ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.12.2019 18:11:15
གངས་དཀར་སེམས།

images/stories/bush fire .jpg
ང་ཚོ་མེ་སྐྱོན་གྱི་གནས་སྟངས་ལ་སེམས་ཁྲལ་འདུག

We Worrying Bushfire's situation

憂心山火事態的發展趨勢

ཉེ་དུས་ཙམ་ནས་བཟུང་ང་ཚོ་བོད་པ་མང་ཤོས་འདུས་ས་ཨཱོ་གླིང་ལྷོ་ཕྱོགས་སཱིད་ནིའི་ཉེ་འཁོར་དུ་རི་མེ་འབར་ནས་བདུན་འགར་སོང་། ཁྱོན་ཡོངས་ཀྱི་གནས་སྟངས་ཞིབ་ཕྲ་འཚོལ་བསྡུ་ལ་ཁག་པོ་འདུག་ཀྱང་། གསལ་ལམ་ཁག་ཏུ་དེའི་སྐོར་སྤེལ་གསལ་མཐོང་བ་ལྟར་ན་རི་མེ་སྤར་མཁན་གྱི་དོགས་ཅན་མི་སྣ་གསུམ་ད་ཆ་བཀག་ཉར་བྱས་ཡོད་ལུགས་དང་། དེ་དག་ནི་ལོ་ ༡༥ ཅན་གྱི་བུ་གཉིས་དང་རང་ལོ་ ༡༦ སོན་པའི་བུ་གཅིག་བཅས་གསུམ་རེད་འདུག བུ་གསུམ་གྱིས་ཇི་ལྟར་རི་མེ་སྤར་མིན་གྱི་གསར་ལམ་ཁག་ཏུ་དོགས་གནས་ཙམ་ལས་དེའི་སྐོར་ཞིབ་ཕྲ་འཁོད་པའི་རིགས་ངས་མ་རྙེད།


ད་ཐེངས་ཀྱི་མེ་སྐྱོན་ནི་ཨོ་གླིང་གི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་ཡིན་ཞིང་། མེ་ཤོར་སའི་ཉེ་འཁོར་གཙོས་ས་ཁུལ་དུ་སློབ་གྲྭ་ཆེ་ཆུང་མི་འདྲ་བ་ཁག་བསྡོམས་ ༦༠༠ ལྷག་སྒོ་བརྒྱབས་ཡོད། མི་དམངས་ཀྱི་སྡོད་ཁང་ ༡༥༠ ལྷག་མེར་ཤོར། མི་འགའ་ཤས་མེ་སྐྱོན་ནང་ཤི་ཡོད་འདུག་ཀྱང་གསར་ལམ་ཁག་ཏུ་གྲངས་ཀ་གསལ་པོ་ཞིག་རག་མ་བྱུང་། གཞན་གར་སོང་ཆ་མེད་དུ་གྱུར་རིགས་ཀྱང་ཡོད་པའི་སྐོར་གྱི་གནས་ཚུལ་ཉུང་ཙམ་བཀོད་མཁན་འདུག

 

 

 དེ་མིན་གྲོང་གསེབ་མེ་འགོག་རུ་ཁག་ NSW Rural Fire Service ནས་ད་ཆའི་རི་མེ་ཤོར་ནས་གྱོང་རྒུད་ཅི་ཙམ་བྱུང་མིན་སྐོར་སྦྲགས་མེ་སྐྱོན་བརྒྱུད་མཐུད་བཞིན་པའི་གནས་སྟངས་འོག་སྔོན་འགོག་གཞན་ལའང་དགོས་པ་སོགས་ཀྱི་ཉེན་བརྡའང་གཏོང་ནས་སཱིད་ནི་ Greater Sydney གྲོང་ཁྱེར་དང་་ཧཱོན་ཊོ་ Greater Hunter ས་ཁུལ་འདི་གཉིས་ཀྱི་མེ་སྐྱོན་ནི་གྱི་ཚད་གཞི་ནི་ཧ་ཅང་སྡུག་ཆག་གི་ཚད་དུ་སླེབས་ཟིན་ཡོད་པར་བསྒྲགས་འདུག

 

 

ཨོ་གླིང་རྒྱལ་བཙུགས་སློབ་ཆེན་གནམ་གཤིས་ཞིབ་འཇུག་ལྟེ་གནས་ Climate Change Institute ཀྱི་སློབ་དཔོན་མཱ་ཁིས་ Mark Howden ད་ཐེངས་ཀྱི་མེ་སྐྱོན་ཤོར་སླ་བའི་དུས་ཚིགས་དེ་སྔོན་ལས་སྔོ་རུ་སླེབས་ཡོད་པ་དང་། མེ་ཤུགས་ཆེ་རུ་སོང་རྐྱེན་ནི་གནམ་གཤིས་དྲོད་ཚད་མཐོ་རུ་སོང་བ་དུས་མཚུངས་ཐན་སྐྱོན་ནམ་སྐམ་ཚད་ཧ་ཅང་ཚབ་ཆེན་དང་རླུང་ཤུགས་ཀྱིས་རྩ་རྩི་ཤིང་ཧ་ཅང་སྐམ་པོ་བསྲེག་སླ་བ་དང་། སྐམ་རླུང་ཤུགས་ཆེར་ལྡང་བ་བཅས་ནི་མེ་སྐྱོན་ཆེན་པོའི་འབྱུང་རྩ་གཙོ་བོ་ཡིན། ང་ཚོས་མེ་སྐྱོན་ཤོར་ཚད་འཕར་བཞིན་པ་དང་། དེའི་ཉེན་ཚབ་ཆེ་རུ་འགྲོ་བཞིན་པ། མེ་སྐྱོན་ཤོར་བའི་རྒྱ་ཁྱོན་ཆེ་རུ་འགྲོ་བ་དང་། མེ་སྐྱོན་ཤོར་བའི་དུས་ཚིགས་ཀྱི་དུས་ཡུན་ཡང་རིང་དུ་སོང་ཡོད་པ་བཅས་ཤེས་ཐུབ། འདི་དག་ནི་ང་ཚོས་གནམ་གཤིས་འགྱུར་ལྡོག་འོག་སྔོན་དཔག་ཐུབ་པའི་གནས་སྟངས་ཡིན། འོན་ཀྱང་སེམས་སྐྱོ་དགོས་པ་ཞིག་ལ། ང་ཚོས་སྔོན་འགྲོའི་རྟགས་དཔྱད་བྱས་པའི་གྲུབ་དོན་གྱི་གནས་སྟངས་ནི་ཧ་ཅང་སྡུག་ཆག་ཅིག་གྱུར་ཡོད་སོགས་བཤད་འདུག

 

 

དེ་མིན་གཞན་གྱི་འབྲེལ་ཡོད་ཚོས་ཀྱིས་ཀྱང་དབྱེ་ཞིབ་བྱས་པ་ལྟར་ན་ཕྱི་ལོ་ ༡༩༧༣ ནས་ ༢༠༡༠ བར་ཨོ་གླིང་རྒྱལ་ཡོངས་ཁུལ་གྱི་མེ་སྐྱོན་ཤོར་བའི་གནས་སྟངས་སྡུག་ཏུ་སོང་བ་ཡིན་འདུག་ལ། རྒྱལ་ཁབ་གནམ་གཤིས་ལས་ཁུངས་ CSIRO ནས་མཉམ་འབྲེལ་གྱི་སྒོ་ནས་སྤེལ་བའི་སྙན་ཐོའི་ནང་ད་ཐེངས་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་བྱུང་བའི་རྐྱེན་ལ་བརྟེན་ནས་མེ་སྐྱོན་ཤོར་དུས་ཀྱང་རིང་དུ་སོང་ཡོད་པའི་འགག་རྩ་ཡིན་ལུགས་འཁོད་འདུག

རི་མེ་ཤུགས་ཆེར་བྱུང་བའི་རྐྱེན་གྱིས་ཨོ་གླིང་ལྷོ་ཕྱོགས་ས་ཁུལ་དུ་དུ་ནག་མཁྲེགས་ཅིང་། དེ་སྔོན་ཉིན་ལྟར་སྔོ་ཐིང་ངེར་མཐོང་རྒྱུ་ཡོད་པའི་ཨ་སྔོན་གནམ་ལའང་དུ་ཞག་གིས་འཁྱིལ་ནས་སྐྱ་མུག་མུག་ལྟ་བུ་ལས་མིག་ལམ་དུ་མ་རིག་ནས་བདུན་ཕྲག་འགར་སོང་། གང་ལྟར་གནམ་གཤིས་དྲོད་ཚད་མཐོ་རུ་སོང་ཞིང་རླུང་ཤུགས་ཆེ་རུ་ལྡང་བ་གཉིས་ནི་ད་ཐེངས་རི་མེ་ཤོར་བའི་རྒྱུ་རྐྱེན་གཙོ་བའམ་མེ་སྐྱོན་དུས་ཐོག་འགོག་མ་ཐུབ་པར་ཤུགས་ཇེ་ཆེར་དང་རྒྱ་ཁྱོན་ཆེ་རུ་འབར་བཞིན་པའི་རྒྱུ་རྐྱེན་རེད་འདུག

 

 

གང་ལྟར་ཡང་ད་ལྟའི་ཆར་སྲིད་གཞུང་གིས་ཉེན་བརྡ་ཁག་ཅིག་བརྡ་ཁྱབ་བཏང་ཡོད་པར་གཞིགས་ན། ཚང་མས་རི་མེ་འབར་རྐྱེན་གྱིས་ཉེ་འཁོར་ས་ཁུལ་ཁག་ཏུ་དར་ཁྱབ་འགྲོ་བཞིན་པའི་རི་མེའི་དུ་ནག་གི་ཉེན་འགོག་སྐོར་ཧ་ཅང་གཟབ་དགོས་ཚུལ་བཤད་འདུག དེའང་གཙོ་ཆེར་གཟབ་དགོས་པའི་རིགས་ནི་རྒན་རྒོན་ཚོ་དང་ཕྲུ་གུ་བྱིས་པ། དེ་མིན་སྙིང་ནད་དང་དབུགས་བསག་ན་ཚ་ཡོད་མཁན། གཞན་ཡང་རྒྱུན་དུ་ནས་གཟུགས་གཞི་ཧ་ཅང་སྐྱོ་བའམ་ཞན་པའི་རིགས་ཀྱིས་ད་ཐེངས་ལ་སྔར་བས་གཟབ་ནན་དགོས་པ་རེད་འདུག་པས་འབྲེལ་ཡོད་ཚང་མས་ཐུགས་སྣང་མི་ཉུང་བ་ཡོད་པར་མཛོད།

 

 

ཨོ་གླིང་དུ་རི་མེ་སྤར་བའི་ས་ཁུལ་ཁག་ཏུ་བོད་པ་སྡོད་མཁན་ཡོད་མེད་མ་ཤེས་ཏེ་གསར་ལམ་ཁག་ཏུ་ས་ཁུལ་གྱི་མི་རྣམས་གཞན་ལ་ཉེན་གཡོལ་ལམ་གནས་སྤོ་བྱེད་བཞིན་པ་དང་། ནང་མི་ཁྱིམ་ཚང་གི་བདེ་འཇགས་འགན་སྲུང་ཆེད་སྲིད་གཞུང་ངོས་ནས་ཀྱང་གང་ཐུབ་ཅི་ནུས་འདྲ་གནང་བཞིན་པ་མཐོང་སོང་།

 

གཞན་ཡང་ཉེ་སྔོན་ཙམ་ནས་བུ་མོ་ལོ་ཆུང་ Greta Thunberg གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གང་སར་གཏམ་བཤད་དང་ཁྱབ་བསྒྲགས་འགྲོ་བཞིན་པའི་སྐོར་མཐོང་བས་ཨ་མའི་བུ་མོ་བཟང་མོའི་ལྷག་བསམ་རྣམ་པ་དག་པའི་བྱ་བཟང་དེ་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས་འོས། སྤྱིར་ན་གོ་ལའི་ཐོག་གནས་པའི་མི་རྣམས་དང་། གཙོ་བོ་དབང་ལྡན་དང་འབྱོར་ལྡན་མི་སྣ་གཙོས་མང་པོ་འདོད་རྔམ་གྱིས་བཟི་སྟེ་གོ་ལ་འདིའི་རང་བྱུང་གི་ཁོར་ཡུག་དེའི་བདེ་སྡུག་ལ་སྣང་མེད་སྐྱུར་ལུགས་དང་། སྒེར་རམ་ཚོགས་པ་ག་གེ་མོ། སྒྲིག་འཛུགས་ག་གེ་མོ། རྒྱལ་ཁབ་ག་གེ་མོའི་ཁེ་བཟང་རག་ཐབས་ཁོ་ན་དེ་འགྲིག་སོང་ན་གཞན་ལ་བསམ་བློ་ཁབ་རྩེ་ཙམ་ཡང་མི་གཏོང་མཁན་ནམ། དོན་དམ་པ་སྤྱོད་ངན་ཅན་ཞིག་བྱེད་རྒྱུར་ངམ་ངམ་ཤུགས་ཀྱིས་རྒྱུགས་བཞིན་འདུག་པ་ནི་གང་འདྲ་ཡ་ང་དགོས་པའི་གནས་སྟངས་ཤིག་རེད་ཨང་། མཚམས་རེར་ང་ཚོས་རྒྱུན་དུ་ནས་ཁོང་ཁྲོ་བཏོན་ས་གཅིག་རང་ཡིན་པའི་ལྟར་སྣང་ཤར་ཡང་དོན་དངོས་ཐོག་འགྲོ་བ་མིའི་སྡོད་གནས་གོ་ལ་མ་ཡུམ་གྱི་གློ་སྙིང་མཆིན་གསུམ་བཏོན་ནས་འཁོར་ཡུག་འབག་བཙོག་བཟོ་མཁན་ནི་ངོ་མ་ཕྱིར་མི་མངོན་པའི་ལག་དམར་བ་དངོས་གནས་དེ་དག་རེད། ཁོ་ཚོས་སོ་སོའི་འདོད་དོན་དེ་འགྲུབ་ཐབས་ཕྱིར་གོ་ལ་འདིར་འཚོ་གནས་ཀྱི་མིའི་རིགས་གཞན་དང་། སྲོག་ཆགས་སམ་ནམ་མཁའི་བྱ་དང་ས་འོག་གི་འབུ་ཚུན་ཆད་ཁོ་ཚོ་དང་འབྲེལ་མེད་ལྟ་བུས་ལྟ་བཞིན་འདུག་མོད། ཁོ་ཚོས་ས་འདིར་སྲོག་ལུས་ལེན་ཚད་ཀྱིས་གཅིག་ལ་གཅིག་རྟེན་གྱིས་འཚོ་རྟེན་གྱི་འཇིག་རྟེན་འདི་གྲུབ་ཡོད་པ་དེ་སྔ་མོ་ནས་བློ་ཡུལ་ནས་བརྗེད་ཟིན་པ་འདྲ།

 

 

གཤམ་གསལ་དུ་རི་མེ་དང་འབྲེལ་བའི་དུ་ནག་གི་ཉེན་འགོག་དེར་ཐབས་ལམ་འགའ་དྲ་ཐོག་ནས་རྙེད་བྱུང་བས་འདིར་བཀོད་ཡོད།

 

༡། སྤྱིར་ཕྱི་རུ་དུ་ནག་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་པའི་སྐབས་གཙོས་ད་ལྟའི་ཆར་ཚང་མ་གང་ཐུབ་ཀྱིས་སྒོ་དང་སྒེའུ་ཁུང་བརྒྱབས་ནས་ཁང་པའི་ནང་དུ་སྡོད་དགོས་ཤིང་། དེའང་ཁང་པའི་ནང་ཁ་དབུགས་གཙང་དག་བཟོ་བྱེད་ཀྱི་འཕྲུལ་འཁོར་ ( Portable  Air filter ) ཡོད་ན་དེ་བས་བཟང་ལུགས་བཤད་འདུག

 

 

༢། དུ་ནག་ཁྱབ་དར་འགྲོ་སྐབས་རྒྱུན་གཏན་དུ་ཞོགས་དགུང་གང་རུང་ལམ་ཟུར་ནས་རྒྱུགས་ཤར་གློད་མཁན་གྱི་ལུས་སྦྱོང་བ་ཚོས་དུས་ཡུན་དེའི་ནང་ཕྱིར་རྒྱུགས་ཤར་གློད་རྒྱུ་དང་ལུས་སྦྱོང་བྱེད་རྒྱུ་མཚམས་བཞག་ན་མ་གཏོགས་སྐབས་དེར་དུ་ནག་རྔུབ་འཐེན་མང་པོ་བྱས་ན་ཉེན་ཁ་ཡོད་ཅིང་མི་ལེགས་ཚུལ་བཤད་འདུག

 

 

༣། འགའ་རེས་ཁ་ཤུབས་གྱོན་ན་འགྲིག་ཟེར་ཡང་མཐོང་སྣང་དུ་འདི་ཕྱོགས་སུ་མང་པོར་རྒྱུན་སྲོལ་དུ་ཁ་ཤུབས་གྱོན་པའི་ལུགས་སྲོལ་ཆེར་མེད་སྣང་ཤར། དེ་བཞིན་དུ་ནག་ཁྱབ་ཚད་མཐོ་བའི་སྐབས་སུ་དུས་རྒྱུན་སྤྱི་བཏང་བའི་ཁ་ཤུབས་དེ་དག་གིས་ཀྱང་དུ་ནག་ནང་གི་དུག་རིགས་གཙང་མ་འགོག་མི་ཐུབ་པ་མ་ཟད། ཁ་ཤུགས་གཞན་ཞིག་གི་སྐོར་བཤད་འདུག་ཀྱང་ད་དུང་ཡང་མཐའ་གཅིག་ཏུ་ཁ་དབུགས་བཙོག་པ་བཀག་ཐུབ་མིན་བཤད་སྟངས་མི་འདྲ་བ་འདུག ཡིན་ཡང་ཡག་ཤོས་བྱུང་ན་ ( P1/P2 mask ) ཟེར་བའི་ཁ་ཤུབས་དེ་གྱོན་ནས་ཕྱིར་འགྲོ་བ་དང་། དེ་བཞིན་གལ་ཏེ་ཁ་ཤུབས་དེ་འཕྲོག་བརླག་སོང་ཚར་བའམ་ཟུར་ནས་དབུགས་ཤོར་འགྲོ་བ་བཅས་འདུག་ན་ཁ་ཤུབས་གསར་པ་བརྗེ་དགོས་པ་རེད་འདུག

 

 

༤། ཉེན་ཚབ་ཆེ་བའི་སྐབས་སུ་རྒན་རྒོན་ནད་བཅོང་དང་བྱིས་པ་ཕྲུ་གུ་བཅས་ཀྱིས་ངེས་པར་དུ་གཟབ་དགོས་པ་དང་། དེའང་དུ་ནག་གིས་རྐྱེན་པས་སྤྱི་བཏང་གི་ནད་རྟགས་ནི་སྔོན་མ་ལས་དབུགས་འབྱིན་རྔུབ་དཀའ་བ། གློ་རྒྱག་པ། མགོ་ཡུ་འཁོར་བ། མིག་ཚ་བ་བཅས་ནད་རྟགས་ཡོད་འདུག་ན་དུས་ཐོག་སྨན་པར་རྟེན་གཏུག་དགོས་གལ་ཆེ།

 

 

༥། ཉེ་འཁོར་དུ་དུ་ནག་གིས་རྐྱེན་པའི་ནད་པའི་རིགས་དང་། དེ་འབྲེལ་གྱི་དོགས་གནས་ཡོད་རིགས་སམ་གཟུགས་པོའི་གནས་སྟངས་སྡུག་ཆག་འགྲོ་མཁན་མཐོང་ཐོས་རིག་གསུམ་ཤེས་རྟོགས་གང་བྱུང་ན་དེ་དག་དུས་ཐོག་སྨན་པར་བསྐྱེལ་དགོས་པའམ་དེ་འདྲ་དགོས་པའི་བསྐུལ་མ་གཏོང་དགོས་པ་བཅས་རེད་འདུག

 

 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -