ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.10.2019 03:15:17
གངས་དཀར་སེམས།

images/stories/win-lose.jpg
 
ཐོབ་ཤོར་གྱི་བར་ནས།

Between Lose and win

输赢之間

 

ཁྱོད་ཤོར་སོང་ཟི།

དེའི་སྟབས་ཀྱིས་ང་ཧ་ཅང་སྡུག་དྲག་ནས།

ངུ་ངག་དུང་དུང་ཞིག་འབྱིན་དགོས་པ་འདྲ།


 

འོན་ཀྱང་ཅི་ཡིན་མི་ཤེས།

ང་སྐྱོ་སྣང་གི་ཚབ་ལ་འཛུམ་སྙིང་འདོད།

ཁྲིམས་ལུགས་རབ་འབྱམས་པ།

དུས་དེར་སྒེར་དོན་རྙོགས་པའི་སྐབས།

ཕྱིའི་རྒྱལ་ཁབ་ལ་བྲེལ་འཚུབ་ཀྱིས་རྒྱུགས་པའི་མཐར།

ནང་གི་ཁྲིམས་སྒོའི་ཆ་ཤས་ཆུང་ངུ་ཞིག་ནས་ཕམ་སོང་།

 

 

 

གཅིག་བྱས་ན་འདི་ཞོར་འཕྲོས་ཀྱི།

ཟུར་ཟ་ཆེན་པོ་ཞིག་ཀྱང་ཡིན་ངེས།

 

 

 

འོན་ཀྱང་།

ཁྱོད་ལ་དེ་སྔོན་སྡུག་རུས་དང་ཧུར་བརྩོན་ཆེ་བས།

ཤེས་བྱའི་ཁྲིམས་སྒོར་འཛུལ་ཞིང་།

འབད་འབུངས་ལུ་གུ་བརྒྱུད་འདྲའི།

གཞན་ལ་ངོམས་ཆོག་ལ།

སྒེར་གྱིས་སྤོབས་ཆོག་པའི།

ལེགས་བྱང་ཞིག་ཡོད་པ་དེ་ཚང་མས་ཤེས།

 

 

ཁྱོད་ཤེས་བྱར་བློ་སེམས་གཅིག་གིས་འབད་པའི།

བརྒྱུད་རིམ་ཁོ་ནར་སེམས་ཕྱོགས་མཁན་མང་།

དེའི་སྟབས་ཀྱིས་རྒྱལ་སྤྱི་ཟེར་བའི།

མགོ་ནག་མིའི་སྡེངས་ཆ་ཆེ་ས་དག་ལ།

གངས་ཅན་པའི་ངོ་བོ་ས་བསྒྲགས་གནམ་བསྒྲགས་ཀྱིས།

མི་རིགས་འདི་ཕྱིར་ངོམས་རྒྱུ་མང་ཙམ་བྱུང་།

འདི་དག་ནི་ཐེ་ཚོམས་ཙམ་མི་དགོས་པར།

ཁྱོད་ཁེངས་སྤོབས་སྐྱེ་འོས་པའི་རྒྱུ་རུ་ངེས།

 

 

ཁྱོད་ཐོབ་སོང་ཟི།

དེའི་སྟབས་ཀྱིས་ང་ཤིན་ཏུ་ནས་དགའ་ཞིང་།

དགའ་སྤྲོ་ལྷང་ལྷང་ཞིག་སྒྲོག་དགོས་པ་འདྲ།

དེ་བས་དགའ་གླུ་ལེན་ཏེ་འཕགས་དགོས་པའང་འདྲ།

 

 

འོན་ཀྱང་ཅི་ཡིན་ན་མི་ཤེས།

ང་དགའ་རྒྱུའི་ཚབ་ལ་ངུ་སྙིང་འདོད།

 

 

ལོ་མང་གཞུང་ཞབས་ཤིག

སྒེར་གྱི་ལོ་རྒྱུས་སུ་ཡོད་པའི་ནག་ཐིགས་ཟེར་བ།

གནད་དོན་དེ་དག་དགོས་རྒྱུའི་ཚབ་ཏུ།

རྗེས་སུ་མ་ཉེས་ཅེས་པ་དེ་གསལ་ཐབས་ཕྱིར།

ཉིན་མཚན་སྒོ་གསུམ་མྱུར་ནས་རྒྱལ་ཁ་འདི་ཐོབ་སོང་།

 

 

གཅིག་བྱས་ན་འདིའི་ཟུར་ཞིག་ནས།

སྒེར་དོན་ཐོབ་ཤོར་འཕྲོས།

ལོ་མང་གཞུང་ཞབས་གཅིག་ནས།

སྒེར་དོན་གཙེགས་ཆེན་བྱས་པའང་ངེས།

 

 

ཁྱོད་གཞུང་ལས་ལོ་མང་བྱས་མཐར།

མང་པོས་ཁ་གཅིག་གྲགས་ཀྱིས།

ཁྱོད་ཀྱིས་འབད་འབུངས་ལུ་གུ་བརྒྱུད་འདྲ་འདིར།

ཡོངས་གྲགས་ཀྱིས་ངོས་ལེན་ཡང་བྱས།

 

 

 

འདི་ཁྱོད་སྒེར་ལའང་སྤོབས་ཆོག་པའི།

ལེགས་བྱང་ཞིག་དང་།

ཁྱོད་ལོ་མང་གཞུང་ལས་བྱས་པའི་བརྒྱུད་རིམ།

འདི་ཁོ་ནར་བརྟེན་ནས་སེམས་གཏད་མཁན་ཡང་བྱུང་།

 

 

ལོ་རྒྱུས་ཀྱིས་བཞག་པའི་གཞུང་སེམས་དཀར་ཟེར་བ་དེས།

གཞུང་ལས་ཀྱི་ཤུལ་རྗེས་འཛིན།

བྱས་པ་འདིར་དོགས་སློང་ཙམ་མི་དགོས་པར།

ཁྱོད་ཁེངས་སྤོབས་སྐྱེ་འོས་པའི་རྒྱུ་རུ་ངེས།

 

 

 

མདོར་ན།

ཅི་ཡིན་ན་མི་ཤེས།

ངས་འདི་ནས་མང་པོ་ཞིག་བཤད་སྙིང་མ་འདོད།

ང་ཁྱོད་གཉིས་ལ་དགའ་དྲག་ནས་མིན་ལ།

ང་ཁྱོད་གཉིས་ལ་སྡང་དྲག་ནས་དེ་བས་མིན།

 

 

 

གཞུང་སྒོ་ནི་མི་ཡི་བྱ་བ་ཡིན་སྟབས།

ཁྲིམས་སྒོ་ནས་ཐོབ་ཤོར་ཕུད།

མི་གཤིས་ཀྱི་སྤུས་ཚད་ནི།

ང་ཚོ་ནང་པ་ལྟར་ན།

མཐའ་མར་རྒྱུ་འབྲས་དང་ལེགས་ཉེས་ཀྱིས།

ཉ་ག་དེ་ནས་དྲང་སྲོང་གིས་གཞལ་འོང་བར་ཡིད་ཆེས་ཡོད་སྐད།

 

 

 

གཞན་ཡང་རྒྱུན་དུ་ནས།

ཁྱོད་གཉིས་ཀས་སྒེར་རྩལ་དྲུག་གསུམ་བཅོ་བརྒྱད་ངོམས་ནས།

མཐོ་བླ་མར་དད་ལུགས་ཤིག་མཚོན་ཐབས་བྱེད་ཀྱི་འདུག

དམའ་འབངས་མིར་བརྩེ་སེམས་ཤིག་ཡོད་ལུགས་སྟོན་གྱི་འདུག

དེའི་ཆེད་དུ་སོ་སོ་མཐོ་ས་ཞིག་ལ་ཡོད་ཚུལ་དེའང་།

ལན་མང་ཁ་ལྕེ་བདེ་མོས་སྤྱི་བསྒྲགས་བྱེད་ཀྱི་འདུག

 

 

མཇུག་ཏུ།

 

ཁྱོད་གཉིས་ཀས་ཁ་སྤོབས་ཀྱི་ཁེངས་དྲེགས་ཅི་ཙམ་ཆེའང་།

གཞིས་ལུས་ཀྱི་མྱོང་གོམས་གསོན་པོ་དེ།

སེམས་ལ་སྲ་མཁྲེགས་ཅིག་ཨེ་ཡོད་བསམ་པའི་ཐེ་ཚོམས་དེ་ང་ལ་ཡོད།

དེ་ནི་ཁྱོད་གཉིས་ཀས་གཞིས་ལུས་ཀྱི་སྤུན་ཟླར་ཆད་པའི།

ལན་ཆགས་ཀྱི་བུ་ལོན་ཐོག་མ་དེ་ཡིན་ཆོག

 

 

 

ཁྱོད་གཉིས་ཀས་སེམས་སུ་མེ་ཕུང་འབར་ཡང་།

ཁ་ནས་དུ་བ་ཙམ་འདོན་ཁག་པའི།

གཞིས་ལུས་ཀྱི་སྤུན་ཟླའི་མདུན་ནས།

བྱིས་ཀྱི་གཞུང་སྒོའི་ཁྲིམས་ར་རྩ་ཆེན་འདིར།

བྱིས་པ་སྣབས་ལུད་ཅིག་གིས།

ཕྱིའི་འཛམ་བུ་གླིང་གི་ནམ་མཁའི་རྒྱ་ཁྱོན་མི་སྲུང་བར།

ནང་སྒོའི་སྒེར་དོན་གྱི་སྒེའུ་ཁུང་དོག་མོ་དེ་སྲུང་ཕྱིར།

རྩེད་མོ་ཞིག་རྩེས་པར་བྲེལ་ཟིང་གིས་ཁེངས་སོང་།

དེ་ཁྱོད་གཉིས་ཀྱིས།

བོད་མི་ཚོར་ཆད་པའི།

ལན་ཆགས་ཀྱི་བུ་ལོན་གཉིས་པ་དེ་ཡིན།

 

 

 

གཞུང་སྒོའི་སྡེངས་ཆ་ཆེ་ཤོས་དེ་སྤྱོད་སྒོ་རུ།

ཁྱོད་གཉིས་ཀའི་ཕྱོགས་གཏོགས་ཀྱི་དཔུང་ཁར་འགྲེང་སྟེ།

གྲངས་ཉུང་ཡང་མི་རིགས་གསོན་པོ་འདིའི།

མཐུན་ལམ་རྡོག་རྩ་ཆིག་སྒྲིལ་མག་མོག་ཏུ་བཏང་མྱོང་།

འདིའང་ཁྱོད་གཉིས་ཀྱིས་ཆད་པའི་འགངས་ཆེན་གྱི།

ལན་ཆགས་ཀྱི་བུ་ལོན་ཞིག་ཡིན།

 

 

ཆད་ས་དེ་ནི་བོད་མི་ས་ཡ་དྲུག་ཏུ་འབོད་པའི།

གངས་ཅན་ཁ་བ་མི་རིགས་ཀྱི།

མགོ་ནག་བོད་པ་དེ་དག་གོ

 

 

 

མ་འོངས་པར།

ད་དུང་ཡང་ཆབ་སྲིད་པ་ཚོས།

བཟང་པོའི་བློ་དང་རིག་པ་བསྡུར་རྒྱུའི་ཚབ་ཏུ།

ཐོབ་ཤོར་ཁོ་ནར་ཤི་འཐམ་རོ་འཐམ་གྱིས།

མུ་མཐུད་ནས་འཁྲབ་རྩིས་ཡོད་ངེས།

ཉ་ཉོག་དང་སྐྱུར་མེར་བའི།

ཆ་རྫོབ་པོའི་ཕྱོགས་ཀྱི་རྒྱུན་ཐག་ད་ལྟ་ཆད་རན་མེད་པའང་སྲིད།

 

 

 

མདོར་ན།

 

ཁྱོད་གཉིས་ཀའི་ཁོག་ཏུ།

རྙིང་དམར་པོ་རེའི་འཕར་ལྡིང་གིས།

མི་རིགས་འདིའི་ལ་རྒྱ་སེམས་མཁན་ཞིག་ཡིན་དགོས།

ད་དུང་རྨོངས་པས་བསྒྲིབ་པའི།

ཁྱོད་གཉིས་ཕར་འཐེན་ཚུར་འཐེན་བྱེད་མཁན་ནམ།

རྒྱབ་ལྗོངས་སུ་དཔུང་ཁག་སྒྲིག་བཞིན་པའི་མགོ་སྟོང་ཀླད་སྟོང་ཡོངས་ཚུད།

ཚང་མས་མི་རིགས་འདིའི་ངུ་མ་དགོད་ཀྱི་གནས་སྟངས་དྲན་ཞིང་།

ཚང་མས་མི་རིགས་འདིའི་མག་མོག་གི།

སྡུག་ཅིག་ཡ་ཆུང་ནས་མྱོང་དགོས་པ་དེ་བརྗེད་མི་ཉན།

 

 

 

གང་ལྟར་ཡང་།

ཁྱོད་གཉིས་སུ་ཐོབ་སུ་ཤོར་ནི་ང་ལ་མཚོན་ན།

དེ་ཙམ་གྱི་དོ་དབྱིངས་འདོད་པའི་བརྗོད་གཞི་ཞིག་མིན་མོད།

 

 

 

འོན་ཀྱང་།

ད་ཐེངས་ཁྱོད་གཉིས་ཀྱི་ཐོབ་ཤོར་གྱི་བར་ནས།

མ་འོངས་པའི་ཁ་ཕྱོགས་ལ་བསམ་ནས།

ངས་བཤད་སྙིང་འདོད་པ་ཚིག་གཅིག་རང་ཡོད་།

དེ་ནི་ཁྱོད་གཉིས་གསོན་པོར་གནས་པའི་དུས་ད་ལྟ་ནས་བཟུང་།

གོང་བུ་གཅིག་གྱུར་བཟོ་སྙིང་འདོད་ཅེས་པ་དེ་འགྲུབ་མིན་སུས་ཀྱང་མི་ཤེས།

 

 

 

ཡིན་ཡང་ནང་དམེ་ཡིས་རིགས་མཐུན་རྩ་ཐོར་མི་འགྲོ་བ་ཞིག་དགོས་པ་དེ།

ཁྱོད་གཉིས་ཀས་དོར་ཐབས་མེད་པའི་འགན་འཁྲི་ཡིན་པས།

དེ་ཡིད་ལ་ཟུགས་ཤིག ཀྱེ།

 

 

ཁ་མཆུ་ཨང་ ༢༠ པའི་ཐོབ་ཤོར་དང་འབྲེལ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༩ གཟའ་སྤེན་པའི་ཉིན་ཨོ་གླིང་གི་རང་ཤག་ཏུ་བྲིས།

 

 

མཆན། ཟི་ཞེས་པ་འདི་ཡུལ་སྐད་དང་བརྗོད་པའི་མཐར་སྦྱར་བའི་དབུགས་འབྱིན་རྔུབ་ཀྱི་སྒྲ་ཙམ་ཡིན།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -