ད་ཐེངས་མོ་རང་གིས་ཕྲུ་གུ་འཁོར་བཅུག་གི་ཡིན་ཟེར། དེའང་ངེད་གཉིས་ཀྱི་དེ་སྔོན་སྐད་ཆ་ཡོད་པ་ལྟར། ཁཱེ་ཏིས་ང་ཨ་རིར་འཐེན་ཕྱིར་ཐབས་ཤེས་དེ་བཏོན་པ་རེད་ལ་དེ་ལ་ལམ་འགྲོའང་ཧ་ཅང་ཡག་པོ་རྒྱུགས་ཏེ་ལོ་གཅིག་མ་འགོར་བར་ངའང་ང་ཚོ་ཡུལ་གྱར་བའི་བོད་པ་མང་པོས་དཀའ་ལས་རྒྱག་གི་ཡོད་པ་ལྟར་དཀའ་ཚེགས་གང་ཡང་མ་བྱུང་བའི་སྒོ་ནས་རྨི་ལམ་ལྟ་བུའི་ཞིང་ཁམས་ཨ་རིར་སླེབས་ཐུབ་པ་བྱུང་། ཁཱེ་ཏི་ཨ་རིར་སློབ་མ་ཞིག་ཡིན་ལ་མོའི་ཨ་ནེ་མཉམ་དུ་འཚོ་བ་ལས་ཕ་མ་གཉིས་ལ་བུ་མོ་མོ་རང་ལས་མ་བྱུང་ཡང་མོ་ཆུང་དུས་ནས་ཁོང་གཉིས་ཀ་གྲོངས་སྔ་སྟབས་མོ་ནི་དྭ་ཕྲུག་མ་ལྟ་བུ་ཞིག་རེད།

ང་ཨ་རིར་སླེབས་ཉིན་མོར་ངའི་མི་ཚེའི་ནང་ཧ་ལས་པའི་དོན་དག་ཐོག་མ་དེ་བྱུང་། ངེད་གཉིས་གནམ་ཐང་ནས་མོའི་ནང་ཨ་རིའི་ཉུག་ཡོག་གི་གྲོང་ཁྱེར་གསང་ལམ་ཞིག་གི་མཐའ་རུ་སླེབས་དུས་ང་དེར་ཡོད་པའི་ཐོག་རྩེགས་ཀྱི་ཁང་ཆེན་གནམ་ལ་ཟུག་འདྲ་དེ་ཚོར་ཧ་ལས་པར་གྱུར། དེ་ནས་ངེད་གཉིས་མོའི་ནང་དུ་སླེབས་དུས་ང་ནི་དེ་བས་ཧ་ལས་པ་བྱུང་། གང་ཡིན་ཟེར་ན་མོ་དང་ཨ་ནེ་གཉིས་སྟར་ཕྲེང་འགྲིག་པའི་ཁང་རྙིང་ཞིག་ནང་བསྡད་འདུག་ལ་གོ་རའི་ནང་ལའང་དེ་ཙམ་གཙང་སྦྲ་མེད་པར་ཤོག་བུ་གད་སྙིགས་མང་པོ་ཡོད་པ་དེ་མཐོང་དུས་ངས་རྡ་སའི་རྡ་ཤོད་ཀྱི་རྒྱ་གར་བའི་ཁྲོམ་གྱི་ལམ་ཟུར་དེ་ཚོའང་མིག་ངོར་ཝ་ལེར་ཤར།

 

 

 

ད་ངས་ང་ཨ་རིར་སླེབས་ནས་ལོ་མང་སོང་རྗེས་ཐོག་མའི་སྐབས་སུ་ང་རྡ་སར་ཡོད་དུས་ཉེ་འཁོར་གྱི་བོད་རིགས་སྤུན་ཟླ་མང་པོས་སེམས་ནས་སྒོམ་བཞིན་པའི་དྭག་ཞིང་དེ་མིན་པ་གཞི་ནས་ཤེས། གང་ཡིན་ཟེར་ན། ང་ཨ་རིར་སླེབས་རྗེས་ང་དང་ཁཱེ་ཏི་ངེད་གཉིས་ལུགས་མཐུན་གྱིས་ཕྱི་ལུགས་ལྟར་གཉེན་བསྒྲིགས་བཟོས། དེ་ནི་མོའི་ཨ་ནེ་དང་གྲོགས་ཕོ་མོ་ཡག་ཤོས་ཚོས་ང་ལ་སྟེར་བའི་མཐོང་ཆེ་ཤོས་དེ་རེད་འདུག ཡིན་ཡང་ངེད་གཉིས་ཀྱིས་མོ་དང་ཨ་ནེས་གཡར་བའི་དངུལ་མང་པོ་སྤྱོད་དེ་ཕྱི་ལུགས་ཀྱི་ལྷ་ཁང་དུ་གཉེན་སྟོན་གྱི་མཛད་སྒོ་ལ་ཕན་ཚུན་ཁེས་ལེན་དམ་བཅའ་དེ་དག་བྱེད་དུས་ངའི་སེམས་ལ་དགའ་སྣང་གི་ཚོར་བ་སྐྱེ་རྒྱུ་མེད་པར་ལྗིད་ཏིག་ཏིག་གི་སེམས་འཁུར་ཞིག་ཀྱང་ཅི་ཡིན་མི་ཤེས་ནས་བྱུང་།

 

 

 

ད་རྙོགས་བཤད་མཚམས་བཞག་སྟེ་ངས་ཨ་རིར་དཀའ་ལས་གང་འདྲ་རྒྱག་མིན་ཏོག་ཙམ་བཤད་འདོད་ཡོད། ཐོག་མར་ཁཱེ་ཏིར་ཕྲུ་གུ་སྦུམས་ཡོད་པས་དེ་སྔོན་མོས་ཕྲུ་གུ་ཆུང་ཆུང་ལ་ལྟ་སྐྱོང་བྱེད་པའི་ལས་ཀ་

( Child care ) དེ་རང་བཞིན་གྱིས་མཚམས་བཞག་དགོས་གྱུར། དེ་ནས་ཁྱིམ་ལ་དངུལ་དགོས་པས་ཁཱེ་ཏིའི་ཨ་ནེས་གྲོགས་པོ་བརྒྱུད་ང་ལ་གསོལ་མགྲོན་ཁང་ཆུང་གྲལ་ཞིག་གི་ཟས་ཁང་དུ་ཅ་དངོས་ཡར་མར་དབོར་འདྲེན་གྱི་ལས་ཀ་ཐེབས་ཆགས་གཅིག་འཚོལ་རོགས་བྱས། དེའི་རིང་ངས་ཧུར་ཐག་འབད་ཐག་གིས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་རིགས་ཀྱི་ཚ་རྒྱུད་ཅིག་གི་ནུས་པ་ཡོད་ཚད་མེད་ཚད་བཏོན་ནས་ལས་ཀར་བཞུགས་པས་ངས་ཐོག་མར་ཨིན་ཡིག་ཡར་རྒྱས་གཏོང་ཐུབ་པ་བྱུང་བ་དང་གཅིག ལས་གནས་ཐོག་ལས་བྱེད་དངོས་ཀྱི་རྗེས་སུ་རྒྱུགས་ནས་རོགས་བྱེད་རྒྱུའི་ཞོར་དུ་སོ་སོས་ཀྱང་ཅ་དངོས་དབོར་འདྲེན་བྱེད་སའི་རླངས་འཁོར་ཁ་ལོ་བསྐོར་བར་སྦྱོང་། དེ་ནས་ཅ་དངོས་དབོར་འདྲེན་བྱེད་སའི་འཕྲུལ་འཁོར་ཆེན་པོ་དེ་ལའང་དངོས་སུ་ལག་པས་འཆང་ཆོག་པའི་ཆ་རྐྱེན་ཚང་བ་བྱས། ངས་འདིར་ངས་བྱས་པ་དེ་དག་ཚིག་ཁ་ཤེས་ཀྱིས་བསྡུས་པ་བྱས་ཡོད་མོད། འོན་ཀྱང་དེ་འདྲ་ཙམ་བྱེད་ཐུབ་པ་དེ་ནི་ངའི་མི་ཚེའི་ནང་གི་ནུས་ཤུགས་ཡོད་རྒུ་བཏོན་ཞིང་སྡུག་དཀའ་ལས་གཞན་ལས་ཧ་ཅང་མང་བ་རྒྱག་ཡོད་པ་དེ་དག་ནི་གཞན་ལ་བཤད་ཀྱང་ཡིད་ཆེས་རྒྱུ་དཀའ་མོ་ཡིན་སྲིད། གང་ལྟར་ཡང་ངས་སོ་སོའི་ལས་ལག་པ་གཉིས་དང་སྡུག་དཀའ་ལས་རྒྱག་པའི་འབྲས་རྟགས་སུ་ང་ལ་མཚོན་ན་ངའི་མི་ཚེའི་ནང་ཧ་ཅང་མང་པའི་དངུལ་དང་སྒོར་མོ་དེ་འདྲའང་བསགས་ཐུབ་པ་བྱུང་།

 

 

 

 

ངས་དེ་རྗེས་ཁང་ལས་བྱེད་ས་གཅིག་ཏུ་ཨར་ལས་ཀྱི་ས་རྡོ་ཡར་མར་དབོར་འདྲེན་བྱེད་སའི་འཕྲུལ་འཁོར་དེ་འདྲ་ཞིག་ལའང་བསྐོར་ཤེས་ནས་ལས་ཀ་དེ་རག་པ་མ་ཟད་དེར་ལོ་བཅུ་གཉིས་ཙམ་སོང་འདུག མིག་གཡུགས་ཐེངས་གཅིག་གིས་ད་ལྟ་ང་ལ་བུ་བུ་མོ་གཉིས་ཡོད། ངའི་ཆུང་མ་ཁཱེ་ཏི་ནི་སྔར་ལྟར་མིན་པར་ཕྲུ་གུ་གཉིས་བྱུང་རྗེས་ལུས་པོ་ཧ་ཅང་རྒྱགས་ལུག་ཏུ་ཆག་པ་མ་ཟད། ཅི་ཡིན་ན་ངས་ཀྱང་མི་ཤེས། དེ་མིན་མོའི་ཨ་ནེའང་སྔར་ལྟར་ང་ལ་ངོ་དགའ་བྱེད་རྒྱུ་མིན་པར་ངའི་སྐོར་བཤད་རྒྱུ་གཏམ་རྒྱུ་མང་དུ་སོང་འདུག ངས་དཀའ་ལས་མང་པོ་བརྒྱབས་ནས་ངེད་ཚོར་ཁང་པ་ཞིག་ཉོ་ཐུབ་པ་བྱུང་ཞིང་འཚོ་བའི་ཐོག་གང་ས་ཅིའི་ཐད་ནས་ང་རང་གིས་འགྲིག་ཐག་གཅོད་ཡོད་སྙམ།

 

 

 

འོན་ཀྱང་ཁཱེ་ཏིས་དེའི་རིང་མོའི་མཐོ་སློབ་སྐབས་ཀྱི་དགའ་རོགས་དེ་དང་ཐུག་འདུག་པའི་སྐོར་གཞན་མི་བརྒྱུད་ནས་ངས་ཤེས་རྟོགས་བྱུང་། འོན་ཀྱང་ངས་ཁཱེ་ཏི་ནི་ངའི་ཁྲིམས་མཐུན་ལུགས་མཐུན་ནམ་ཁེས་ལེན་དམ་བཅའ་བྱས་ནས་ཆང་ས་བརྒྱབས་བཞག་པའི་ཆུང་མ་ཡིན་ལ། ངས་མི་ཚེའི་ནང་རྒྱ་གར་དུ་སྤྲང་འཁྱམ་གྱིས་འཚོ་བ་སྤྱོད་དུས་ལས་ལྡབ་ལོག་གི་འཚོ་བའི་དཀའ་སྡུག་མྱངས་ནས་དངུལ་བསག་ནས་མ་འོང་པར་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྱེལ་བསམ་པ་དེར་འགྱུར་བ་མེད། འོན་ཀྱང་ཉིན་རེའི་རྒྱུན་གཏན་གྱི་འཚོ་བའི་ནང་ཁཱེ་ཏི་མོ་རང་ཉིན་རེ་བཞིན་ནང་དུ་ཡོད་དུས་ཕྲུ་གུ་གཉིས་ལ་བསླབ་བྱ་སློབ་གསོའི་སྐོར་ཕྱི་ལུགས་ལྟར་ལས་ང་ཕྲུ་གུའི་ཨ་ཕ་བོད་པ་ཞིག་ཡིན་པར་བསམ་གཞིགས་ཙམ་ཡང་བྱེད་སྲོལ་མེད་པ་དེ་ངའི་སེམས་ལ་ངོ་མ་ཅུང་ཕོག་གི་འདུག དེ་བས་ཀྱང་མོས་བུ་བུ་མོ་གཉིས་ལ་ཟ་ལུགས་འགྲོ་སྟངས་ཡོངས་རྫོགས་ཕྱི་ལུགས་ལྟར་ངར་ཤུགས་དང་བཅས་བསླབ་ཀྱི་རེད། ཡིན་ཡང་ང་རང་བོད་པའི་ཡ་རབ་བཟང་སྤྱོད་སྐོར་ཁོ་ནར་བསམ་བློ་གཏོང་ནས་ཁོ་ཚོ་ངའི་བཟའ་ཟླ་དང་བུ་རྒྱུད་ཡིན་པའི་ཆ་ནས་ད་མི་ཚེའི་ནང་བདེ་སྐྱིད་ལྡན་པ་ཞིག་འབྱུང་ན་ཁོ་ཚོས་ཅི་དགའ་བྱེད་ན་མི་འགྲིག་རྒྱུ་མི་འདུག་སྙམ་ནས་ཅིའང་མ་བཤད་ནས་ཁ་རུག་གེར་བསྡད།

 

 

 

འོན་ཀྱང་གཞན་བརྒྱུད་མོས་དེ་སྔོན་གྱི་དགའ་རོགས་དང་མཉམ་དུ་ཉེ་ཉེ་ཧ་ཅང་བྱེད་ཀྱི་ཡོད་པ་ཐོས་འཕྲལ་ངས་ཀྱང་བསམ་བློ་ཕལ་མ་ཞིག་འཁོར་ནས་དོན་དམ་བྱ་བ་དེ་རྒྱལ་ཁབ་འདིའི་ནང་ཁྲིམས་འགལ་ཡིན་ཡང་བཟའ་ཟླའི་མི་མཐོང་ས་ནས་སོ་སོས་ལྐོག་ནས་དངུལ་ཏོག་ཙམ་ལོགས་སུ་བསགས་ནས་བཞག་པ་ཡིན། ཆུང་མས་ང་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་སྐྱེས་རྗེས་ནས་བཟུང་། མོའི་ཨ་ནེའི་ངན་བསྐུལ་གྱི་ཁ་ལ་ཉན་སྟེ་ལས་མཚམས་རྦད་དེ་བཞག་པ་མ་ཟད། ངའི་དངུལ་ཕོག་ལ་གཅིག་གཅིག་གཉིས་གཉིས་ཀྱིས་ཇུས་རྟོགས་ཧ་ཅང་དོ་ནན་བྱེད་འགོ་བརྩམས་བྱུང་། ཐོག་མར་ངས་བསམ་པར་མོ་རང་ངའི་ཆུང་མ་ཡིན་པས་དངུལ་མོའི་ལག་ཏུ་བཞག་ནའང་སྐྱོན་མི་འདུག་བསམ་ནས་མོ་རང་དང་ངེད་གཉིས་དངུལ་ཁང་གཅིག་བཟོས་པའི་ནང་བཞག་རྗེས་ངེད་གཉིས་ཀས་དེ་བེད་སྤྱོད་གཏོང་ནས་ཁང་པ་ཞིག་ཉོ་བརྩིས་སྐོར་གོ་བསྡུར་འདྲ་བྱེད་ཀྱི་ཡོད།

 

 

འོན་ཀྱང་ལོ་དང་ཟླ་བ་བརྒྱུད་ངའི་སེམས་སུ་དེ་སྔོན་ང་དང་ཆུང་མ་ཁཱེ་ཏི་བོད་པའི་ཡུལ་གྱར་ལུང་པ་རྡ་སར་ཐུག་པའི་མཛེས་སྡུག་ལྡན་པའི་ཡིད་འོང་གི་ཕྱི་དྲན་དེ་དག་ལོ་དང་ཟླ་བ་བཞིན་མོའི་སྤྱོད་ངན་གྱིས་རེ་རེ་བཞིན་ག་ལེར་ནག་བསུབ་གཏོང་བཞིན་པ་དང་མཚུངས་བྱུང་།

དེ་ནས་བུ་ལོ་བཅོ་ལྔར་སོན་པའི་སྐྱེས་སྐར་ཉིན་མོར། ང་ཚོས་སྐྱེས་སྐར་གྱི་མཛད་སྒོ་ཅུང་དྲ་རྒྱས་པོ་ཞིག་གོ་བསྒྲིགས་བྱས། ཁཱེ་ཏི་དང་མོའི་ཨ་ནེས་གྲོགས་ཕོ་མོ་མང་པོར་མཛད་སྒོར་སྐད་གཏོང་འདུག ངས་ཡར་མར་ཅུང་ཐག་རིང་པོ་ཡིན་ཡང་ངོ་ཤེས་ཀྱི་བོད་པ་འགའ་ཡང་མཛད་སྒོར་སྐད་བཏང་བ་ལྟར་སླེབས་བྱུང་། ངའི་ངོ་ཤེས་བོད་པ་དེ་ཚོས་ས་སྐྱེས་རྡོ་སྐྱེས་ཀྱི་ཕྱི་རྒྱལ་བ་གཞན་དང་མི་འདྲ་བ་ང་ལ་མགྲོན་པོར་སྣེ་ལེན་དང་ཟས་གཡོ་བསྐོལ། ཟས་སྣ་གཤམ་རོགས། མཛད་སྒོ་གྲོལ་རྗེས་ཀྱང་དེའི་ནང་གི་ངོ་ཤེས་ཨ་ཅེ་གཡང་ཅན་ལགས་གཙོས་ཁོང་རྣམས་ཀྱིས་ངའི་ཁང་པ་ཕྱི་ནང་གང་སར་གཙང་སྦྲ་སོགས་ཞབས་ཞུའི་རིགས་ཀྱི་ལས་ཀ་ཚང་མ་མཉམ་རུབ་ཀྱིས་རོགས་པ་གནང་བྱུང་།

 

 

 

སྐབས་དེར་ངའི་སེམས་སུ་ཕྱི་རྒྱལ་བ་ཟེར་བ་འདིའི་རིགས་ནི་སྒྱིད་ལུག་ཆེ་བ་ངའི་ཆུང་མ་དང་མོའི་ཨ་ནེ་ལྟ་བུ། བཤད་རྒྱུ་འབེལ་པོ་ཁ་མཁས་ལྕེ་སྲབ་ཐུག་བསྡུར་མཁན་བདག་འཛིན་ཆེ་བ་ལྟ་བུ་ལས་དོན་དམ་གཞན་ཕན་ཟེར་བ་དེ་ཁྱོན་ནས་ཤེས་ཀྱི་མི་འདུག་ལ། མི་དགོས་རྒྱུ་ཁེངས་དྲེགས་ཚ་བ་དེ་འདྲ་རེད། འོན་ཀྱང་ངའི་རིགས་མཐུན་སྤུན་ཟླ་དེ་དག་ནི་ག་དུས་ཡིན་ཡང་ངོ་ལ་འཛུམ་ལྡན་ཞིང་གཞན་ལ་ངོ་གསོ་ཤེས་པ། གཞན་ལ་བག་ཚ་གུས་ལུགས་དང་འཛེམས་ཟོན་ལྡན་པ། གཞན་ཕན་གྱི་སེམས་རྩ་ཡོད་པ་རེད་ཨང་བསམ་ནས་ང་རང་ལྐོག་ནས་སེམས་འགུལ་ཡང་ཐེབས་སུ་བཅུགས་ཀྱི་ཡོད།

 

 

 

འོན་ཀྱང་ཁཱེ་ཏི་དང་མོའི་ཨ་ནེས་བོད་པ་ཚོ་ནི་དོན་དམ་པར་བྲན་གཤིས་ཆེ་བ། ངོ་ཚ་རྨིན་ཞིང་གཡོ་འཕྲུལ་ཆེ་བ། རང་གཤིས་མེད་པ་གཡོག་ལས་ལ་བྱང་བ་ཤ་སྟག་རེད་ཟེར་ང་ལ་ཐེངས་མང་བཤད་མྱོང་། ད་དུང་མོ་གཉིས་ནས་ངེད་གསུམ་དོན་མེད་ཀྱིས་ཁ་རྩོད་འདྲ་ཤོར་དུས་ང་ལའང་དེ་ལྟ་བུའི་འདུ་ཤེས་གཏིང་ཟབ་པོ་ཞིག་འཛིན་ནས་ངས་སྡུག་དཀའ་ལས་ཡོངས་རྫོགས་བརྒྱབས་ཏེ་ཁང་པ་ཉོས་པ་དེ་ཁོ་རང་གཉིས་ཀྱིས་སྒེར་བདག་བྱ་འདོད་དང་། དེ་མིན་ཁཱེ་ཏིས་ང་ལ་མི་སུ་ཡིན་ཡང་རང་དབང་དགོས་རེད། ངེད་གཉིས་ལ་ཕྲུ་གུ་གཉིས་བྱུང་རྗེས་ངས་ཁྱོད་ལ་བརྩེ་དུང་དེ་ཉིན་རེ་བཞིན་ཉམས་བཞིན་པ་ཡིན། དེ་བས་ངེད་གཉིས་ལོགས་སུ་བསྡད་ན་དགའ་ས་རེད་ཟེར་ནས་ཐེངས་ཁ་ཤེས་ཁ་རྩོད་ཤོར་དུས་བཤད་སོང་།

 

 

ངས་བསམ་པར་དེ་ནི་མོ་རང་རླུང་ཚ་པོས་བྱས་པ་ཙམ་ལས་དོན་དམ་པ་ད་དུང་ང་ལ་བརྩེ་དུང་ཡོད་རྒྱུ་རེད་བསམ་ནས་སྡུག་རུས་ཀྱིས་མི་ཚེ་འདིའི་ནང་ང་གྲྭ་པ་ལོག་ཟིན་ཡང་བཟའ་འཐོར་གྱི་ལས་དེ་མི་བྱ་བསམ་པ་འདྲ་ཡོད། འོན་ཀྱང་མོས་དེ་རྗེས་མཐོ་སློབ་སྐབས་ཀྱི་དགའ་རོགས་དེ་ཐུག་རྗེས་ཁཱེ་ཏིའི་ཕྱོགས་སུ་གནས་པའི་ངའི་སེམས་ཡོངས་རྫོགས་ཤི་སོང་བ་ལྟར་གྱུར་ཟིན་པ་མ་ཚད། ངས་དེ་ནས་ལས་ཁུངས་སུ་སོང་ནས་ངའི་དངུལ་ཕོག་ཕྱེད་ལྷག་དངུལ་ཁང་གསར་པ་ཞིག་ཏུ་ལོགས་སུ་བཅོལ་ནས་བཞག སྐབས་དེར་ཁཱེ་ཏིས་ང་ལ་དངུལ་ཁང་གི་མ་དངུལ་དུ་སྒོར་མོ་ཉུང་ཉུང་དེ་འདྲ་ལས་ཡོང་སྒོ་མེད་པར་ག་རེ་ཡིན་མིན་ཐེངས་མང་དྲིས་བྱུང་ཡང་ངས་དེང་སང་ཁྱོད་རང་གང་སར་འཁྱམ་ནས་ཁྱིམ་ལ་སེམས་འཁུར་སྤུ་ཙམ་མེད་པར་ང་གཅིག་པུར་གཡོག་ལ་བསྐོལ་ནས་འགྲོ་གི་འདུག་པས་ངའང་ལས་ཀར་དེ་ཙམ་འགྲོ་སྙིང་འདོད་ཀྱི་མི་འདུག དེར་བརྟེན་དངུལ་ཕོག་ཉུང་དུ་སོང་བ་ལོས་ཡིན་ཞེས་བཤད་དེ་ལོ་ལྔ་ཙམ་གྱི་ནང་དུ་ལྐོག་ནས་དངུལ་བསགས་པ་དེ་དག་གིས་ཁང་པ་གཞན་ཞིག་ཀྱང་ལྐོག་ནས་ཉོ་དགོས་བསམ་ནས་བཞག་པ་ཡིན།

ང་དང་ཆུང་མ་གཉིས་དབར་གྱི་བཟའ་ཚང་གི་འཚོ་བ་དེའང་ལམ་འགྲོ་བའི་འབྲེལ་བ་ལྟར་གྱུར་ཚར་བའི་ཉིན་གྱི་དགུང་མོ་ཞིག་ལ། མོ་དང་མོའི་ཨ་ནེ་གཉིས་ཀ་ཅུང་རག་བཟི་ནས་ནང་དུ་སླེབས་བྱུང་། ཨ་ནེས་ཁཱེ་ཏིར་དགའ་རོགས་གསར་པ་ཞིག་རག་ཡོད་པ་དང་། དེས་དེ་སྔོན་ནས་ཁཱེ་ཏིར་ཧ་ཅང་དགའ་ལུགས། དེང་ཁོ་རང་གཉིས་མཉམ་དུ་སྡོད་རྒྱུའི་གྲོས་འཆམ་བྱུང་ལུགས་སོགས་ཟེར། ང་ནི་སྐབས་དེར་མོ་གཉིས་ཀྱི་སྤྱོད་ངན་དང་གདུག་རྩུབ་ལྟ་བུ་དེ་རྒྱུན་གཏན་ལྟར་ཡིན་ཕྱིན་ཧ་ལས་ཧོན་འཐོར་བ་དེ་ཙམ་མ་བྱུང་ཡང་ངས་ཁཱེ་ཏིར་དགའ་རོགས་དེ་སྔོན་ནས་བྱུང་ལུགས་དེ་ཐོས་མ་ཐག་ངའི་དགའ་རོགས་ཐོག་མ་སྒྲོལ་དཀར་ངེད་གཉིས་ཀྱི་ལས་དབང་དེ་ཡིད་ལ་དྲན་ཞིང་ངའི་མི་ཚེའི་ནང་བུད་མེད་ཡག་པོ་ཞིག་མི་རག་པའི་ལས་ངན་ཅི་ཡིན་ནམ་བསམ་པའི་སྐྱོ་སྣང་དེ་འགོག་མ་ཐུབ་པ་ཞིག་མིད་པའི་མཚམས་སུ་སླེབས་མཚམས་རང་དབང་མེད་པར་སྐྱེས་པ་ཕོ་ཞིག་གིས་མོ་འདི་གཉིས་ཀྱི་མདུན་ནས་མིག་ཆུའང་ཤོར་སོང་།

 

 

ཐོག་མར་ཨ་ནེས་ང་ངུས་པར་ཧ་ལས་མདོག་ཅུང་བྱས་སོང་ཡང་། དེ་ནས་ཅུང་འགོར་རྗེས་མོ་གཉིས་ཀྱིས་མུ་མཐུད་ཕན་ཚུན་ངའི་དེ་ཙམ་མི་གོ་བའི་སྐད་མགོ་དམའ་མོས། ད་དངུལ་བསགས་ནས་ཁྱིམ་ཞིག་ཀྱང་གསོ་རྒྱུར་ཁག་པོ་ཆག་ཚར་བའི་སྐྱེས་པ་ཞིག་གིས་ག་རེ་འཇོན་གྱི་རེད། ད་ཡིན་ན་ཁོ་ལ་རེ་བ་གང་ཡང་བཅོལ་ས་སྡོད་མེད་སོགས་ཁྲལ་མེད་ཀྱི་ལྐོག་ནས་ངན་ལབ་བྱེད་པ་དེ་དག་ཀྱང་ངས་ཐོོས། ད་ཆུང་མ་དང་ཁ་འཐོར་འགྲོ་རྒྱུ་ནི་སྔ་ཕྱི་ཙམ་མ་གཏོགས་གཏན་འཁེལ་ཡང་། ད་ཆ་ངའི་སེམས་འཁུར་བྱེད་ས་གཙོ་བོ་དེ་ངའི་ཕྲུ་གུ་གཉིས་ཡིན། དེ་རྗེས་ངེད་གཉིས་ཀྱི་བཟའ་འཐོར་གྱི་ཡིག་ཆར་མིང་རྟགས་བཀོད་རྒྱུ་དེ་ནི་ཡིན་པའི་ལུགས་ཀྱི་བརྒྱུད་རིམ་ལྟར་ཆུང་མ་ཁཱེ་ཏིས་ཐེ་ཚོམ་ཙམ་ཡང་མེད་པར་ཕྲུ་གུ་གཉིས་ཀ་ཁྱོད་རང་གིས་འཁྲིད་རྒྱུགས་ཟེར། ང་སླར་ཡང་ཨ་མ་ཞིག་ཡིན་པའི་མོའི་སྐད་ཆ་དེར་ཧོན་འཐོར་ནས་བྱུང་ཡང་དེ་བས་ཁྲིམས་དཔོན་གྱིས་གཞུང་ལས་ཁང་དུ་བུ་བུ་མོ་གཉིས་ལ་ཕ་མ་སུ་དང་མཉམ་དུ་སྡོད་འདོད་ཡོད་མིན་དྲིས་སྐབས་ཕྲུ་གུ་གཉིས་ཀས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཨ་ཕ་དང་མཉམ་དུ་སྡོད་ཀྱི་ཡིན་ཞེས་ཐེ་ཚོམས་ཙམ་མེད་པར་བཤད་འདུག དེའི་རྐྱེན་གྱིས་ང་རང་ཡང་དེའི་སྐོར་རྗེས་སུ་བསམ་བློ་གཏོང་དུས། དེ་སྔོན་ངེད་བཟའ་མི་ཚོ་མཉམ་དུ་སྡོད་དུས་ཕྲུ་གུ་གཉིས་རྒྱུན་དུ་ནས་ཨ་མའི་བཀའ་བཀོད་འོག་ཡོད་ཀྱང་། ཁོ་གཉིས་ང་དང་དེ་ཙམ་ཉེ་པོའི་སྒོ་ནས་གཤིབ་པར་མི་དགའ་ཡང་མཐའ་མཇུག་དེར་ཨ་ཕ་མཉམ་དུ་སྡོད་ཀྱི་ཡིན་ཞེས་གདམ་ཁ་རྒྱག་པ་དེ་ནི་ང་སླར་ཡང་ཧ་ལས་པའི་རྒྱུ་རུ་གྱུར། ཁྲིམས་ཁང་ནས་ང་ལ་ཁང་པ་དང་ཕྲུ་གུ་ཡོངས་རྫོགས་བདག་པོ་རྒྱག་དགོས་པའི་ཁྲིམས་ཐག་གཙང་མ་བཅད།

 

 

གང་ལྟར་ཡང་ད་ངའི་བུ་སློབ་ཆེན་དུ་འགྲིམས་ཀྱི་ཡོད་ལ། བུ་མོའང་མཐོ་སློབ་ལ་འགྲོ་བཞིན་ཡོད། ང་བཟའ་འཐོར་སོང་རྗེས་ཁཱེ་ཏིས་ང་ཚོ་ཕ་བུ་གསུམ་ཡོད་སར་ཐེངས་འགར་སླེབས་ནས་ཕྲུ་གུར་ལྟ་རུ་འབྱོར་བ་ཡིན་ལུགས་བཤད། འོན་ཀྱང་ཐེངས་ཤིག་མོས་ང་ལ་མོའི་དགའ་རོགས་ལ་དོན་དངོས་ཐོག་མ་དངུལ་གང་ཡང་མེད་ཁར་མོ་ལ་ད་ཆ་སྐྱེས་པ་དེའི་ཕྲུ་གུ་འཁོར་ནས་ཟླ་བ་གསུམ་ལྷག་སོང་ལུགས། མོ་ད་ཆ་ག་འགྲོ་འདི་འགྲོར་མེད་པར་གྱུར་ལུགས་སོགས་ང་ལ་ངུ་བཤད་དམྱལ་བར་སླེབས་འདྲ་ཞིག་བྱས་མཐར་ངས་མོ་ལ་ད་ཁྱོད་ལ་ངའི་ཕྱོགས་ནས་ཅི་ཞིག་དགོས་ན་སྤྲོད་ཆོག ཅེས་བཤད་པར་མོས་ང་ལ་ཁང་པ་འདི་སྡོད་ས་དགོས་འདུག གཞན་ང་ལ་ཅིའང་མི་དགོས་ཟེར། ངས་དེ་ཡིན་ན་ང་དང་ཕྲུ་གུ་ངེད་གསུམ་གང་དུ་སྡོད་དགོས་རེད་ཅེས་པར་མོས་ཁྱོད་ཀྱིས་ད་དུང་ལས་ཀ་བྱས་ནས་དངུལ་བསག་ཐུབ་པར་བརྟེན་ལོ་གསུམ་བཞིའི་རྗེས་སུ་ཁང་པ་ཞིག་ཉོ་ཆོག་གི་རེད་ཟེར། ང་མཐར་ཐུག་དེར་མོའི་སྐད་ཆ་དེ་དག་ལ་གནམ་ས་གཡོ་འགུལ་ལྟ་བུའི་ཧོན་འཐོར་སོང་ཡང་ངས་ཁ་ཕོ་བསྡམ་བཞིན་འགྲིག་གི་རེད། ཁང་པ་ཁྱོད་རང་གིས་བདག་ན་འགྲིག་གི་རེད། ངེད་ཕ་བུ་གསུམ་ལ་མི་དགོས། ངེད་གསུམ་ཁང་པ་གཞན་གླ་ནས་སྡོད་ཆོག འོན་ཀྱང་ངས་ཁྱོད་ལ་རེ་བ་གཅིག་ཁོ་ན་ཡོད། དེ་ག་རེ་ཡིན་ཟེར་ན། ད་ནས་བཟུང་ངེད་གཉིས་ཤ་དང་རུས་པ་ཁ་ཁ་སོ་སོ་ཡིན་པས་ཁྱོད་ཀྱིས་མ་འོང་པར་ངའི་ས་ནས་རོགས་ཕན་གང་ཡང་མི་འཚོལ་བའི་དམ་བཅའ་ཡི་གེའི་ཐོག་མིང་རྟགས་བཀོད་ནས་ཞོག ཅེས་ཁོང་ཁྲོ་དང་སྦྲགས་བཤད་པར་མོས་དེ་ལོས་ཡིན་དགོས་ཟེར་རྗེས་ནང་སྒོར་འཛུལ་ནས་ཤོག་ལྷེབ་གཅིག་ཐོག་དམ་བཅའ་ཡི་གེ་དེ་འདྲ་ཞིག་སྐར་མ་ཁ་ཤས་ནང་བྲིས་ཚར་ནས་ངའི་ལག་ཏུ་བཞག་སོང་། ངས་འགྲིག་གི་རེད། ངེད་གསུམ་བདུན་གཅིག་ནང་ཁང་པ་འདི་ནས་གཞན་ལ་སྤོ་ཚར་བ་བྱ་ཆོག ཅེས་བཤད། དེ་ནས་ཁྱོད་དང་ཁྱོད་ཀྱི་དགའ་རོགས་གཉིས་མ་འོང་པའི་འཚོ་བར་བདེ་སྐྱིད་ལྡན་པར་ཤོག་ཅེས་ངའི་སྐད་ཆ་དེ་རྫོགས་མ་ཐག་ཁཱེ་ཏིས་སྤུས་མོ་ས་ལ་བཙུགས་ནས་ངའི་རྐང་པར་འཐམ། ངུ་ངག་དུང་དུང་གིས་ཁྱོད་ངོ་མ་དཀོན་མཆོག་གིས་ང་ལ་གནང་བའི་ལེགས་སྐྱེས་ཡིན། ཐུགས་རྗེ་ཆེ། ཁྱོད་ངའི་མི་ཚེ་དང་ངའི་ལུས་ལ་ཡོད་པའི་ཕྲུ་གུའི་སྐྱབས་གནས་དེའང་ཡིན་སོགས་ཤུགས་ཀྱིས་ངུས། འོན་ཀྱང་ང་ནི་མོའི་གཡོ་འཕྲུལ་གྱི་སྐད་ཆ་དེ་དག་ལ་སེམས་འགུལ་ཐེབས་རྒྱུ་བཞག་སྟེ་དགོད་མོའང་ཤོར་གྲབས་ལྟ་བུས་ད་ཡིན་ན་ངའི་སེམས་ནང་གི་རྡོག་འཕྲིས་དེ་དོར་ཐུབ་སོང་བསམ་པའི་ལྷོད་ཤིག་ཤིག་གི་དགའ་སྣང་ཁྱད་མཚར་བ་ཞིག་སྐྱེས།

 

 

ད་ཆ་ང་ཕོ་ལོ་དྲུག་བཅུ་བརྒལ་ཟིན་པའི་སྐྱེས་པ་ཞིག་ཡིན། འོན་ཀྱང་ངས་ལོ་དེ་དག་གི་རིང་སོ་སོར་གཟུགས་པོ་བདེ་ཐང་ཞིག་ཡོད་པར་ཁོ་ནར་བརྟེན་ནས་དངུལ་མང་ཙམ་བསགས་ཐུབ་པའི་ཐོག་དེ་སྔོན་ངས་ལྐོག་ནས་སྦས་བཞག་པའི་དངུལ་དེ་དག་བསྡོམས་ནས་ངེད་ཕ་བུ་གསུམ་ལ་ཁྱིམ་གཞི་མ་ཆེ་མ་ཆུང་ཞིག་ཀྱང་ཉོ་ཐུབ་པ་བྱུང་། དེ་རྗེས་ངའི་བུའང་སློབ་ཆེན་ཐོན་ཟིན་པ་མ་ཟད་ཆང་སའང་བརྒྱབས་ཚར་ནས་ངའི་ས་ནས་ཁོ་རང་སྡོད་ས་གསར་པར་སྤོས། བུ་མོ་མཐོ་སློབ་སྐབས་སུ་ང་ཡོད་སར་སྡོད་ཀྱི་ཡོད་ཀྱང་དེ་རྗེས་མཐོ་སློབ་ཐོན་ནས་ལས་འཇུག་ཟིན་ཙམ་རེད། མོ་རང་ཡང་རྒྱུན་དུ་ཕྱིར་སྡོད་པ་ལས་ནང་དུ་དེ་ཙམ་ཡོང་གི་མེད། གང་ལྟར་ཡང་ཕྲུ་གུ་གཉིས་ཀར་སོ་སོའི་ཁྱིམ་ཚང་གི་བྱ་བ་རེ་གཉེར་བསམ་པའི་འདུན་པ་ཡོད་མུས་རྒྱུན་གཏན་དུ་ང་དང་མཉམ་དུ་བསྡད་ཀྱི་མེད་དེ་ཕྱི་ལུགས་ཀྱི་དུས་བཟང་ལུགས་བཟང་སྐབས་རྟག་ཏུ་ང་ལྟ་སར་ཡོང་གི་རེད།  གནས་སྟངས་དེའི་ཤུལ་དུ་རྒད་པོ་ང་ཁེར་རྐྱང་གིས་འཚོ་བ་བསྐྱེལ་ནས་ལོ་འགར་སོང་འདུག ཁེར་སྡོད་བྱས་པའི་ལོ་ཟླ་འགའི་ནང་ངའི་སེམས་སུ་སྐྱོ་སྣང་ཇེ་ཆེར་འགྲོ་བཞིན་པ་མ་ཚད་མཚམས་རེར་ང་སྐྱེས་པ་ཕོ་ཞིག་གཞན་གྱི་མི་རིག་ས་ནས་ངུའང་ཤོར་གྱི་ཡོད།

 

 

ངས་བསམ་བློ་ཇི་ཙམ་གཏོང་ཡང་ཕ་ཡུལ་གངས་ཅན་གྱི་ལྗོངས་སུ་མི་རྣམས་ཚེ་མཇུག་གི་མཚམས་སུ་སླེབས་པའི་རྒན་རབས་རྣམས་ལ་བསོད་བདེ་བསོད་ནམས་འཛོམས་ན་ཡ་རབ་སྤྱོད་བཟང་དང་ལྡན་པའི་རྗེས་རབས་ཚོས་ལྟ་རྟོགས་སེམས་འཁུར་འོག་མཉམ་འཚོ་ཡོད་ལ། ཁྱིམ་ཞེས་པའི་ཐ་སྙད་དུ་གོང་དུ་ཆོས་དང་དགེ་སྦྱོང་ཞལ་འདོན་གནང་མཁན་གྱི་སྤོ་བོ་རྨོ་བོ་དང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཕ་མ་མགོ་འཛོམས། འོག་ལ་གཞོན་སྐྱེས་རྣམས་ཤེས་ཡོན་ལ་སྦྱོང་ཞིང་རྒན་བཀུར་གཞོན་སྐྱོང་། བུ་རབས་ཚ་རྒྱུད་ཚོ་བཅས་མཉམ་འདུས་ཀྱིས་གང་ཐུབ་ཕར་ཕན་ཚུར་རོགས་བྱེད་དེ་གང་འདྲ་མཛེས་ཉམས་དོད་པའི་ཁྱིམ་ཚང་གི་སྙིང་པོ་ཞིག་རེད་ཨང་སྙམ་ནས་རྒྱུན་དུ་ཕ་ཡུལ་དྲན་ནས་ལུས་ཀྱི་ཡོད།

མགོ་སེར་ལུང་པ་འདིར་རྒན་འཁོག་ཚོར་ཟ་ལྟུང་གི་དཀའ་ངལ་མེད་ཀྱང་རྒས་ལ་ཁ་ཉི་མའི་མཚམས་སུ་སླེབས་དུས་ཁེར་རྐྱང་ལུས་སྟངས་འདི་ནི་ཉམས་སྐྱོ་བ་ཞིག་རེད། མགོ་སེར་ཁོ་རང་ཚོ་འཚོ་བ་འདི་འདྲར་གོམས་ནས་ཅི་བསམ་འདི་དྲན་མེད་པའི་རྒྱུན་འགྱམས་སོང་བའི་ལམ་ལུགས་ཤིག་ཡིན་སྲིད་མོད། དེ་བས་ཁ་གཅིག་གིས་རྒས་འཁོག་ཡིན་ཡང་སོ་སོ་ཁེར་རྐྱང་སྡོད་པའི་རང་དབང་དགོས་རེད་ཀྱང་ཟེར་གྱི་འདུག འོན་ཀྱང་ང་བོད་པ་རྒས་པོ་ཞིག་ལ་མཚོན་ན་ཀླད་རྙིང་མཁྲེགས་བཟུང་ཅན་ཞིག་རེད་ཟེར་ནའང་གང་མི་འདུག་ལ་ངས་ལུགས་སྲོལ་དེ་ནི་ཡ་ང་བ་ལྟ་བུར་མཐོང་གི་འདུག

 

 

 

དེ་ནས་ཉེ་སྔོན་ཙམ་ནས་བཟུང་ང་བོད་པ་ཚོ་མཚམས་རེར་འདུས་སར་གང་ཐུབ་ཀྱིས་འགྲོ་བཞིན་མཉམ་བཞུགས་བྱེད་ཀྱི་ཡོད། དེའི་རིང་དེ་སྔོན་ནས་ངོ་ཤེས་པའི་ཨ་ཅེ་གཡང་ཅན་ལགས་ཀྱི་ཟླ་བོ་གྲོངས་པའི་སྐྱོ་གནས་ཐོས་འཕྲལ་གཡང་ཅན་ལ་སེམས་གསོ་ཙམ་ཡོང་ཆེད་ཁོང་མོར་ལྟ་རུ་ཐེངས་འགར་སོང་། ཐེངས་ཤིག་བོད་པ་འདུས་ས་ནས་ཚོགས་འདུ་གྲོལ་མཚམས་ཤིག་ལ་ང་སྐས་འཛེགས་ཤིག་ནས་མར་ཐུར་དུ་བབས་དུས་གློ་བུར་དུ་རྐང་ཚིགས་ཆུས་ནས་འགྲོ་མི་ཐུབ་པ་གྱུར་སྐབས་དེར་ཨ་ཅེ་གཡང་ཅན་གྱིས་མཐོང་ནས་མོ་དང་མོའི་བུ་མོས་བོད་པ་མཐུན་ཚོགས་ཀྱི་རྒྱུན་ལས་ཕོ་གཞོན་འགའ་སྐད་གཏོང་རྗེས་ཁོང་ཚོས་མཉམ་རུབ་ཀྱིས་ང་སོ་སོའི་ཁྱིམ་དུ་བསྐྱེལ་རོགས་བྱས། སྐབས་དེར་ངས་སོ་སོའི་བུ་དང་བུ་མོ་གཉིས་ལ་དེའི་སྐོར་ཅིའང་མ་བཤད་པར་བཞག འོན་ཀྱང་སེམས་བཟང་ཅན་གྱི་ཨ་ཅེ་གཡང་ཅན་གྱིས་དེའི་རིང་གུས་པར་ཟས་གཡོ་བསྐོལ་དང་ཁང་པ་གཙང་མ་བཟོ་རོགས་བཅས་གནང་སྐྱོང་བྱུང་བས་ངའི་སེམས་ནང་ཨ་ཅེ་གཡང་ཅན་ལ་དྲན་རྒྱུ་མང་དུ་སོང་།

 

 

 

ཐེངས་ཤིག་ངེད་གཉིས་ཁང་པ་ཕྱིའི་མེ་ཏོག་ལྡུམ་ར་ཆུང་ཆུང་ནང་ཇ་འཐུང་སྐབས་སྔར་ལྟར་ཕ་ཡུལ་བོད་ཀྱི་སྐོར་མང་པོ་བཤད་རས་བྱས། དེ་ནས་ངས་བློ་ཁོག་ཆེན་པོས་ཨ་ཅེ་གཡང་ཅན་ལགས། ཁྱེད་ཀྱི་བཟའ་ཟླ་གྲོངས་ནས་ལོ་འཁོར་གྲབས་ཙམ་ལ་ངས་སྐད་ཆ་འདི་ཁྱེད་ལ་བཤད་ན་འཚམས་མིན་མི་ཤེས་ཏེ་ངེས་པར་དུ་བཤད་བསམ་ཡོད། ཁྱེད་ནི་ལོ་མང་རིང་ཕྱིའི་རྒྱལ་ཁབ་ཏུ་བཞུགས་ཀྱང་བོད་པའི་ཡ་རབ་བཟང་སྤྱོད་ངོ་མ་དེ་ཁྱོན་ནས་ཉམས་མེད་པའི་བོད་མོ་སེམས་བཟང་མ་ཞིག་ལ་ངས་ངོས་འཛིན་ཡོད། ང་ནི་ཕ་ཡུལ་གྱི་སྐད་ཆ་ལྟར་ན་ལོ་རྒན་བརྒལ་ཟིན་པའི་མི་ཞིག་རེད་དེ་ངས་ད་དུང་ཡང་འཚོ་བར་སྤྲོ་སྣང་དེ་སྔར་བཞིན་ཡོད། འོན་ཀྱང་ང་ཁེར་རྐྱང་གིས་སྡུག་ཡུས་འདིས་སྡོད་མི་བཟོད་པ་ལྟ་བུར་གྱུར་གྱི་འདུག གལ་ཏེ་ཨ་ཅེ་གཡང་ཅན་ཁྱེད་ཀྱིས་མོས་མཐུན་གནང་སྐྱོང་འབྱུང་ན་ང་ཁྱེད་དང་ཚེ་མཇུག་བསྐྱེལ་བསམ་པའི་འདུན་པ་དེ་སྔོན་མ་ཡོད་ཅེས་ངའི་སེམས་ཀྱི་སྐད་ཆ་ཡོངས་རྫོགས་ཉིན་དེར་ཨ་ཅེ་གཡང་ཅན་ལ་བཤད་པ་ཡིན། ད་དུང་ཡང་ངའི་བསམ་པ་བཞིན་ཨ་ཅེ་གཡང་ཅན་གྱིས་ང་ལ་དུས་ཐོག་ལན་གནང་མ་བྱུང་། ཡིན་ཡང་མོས་ངེད་གཉིས་ཀྱི་སྐོར་ལ་བསམ་བློ་ཞིབ་ཚགས་གཏོང་ནས་ལན་སྤྲོད་ཀྱི་ཡིན་གསུངས་སོང་།

 

 

སྤྱིར་ན་ཨ་ཅེ་གཡང་ཅན་ནི་མོ་ལོ་ལྔ་བཅུ་ང་བདུན་བརྒལ་ཟིན་ཞིང་ཕྲུ་གུ་བུ་མོ་གསུམ་གྱི་ཨ་མ་ཞིག་རེད། ད་ལྟའི་ཆར་ཨ་ཅེ་གཡང་ཅན་རྒས་ཡོལ་གྱི་ལོ་ཚད་སླེབས་མེད་ཀྱང་བུ་མོ་གསུམ་ཀར་ལས་ཀ་ཡོད་པ་མ་ཟད་ཕྲུ་གུ་ཚོའི་རེ་འདུན་ཆེན་པོའི་འོག་ད་ཆ་བརྒལ་ཡོལ་ཚུལ་གྱིས་ནང་དུ་བསྡད་ཡོད་པ་རེད། ངས་ཀྱང་ཁོང་མའི་བཟའ་ཟླ་འདས་གྲོངས་སུ་གྱུར་བའི་སྡུག་བསྔལ་ལས་ད་དུང་གྲོལ་ཐུབ་མེད་པ་ཤེས། འོན་ཀྱང་ངས་རེ་བ་ལྟར་ང་རྒད་པོ་ངའི་ཚེ་མཇུག་ལ་ཁོང་མོ་དང་མཉམ་དུ་འཚོ་བ་རོལ་རྒྱུའི་འདུན་པ་ཤུགས་ཆེར་བཅང་ཡོད།

 

 

བསམ་བློ་སྡུག་ས་ནས་གཏོང་ན་གཅིག་བྱས་ན་མོའི་ཕྲུ་གུ་ཚོས་དེར་ངོ་རྒོལ་ཡང་བྱ་སྲིད། གཅིག་བྱས་ན་མོ་རང་ལ་སེམས་གཏིང་ནས་འདོད་པ་དེ་མེད་ཀྱང་སྲིད། གཅིག་བྱས་ན་ངའི་བསམ་བློ་དེ་སྟོང་བསམ་རང་ཡིན་སྲིད། གང་ལྟར་ང་བོད་པ་རྒད་པོ་ཞིག་གིས་ཕྱི་གདོང་སྤགས་ཀྱི་ངོ་ཚ་ཡོངས་རྫོགས་དོར་ནས་གཡང་ཅན་ལ་རེ་འདུན་དེ་བཏོན་ཟིན། ངས་ནོར་མེད་ན་ངེད་གཉིས་ཕན་ཚུན་རྒྱུན་རིང་ཙམ་གྱི་འགྲོག་འབྲེལ་བརྒྱུད་གཡང་ཅན་གྱིས་མཐར་ང་ལ་མོས་མཐུན་བྱ་གི་རེད་བསམ་ནས་རེ་བ་ཆེན་པོ་ཡོད། དེ་འདྲ་འབྱུང་ན་ང་རྒད་པོ་ང་ཤི་དུས་རིགས་མཐུན་ཨ་ཅེ་ཞིག་ལ་ངའི་ཚེ་མཇུག་གི་རྣམ་ཤེས་འཁྱམ་པོ་དེ་བཅོལ་ན་བསམ། ཀློག་པ་པོ་ལགས། ཁྱོད་ཀྱིས་བསམ་ན་ངའི་མཐའ་མཇུག་གི་རེ་འདུན་དེ་འགྲུབ་སྲིད་དམ། 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -