ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

30.08.2019 02:51:21
གངས་དཀར་སེམས།

images/stories/68j58pickna.jpgThe dream of a disabled girl

残疾女孩的梦想

(བརྩམས་སྒྲུང་།) 

 

ད་ལྟ་ང་ནི་རང་ལོ་ཉེར་ལྔར་སླེབས་པའི་དབང་པོ་སྐྱོན་ཅན་གྱི་བུ་མོ་ཞིག་ཡིན། ལོ་བཅུར་སླེབས་དུས་ང་གྲོང་གསེབ་ཏུ་ཕ་མ་གཉིས་ཚུད་གཅེན་པོ་གཅེན་མོ་བཞི་དང་མཉམ་དུ་ལྟོ་གོས་ལ་སེམས་འཁུར་དེ་ཙམ་མི་དགོས་པ་མ་ཟད། སློབ་གྲྭར་ཤེས་ཡོན་སྦྱང་བརྩོན་བྱས་པར་བརྟེན། ང་དབང་པོ་སྐྱོན་ཅན་ཞིག་ཏུ་གྱུར་ཚར་བའི་ད་ལྟ་ཡིན་ཡང་ངས་ཡིག་འབྲུ་ཁག་ཅིག་འབྲི་ཤེས་ཀྱི་ཡོད།


 སྐབས་དེར་སོ་སོའི་ཕ་ཡུལ་དུ་ང་ནི་ཕ་མ་སྤུན་མཆེད་ཚོ་དང་མཉམ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་སྤྲོ་སྣང་ལྡན་པའི་བྱིས་པའི་དུས་ཤིག་ཡོད་མྱོང་ཟེར་ན་ཆོག སྤྱིར་ན་ངའི་ཕ་ཡུལ་ནི་རྒྱ་མཚོའི་འགྲམ་དུ་ཆགས་ཤིང་། ངའི་སྤོ་རྨོ་ནས་བཟུང་ཨ་མྱེས་ཡང་མྱེས་ནས་ད་ཚུན་ཆད་ང་ཚོས་རྒྱ་མཚོ་ཆེན་པོའི་ནང་གི་ཐོན་རྫས་སམ། ཉ་རིགས་སྣ་ཚོགས་དང་ཆུ་རྩ་སོགས་ཟས་སུ་སྤྱོད་ཅིང་། རྒྱུན་ལྡན་གྱི་འཚོ་བའི་ནང་འཐུང་བྱ་ཆང་རག་གཙོས་དུས་སྟོན་སྣ་ཚོགས་སུ་ཚང་མས་མཉམ་འདུས་ཀྱིས་གཞས་གླུ་བྲོ་གསུམ་ལ་ཧ་ཅང་ལོངས་སྤྱོད་ཆེ་བའི་མི་རིགས་ཤིག་ཡིན་ལ། དེའི་སྟབས་ཀྱིས་མིན་འགྲོ ང་ཚོའི་རིགས་ནི་ཕོ་མོ་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་ཧ་ཅང་གི་གཟུགས་ཕུང་ཆེ་ཞིང་རྒྱགས་པ། ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད་པར་ཕར་བལྟས་ཚོད་ལ་མང་ཆེར་ཤེད་ཆེན་གྱི་བཟོ་ལྟ་འདྲ་རྐྱང་རྐྱང་རེད་ལ་རྒྱུན་གཏན་སྐད་ཆ་བཤད་དུས་ཀྱང་སྐད་མགོ་ཧ་ཅང་མཐོན་པོ་ཡིན།

 

རང་ལོ་བཅུར་ཟིན་དུས་ཀྱི་ཉིན་ཞིག་ང་ལ་གློ་བུར་གྱི་ན་ཚ་ཞིག་ཕོག་རྗེས་ཕ་མས་ང་འདིར་ཡོད་སྨན་ཁང་དུ་ཐེངས་འགར་བསྐྱེལ་ཡང་ཕན་པ་ཆེན་པོ་མ་བྱུང་བ་རེད། དེ་ནས་བཟུང་ང་ལྐུགས་མོ་ཞིག་དང་རིག་པ་ལའང་སྐྱོན་ཕོག དེ་མ་ཚད་ངའི་རྐང་ལག་བཞིའང་ནང་དུ་འཁུམ་འགོ་བརྩམས། ཕ་མས་ང་ལ་ཐོར་བྱུང་གི་གོད་ཆགས་ལྟ་བུ་དེ་བྱུང་རྗེས་ཐུགས་ཧ་ཅང་ཕམ་སྲིད་མོད་ཀྱང་གཙོ་བོ་ངའི་མ་འོངས་པའི་མི་ཚེ་ལ་ཐུགས་བསམ་བཞེས་ཏེ་ང་རྒྱལ་ཁབ་གཞན་ཞིག་ལ་བཅོས་ཐབས་ཆེད་དུ་འཁྲིད་མྱོང་འདུག འོན་ཀྱང་རྒྱལ་ཁབ་གཞན་གྱི་སྨན་པ་སྐད་གྲགས་ཅན་རེད་ཟེར་བ་དེས་སྐབས་དེར་ངའི་སྲོག་མྱུར་སྐྱོར་གནང་ཞིང་ཉེན་ཁ་མེད་པར་གྱུར་བ་ཙམ་ལས། དུས་དེ་ནས་བཟུང་ངའི་རྐང་ལག་གཉིས་ཀ་ཐང་པོ་མེད་ཅིང་འགྲོ་འདུག་ལ་མི་བདེ་བ་ཞིག་ཏུ་གྱུར་འདུག དེ་རྗེས་ང་ག་ལེར་ཡར་ལང་ནས་འགྲོ་ཐུབ་པ་ཞིག་ཆག་ཡོད་ཀྱང་དུས་དེ་ནས་བཟུང་ངའི་རིག་པ་ལའང་སྐྱོན་ཕོག་སྟེ་དབང་པོ་སྐྱོན་ཅན་ཞིག་དངོས་སུ་གྱུར་སོང་བ་རེད།

 

 

དེ་རྗེས་ཀྱི་དུས་ཚོད་གང་ཙམ་ཞིག་ཏུ་ངས་རང་གི་ཁའི་ནང་གི་མཆི་མའང་བཀག་མི་ཐུབ་པའམ་རང་ཚོད་ཟིན་མི་ཐུབ་པར་རྒྱུན་དུ་ནས་མར་འཛར་ཡོང་བར་ལག་རས་ཅིག་འཁྱེར་ནས་ཕྱི་དགོས་པའང་ཆགས་སོང་། འོན་ཀྱང་ངའི་ཕ་མ་གཉིས་ཀྱིས་ང་ཚུད་ཕྲུ་གུ་དྲུག་འཁྲིད་དེ་ནང་མི་ཡོངས་རྒྱལ་ཁབ་འདིར་སྤོས་རྗེས་ང་ལོ་ཇེ་ཆེར་རམ་ལང་ཚོ་ཇེ་དར་ལ་སོང་རྐྱེན་ཕ་མ་གཙོས་ཕྱི་མི་ཚོས་བལྟས་ན་ང་ནི་བསམ་བློ་གང་ཡང་གཏོང་མི་ཤེས་མཁན་ཞིག་ལ་ངོས་འཛིན་གནང་སྲིད་མོད། འོན་ཀྱང་དོན་དངོས་ཐོག་ང་རང་གིས་སོ་སོས་ཟས་ཟ་ཐུབ་ཅིང་། གོམ་བགྲོད་སྐབས་རྐང་པ་དེ་ཙམ་བདེ་མིན་གྱིས་ཀྱོག་ནས་འགྲོ་དགོས་ཀྱང་གསང་སྤྱོད་དང་། གཞན་ཁྲོམ་རར་འཁྱམ་པ། རྒྱུན་གཏན་གོམ་བགྲོད་ཏོག་ཙམ་བྱེད་པ་སོགས་དེ་མིན་གྱི་དབང་པོ་སྐྱོན་ཅན་གཞན་མང་པོ་དང་བསྡུར་ན་སོ་སོའི་སྒེར་གྱི་འཚོ་བའི་ནང་འགྲོ་འདུག་ལ་རང་མགོ་ཐོན་ཐག་གཅོད་ཡོད་བསམ་ནས་ཡོད།

 

 

 

གོང་གསལ་ནི་ངས་བྱེད་ཐུབ་པ་དག་རེད། ངས་མི་ཐུབ་པའི་རིགས་ནི་སྒེར་གྱིས་གཟུགས་པོ་འཁྲུ་རྒྱུ་དང་སྐྲ་འཁྲུ་རྒྱུ། གྱོན་གོས་ལེགས་པོ་གྱོན་མི་ཐུབ་པ། གཞན་ཡང་རྒྱུན་གཏན་གྱི་མི་ལྟར་ལས་གནས་སུ་ཞུགས་པ་དང་ངའི་ཁོར་ཡུག་ཏུ་ངས་མི་འཇོན་ས་དང་མི་ཐུབ་ས་མང་པོ་ཡོད་པ་དེ་ནི་བཤད་མི་དགོས་པ་ཚང་མས་མཁྱེན་གསལ་རེད་དེ་ངས་སོ་སོས་མི་འཇོན་མི་ནུས་ཟེར་འདོད་དེ་ཙམ་མེད།

 

 

རྒྱུན་གཏན་དུ་ང་ལ་ཁྱིམ་དུ་རོགས་པ་བྱེད་མཁན་ལྟ་སྐྱོང་བ་ཞིག་ཡོད། མོས་ངའི་གཟུགས་པོ་འཁྲུ་རོགས་དང་གྱོན་ཆས་གཡོག་རོགས། སྐྲ་བཟོ་རོགས། ཞོགས་ཟས་བཟོ་རོགས། སློབ་གྲྭར་འགྲོ་དུས་ཉིན་དགུང་ཟས་དང་འཐུང་ཆུ། ཤིང་ཏོག་ཉུང་ཤོས་དང་མངར་ཟས་རིགས་བཅས་གྲ་བསྒྲིག་ཨང་གསར་བྱེད་ཀྱི་ཡོད། དེ་མིན་མོས་ང་མལ་ས་ནས་ཡར་ལང་ཚར་རྗེས་ཉལ་ཆས་དག་གཙང་སྟེབས་ཆག་དབྱིབས་སྣ་ཚོགས་བརྒྱབས་ཀྱི་རེད་ལ། ང་ནི་མོས་ཉལ་ཆས་ཟུར་གསུམ་དབྱིབས་ཀྱིས་བཅས་བཞག་པ་དེ་ལ་ཧ་ཅང་དགའ་པོ་ཡོད།

 

 

 

ད་ངས་རྙོགས་གཏམ་མང་པོ་མི་བཤད། ངས་དེ་རིང་བཤད་འདོད་པ་དེ་ནི་ད་ཆ་ང་ལང་ཚོ་དར་བའི་གཞོན་ནུ་མ་ཞིག་ཡིན། དེར་བརྟེན། ང་ལའང་གཞན་དང་འདྲ་བའི་དགའ་རོགས་གཅིག་དགོས་ཀྱི་འདུག ངའི་ལོ་ཚད་དུ་སླེབས་པའི་བུ་མོ་གཞན་ཚང་མས་དགའ་རོགས་བསྒྲིགས་པའམ་ལས་ཀ་འཚོལ་ནས་ཡོང་འབབ་བསགས་པ་སོགས་མ་འོངས་པའི་འཚོ་བའི་ཕུག་བསམ་རེ་ལེགས་འགྲུབ་ཡོང་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ང་ནི་དོན་དངོས་ཐོག་ཕ་མའི་འཁྲིས་ནས་ནམ་ཡང་ཁ་བྲལ་ཐབས་མེད་པའི་ཟ་འདྲེ་ལྟ་བུ་ཞིག་ལས་ཅིའང་མིན་སྙམ་པའི་ང་སེམས་སྡུག་ཆེ་རུ་འགྲོ་བཞིན་འདུག

 

 

སེམས་རྒྱ་ཆེ་ཙམ་གྱི་བསམ་བློ་འདྲ་གཏོང་ན་ནི་རྒྱལ་ཁབ་འདིས་དབང་པོ་སྐྱོན་ཅན་ཚོར་ལྟ་རྟོགས་ཧ་ལས་པ་གནང་གི་ཡོད་མོད། འོན་ཀྱང་ང་བདེ་ཐང་ཅན་གྱི་གཞོན་སྐྱེས་གཞན་དང་གཅིག་མཚུངས་ཀྱིས་སོ་སོའི་འཚོ་བ་བསྐྱེལ་སྟངས་ཤིག་གདམ་ཁ་བྱེད་མི་ཐུབ་པ་དེ་ང་ལ་མཚོན་ན་སེམས་ཀྱི་སྡུག་གི་འབྱུང་ཁུངས་གཙོ་བོ་དེ་ཡིན།

 

 

 

ངའི་གཅེན་མོ་བཞི་དང་གཅེན་པོ་གཅིག་ཚང་མ་ཆང་ས་བརྒྱབས་ཚར་ནས་ཕྲུ་གུ་ཡོད་པ་ཤ་སྟག་རེད། ངའི་གཅེན་མོ་ཆུང་བས་གཞན་གྱི་བཟའ་ཚང་དབར་འཛུལ་ནས་རྙོགས་གླེང་མང་ཙམ་བཟོས་མཐར་མོ་ལ་ཕྲུ་གུ་གཉིས་བྱུང་། མོས་ཕ་མ་སྤུན་མཆེད་དང་གྲོགས་ཕོ་མོ་ཚོའི་བསླབ་བྱ་སློབ་གསོ་ལ་མ་ཉན་པར་བཟའ་ཟླ་ཡོད་མཁན་གྱི་སྐྱེས་པ་དེའི་ཕྲུ་གུ་གཉིས་སྐྱེས་པ་རེད། སྤྱིར་ན་ང་རང་མོས་བྱ་བྱེད་དེ་ལ་མོས་མཐུན་རྩ་བ་ནས་མེད་མོད། འོན་ཀྱང་ངའི་གཅེན་མོས་ཟེར་ན་དེ་ནི་མོ་རང་གིས་སོ་སོའི་འདོད་མོས་དང་གདམ་ཁ་ཡིན་པས་འགྱོད་པ་སྤུ་ཙམ་མེད་ཟེར་གྱི་རེད། དེའང་ངའི་གཅེན་མོ་དེ་ཕྲུ་གུའི་ཨ་ཕ་དེ་དང་རྒྱུན་གཏན་འཚོ་བ་མཉམ་དུ་བསྐྱེལ་མ་ཐུབ་ཀྱང་མོ་རང་སྐྱེས་པ་དེ་ལ་དགའ་བའི་རྐྱེན་གྱིས་འགྱོད་པ་སྤུ་ཙམ་མེད་སོགས་ཧམ་བཤད་འདྲ་བྱེད་ཀྱི་ཡོད། གང་ལྟར་ཡང་ངའི་གཅེན་མོ་ཐ་ཆུང་དེའི་བརྩེ་དུང་གི་འཚོ་བ་ཡིད་དུ་འོང་བ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་མེད། ཕལ་པའི་མི་ཚོའི་མིག་ནང་གཅེན་མོའི་བྱ་བ་དེ་སྤྱོད་པ་དམན་པར་ངོས་འཛིན་ཡང་དེ་ནི་མོ་རང་གི་འགྱོད་པ་མེད་པའི་གདམ་ཁ་རེད། འོན་ཀྱང་ང་ལ་མཚོན་ན་ལེགས་ཉེས་སམ་སེམས་ཀྱི་སྐད་ཆ་ཙམ་ཡང་གཞན་ལ་བཤད་ཡུལ་མེད་པ་ང་གསོན་དུས་ཕ་མའི་རྡོག་འཕྲིས་ཅིག་དང་ཤི་ནའང་སུ་གཅིག་གིས་ཡིད་དུ་དྲན་གསོ་ཙམ་ཡང་བྱེད་མི་སྲིད་པའི་ཁེར་རྐྱང་གི་བན་རོ་ཞིག་ཏུ་འགྱུར་ངེས། དེར་བརྟེན། ང་ལ་བརྩེ་དུང་ལ་རེ་བའི་སེམས་བསམ་པ་ངར་མོ་ཞིག་ཡོད་རྐྱེན། ངས་རྒྱུན་དུ་ནས་ངའི་ཉེ་འཕྲིས་སུ་ཡོད་པའི་སྐྱེས་པ་ཚོར་དོ་སྣང་ཆེན་པོ་དང་དབྱིངས་སླེབས་ཀྱི་འདུག

 

 

 

འོན་ཀྱང་ངའི་ཁོར་ཡུག་ཏུ་སློབ་གྲོགས་བུ་རེ་གཉིས་དང་དགེ་རྒན་སྐྱེས་པ་གཅིག་གཉིས་ཙམ་ལས་གཞན་གྲོགས་པོ་བསྒྲིག་སའི་ཁོར་ཡུག་དེ་ཙམ་མེད། གང་ཡིན་ཟེར་ན། གཙོ་བོ་ང་ཞོགས་སྔ་ལང་ནས་མཚན་ཕྱི་ཉལ་བར་དུ་གཞན་གྱིས་ལྟ་རྟོགས་དང་རོགས་སྐྱོར་འོག་འཚོ་དགོས་པས་ཡིན། འོན་ཀྱང་ང་རང་མི་ཚེའི་ནང་དགའ་ས་སྐྱེས་པ་ཐོག་མ་དེ་ངའི་དགེ་རྒན་ཀ་ལགས་ཡིན། ཀ་ལགས་ནི་ངོ་ལ་རྒྱུན་དུ་གཡོ་མེད་ཀྱི་འཛུམ་དང་ལྡན་ཞིང་། ང་ཚོ་རིག་པ་སྐྱོན་ཅན་དང་གཟུགས་པོ་སྐྱོན་ཅན་གང་ཡིན་ཡང་དབང་པོ་སྐྱོན་ཅན་གྱི་སློབ་ཕྲུག་ཚང་མར་གང་ཐུབ་ཀྱིས་མཛའ་བརྩེ་ལྡན་པ་ཞིག་ཡོད། ང་རང་ཁོང་གི་སློབ་ཚན་འཚོགས་ཐེངས་རེར་སེམས་སུ་སྤྲོ་སྣང་གིས་ཁེངས་ཤིང་དེའང་ངའི་ཉིན་ཞག་དུས་དྲུག་ནང་གི་སེམས་སུ་མཛེས་སྡུག་ལྡན་ཞིང་སྤྲོ་སྣང་ཆེ་ཤོས་ཀྱི་དུས་ཚོད་ཀྱང་ཡིན། ཡིན་ཡང་རྒན་ཀ་ལགས་ཀྱི་སློབ་ཚན་བདུན་གཅིག་ནང་ཉིན་གཅིག་དང་དེའང་ཚོགས་ཐེངས་རེར་སྐར་མ་ལྔ་བཅུ་ཙམ་ལས་མེད་པ་དེའང་ངས་ཁོང་གི་འཛུམ་མདང་ལ་སེམས་པ་ཤོར་ཆོག་པའི་སྟོང་བསམ་ཀྱང་འཆར་བའི་དུས་ཀྱང་ཡིན། དེ་མིན་ང་ལ་གཅེས་སུ་འོས་པའི་དུས་ཚོད་ཁྱད་པར་ཅན་གང་ཡང་མེད། རྒྱུ་མཚན་དེར་བརྟེན། ང་རྒྱུན་དུ་ནས་ཁྱིམ་དུ་སྡོད་པ་ལས་ཕྱིར་དེ་ཙམ་འགྲོ་འདོད་མེད།

 

 

 

ངས་ཀློག་པ་པོ་ཁྱེད་ཚོར་ངའི་སྐོར་འདི་ལྟར་བཤད་དུས་ཁྱེད་ཚོས་ང་ནི་བུ་མོ་སྤྱི་མཚུངས་ལྟར་ཚོར་སྲིད་མོད། འོན་ཀྱང་ངའི་ན་ཚའམ་སེམས་ཁམས་སྡུག་ཏུ་འགྲོ་དུས་ངས་གཞན་ལྟར་སོ་སོའི་ཚོར་བར་སྟངས་འཛིན་གང་ཡང་བྱེད་མི་ཤེས་པ་དེ་ནི་ངའི་གཟུགས་པོའི་རང་བཞིན་གྱི་བྱ་འགུལ་ཞིག་རེད། ངའི་ཁོང་ཁྲོ་དང་ང་རྒྱལ་ལ་འཛེམས་ཟོན་སྤུ་ཙམ་བྱེད་ཀྱི་མེད་པའམ་མི་ཤེས་པར་དེ་དག་ཕྱིར་མངོན་གྱི་ཡོད། ཧ་ཅང་གནས་སྟངས་སྡུག་ཆག་འབྱུང་སྐབས་སུ་ངས་སོ་སོའི་གདོང་ལ་ཁུར་མཚུར་བཞུས་ཏེ་ངའི་ཁ་སྣ་གཉིས་ནས་ཁྲག་དོན་པའམ། ངས་སོ་སོའི་སྐྲ་འཐེན་ཞིང་ངུ་འབོད་བྱེད་དེ་སོ་སོའི་འགོག་མེད་ཀྱི་ཚོར་བ་ཤུགས་ཆེན་པོ་དེ་གཞན་ལ་མཚོན་ཐབས་བྱེད། འོན་ཀྱང་སྐབས་དེར་ངའི་ཕ་མ་གཉིས་ནས་ག་དུས་ཡིན་ཡང་ངའི་ལག་མགོ་གཉིས་ནས་བཟུང་ཞིང་། སྐད་མགོ་མཐོན་པོས་ང་ལ་གཤེ་བཞིན་ངའི་ཚོར་བ་དེ་མར་འཇགས་ཐབས་བྱེད། འོན་ཀྱང་ཁོང་གཉིས་ཀྱིས་ང་ལ་ངར་སྐད་ཅི་ཙམ་སྒྲོག་ན་ངའང་དེ་ཙམ་གྱིས་ཁོང་ཁྲོ་མེ་ལྟར་འབར་ནས་དུས་ཡུན་ནང་དེ་འགོག་མི་ཐུབ།

 

 

 

མཐར་ཨ་ཕས་ངའི་ལག་གཉིས་ནས་དམ་དུ་བསྡམ་ཞིང་དུས་ཡུན་ནང་དེ་ལྟར་བྱས་རྗེས་མཐར་ངའང་ཕ་ལགས་དང་ཤུགས་འགྲན་ལྟ་བུ་དེར་དཀའ་ལས་ཁག་ནས་ངའི་ཚོར་བ་ཞི་དུལ་བཏང་གི་ཡོད། ང་རང་གིས་འདིའི་སྐོར་བཤད་དུས་ཅུང་ངོ་ཚོ་དང་ཁ་སྐྱེངས་པ་ལྟ་བུའི་སེམས་ཚོར་ཞིག་འདུག་སྟེ། དེ་ནི་ང་སྤྱི་བཏང་བའི་དབང་པོ་སྐྱོན་ཅན་གྱི་བུ་མོ་ཞིག་གི་རྒྱུན་གཏན་འཚོ་བ་དངོས་ཀྱི་ཟུར་ཙམ་ཡིན།

 

 

འོན་ཀྱང་ཉེ་དུས་ནས་བཟུང་ང་ལ་ལྟ་སྐྱོང་བྱེད་མཁན་གསར་པ་ཞིག་བྱུང་། མོས་ང་ལ་རྒྱུན་དུ་ནས་སྐད་མགོ་རན་ཙམ་གྱིས་སྐད་ཆ་སྙན་མོ་གང་ཐུབ་བཤད་པ་དང་། གལ་ཏེ་ངས་སྤྱོད་ངན་ཙམ་སྤེལ་རྩིས་སྐབས་མོ་རང་ངའི་མདུན་དུ་ཀྲོང་ངེར་ལང་ནས་ཁྱོད་བུ་མོ་བཟང་མོ་ཞིག་ཡིན། སྤྱོད་ངན་སྤེལ་ན་བུ་མོ་བཟང་མོ་ཞིག་ལ་མི་བརྩི། ངས་ཁྱོད་བུ་མོ་བཟང་མོ་ཞིག་ལ་ངོས་འཛིན་ཡོད། དེ་འདྲ་བྱེད་ན་ནོར་འཕྲུལ་རེད། ལམ་སེང་རྩུབ་སྤྱོད་དེ་མཚམས་ཞོགས་ཅེས་བཤད་དེ་ངའི་ཚོར་བ་དེ་རང་སར་ཞི་ཐབས་བྱེད་པ་དེར་ཕན་ནུས་ཧ་ལས་པ་ཐོན་གྱི་འདུག

 

 

 

སྐབས་རེར་མོ་རང་ལས་ཀ་གཞན་ལ་མགོ་འཁོར་ནས་ཡོད་དུས་ངའི་ཚོར་བ་འབར་སོང་ནས་ངས་རང་གི་གདོང་ལ་མུར་ཙོག་བཞུ་བརྩིས་སྐབས་ཡིན་ཡང་། ངའི་ལྟ་སྐྱོང་བ་དེ་མུར་ངའི་མིག་མདུན་དུ་ལང་ནས་གོང་གི་སྐད་ཆ་དེ་བཤད་ནས་ངའི་ཚོར་བ་ག་ལེར་ཞི་འགྲོ་གི་འདུག འོན་ཀྱང་ངའི་ལྟ་སྐྱོང་བ་འདིས་བྱེད་སྟངས་དང་ངའི་ཕ་མས་ཧ་ཅང་སྐད་མགོ་མཐོན་པོས་གཤེ་བའི་གནང་སྟངས་དབར་ཁྱོན་ནས་མི་འདྲ་སྟབས། ང་ལྟ་སྐྱོང་བ་དེ་དང་མཉམ་དུ་ལོ་གཉིས་ལྷག་གཤིབས་པའམ་མོ་དང་མཉམ་དུ་ཡོད་དུས་ངས་སོ་སོར་ཁུར་མཚུར་བཞུས་ནས་སོ་སོར་རྨས་སྐྱོན་བཏང་མྱོང་མེད། ཕ་མས་ཀྱང་མོ་ལ་དགའ་སྣང་ཧ་ཅང་ཆེན་པོ་བྱེད། ང་ཚོ་ཁྱིམ་མི་ཚང་མས་མོ་ལ་དགའ་པོ་རེད། མོས་གཤིས་འཇམ་ཁ་ཡག་གིས་ཐོག་ནས་ངའི་སྤྱོད་ངན་བཅུན་ཐབས་བྱེད་ལ། ངའི་ཕ་མས་རྟག་ཏུ་ང་ལ་ངར་སྐད་ཁོ་ནར་སྒྲོག་ནས་ང་ཞི་ཐབས་བྱེད་པ་དང་ལྟ་སྐྱོང་བའི་བྱེད་སྟངས་དེ་གཉིས་བར་ལ་ཁྱད་པར་ཧ་ཅང་ཆེ་རྐྱེན། ང་རིམ་བཞིན་ཕ་མ་དབར་སེམས་ཐག་ཇེ་རིང་ལ་འགྲོ་བཞིན་འདུག དུས་མཚུངས་སུ་ངའི་ལྟ་སྐྱོང་བས་ངའི་ཨ་མ་ལགས་སུ་ཁྱེད་རང་གིས་བུ་མོའི་ཚོར་བ་འབར་ཡོང་དུས་སྐད་མགོ་མཐོན་པོས་གཤེ་བ་ལས་ངག་འཇམ་པོས་སློབ་གསོ་བསླབ་བྱ་རྒྱག་ན་དེ་ནི་ཡུན་རིང་བརྟེན་ཐུབ་པ་ལས། དེ་མ་བྱེད་ན་བུ་མོའི་ཚོར་བ་འབར་བྱ་དེ་ཞི་ཐབས་མིན་པར་དུས་ཐོག་གི་ཚོར་བ་འགོག་ཐབས་ཙམ་ལས་གཞན་མོས་རྗེས་མའང་གཅིག་མཚུངས་དེ་ལྟར་བྱ་བར་འགོག་མི་ཐུབ། དེར་བརྟེན། ཁྱེད་གཉིས་ནས་ཀྱང་ངག་འཇམ་པོས་བུ་མོ་བཟང་ཕྱོགས་སུ་སྣེ་ཤེན་གནང་ན་ཕན་ངེས་སོགས་བཤད་སོང་བར་ང་རང་ཧ་ཅང་དགའ་སྣང་བྱུང་། སྐབས་ཐོག་ཏུ་ངའི་ལྟ་སྐྱོང་བས་དེ་འདྲ་བཤད་དུས་ངའི་ཨ་མའི་ངོ་ནས་ལྟ་སྐྱོང་བ་དེར་འགོག་མ་ཐུབ་པའི་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་སོང་ཡང་། དེ་རྗེས་ཀྱི་དུས་རིམ་ནང་ང་ཚོར་བ་འབར་ནས་སོ་སོར་འཚེ་བའི་སྐབས་ཨ་མས་ང་ལ་ངག་འཇམ་པོས་ནོར་འཕྲུལ་ཡོ་བསྲང་གནང་ཐབས་གནང་གི་ཡོད། དེང་ངའི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་འགྲོ་དུས་ངའང་ཧ་ཅང་དགའ་སྣང་ཚོར་གྱི་འདུག

 

 

 

དེ་མིན་ངས་སེམས་སུ་རྒྱུན་དུ་གཞན་གྱིས་མི་ཤེས་པའི་གསང་བ་ཞིག་ཡོད། ད་དེ་རིང་ངས་གསང་བ་དེ་སྦས་གསང་མེད་པར་ཀློག་པ་པོ་ཁྱེད་ཚོར་བཤད་ན་བསམ། ང་ལ་སྤུན་ཡ་མ་ཆེ་ཆུང་བཞི་ཡོད། ཁོང་ཚོ་ཚང་མར་བཟའ་ཟླ་དང་བུ་རྒྱུད་ཡོད། འོན་ཀྱང་ང་ད་དུང་ཕ་མ་མཉམ་དུ་འདི་ལྟར་ལྟ་སྐྱོང་བས་རོགས་སྐྱོར་འོག་འཚོ་དགོས་པ་ནི་འགོག་ཐབས་མེད་པའི་ལས་དབང་རེད། ཉེ་དུས་ནས་བཟུང་ངའི་སེམས་ནང་ང་ལའང་དགའ་རོགས་ཅིག་ཡོད་ན་ཅི་མ་རུང་སྙམ་སོང་། དགའ་རོགས་དེ་འདྲ་ཞིག་ཡོད་ན་བསམ་པ་དེ་ང་འདོད་ཆགས་ཆེ་བས་མིན་ལ། ང་ལ་མི་ཚེའི་སྐྱིད་སྡུག་མཉམ་དུ་མྱོང་རོགས་གཅིག་དགོས་ཀྱི་འདུག་བསམ་པ་དེ་ཡིན། སྐབས་དེར་ངའི་སེམས་སུ་དེ་ལྟར་དྲན་འོང་དུས་ངའི་ངོ་གདོང་ཡང་ཚ་ལམ་ལམ་འདྲ་བྱས་སོང་། འོན་ཀྱང་ངས་གཞན་གྱི་བུ་མོ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཆང་སའི་མཛུབ་དཀྲིས་བཏགས་ཅིང་། ཧ་ཅང་མཛེས་སྡུག་ལྡན་པའི་ཆང་སའི་མཛེས་གོས་གྱོན་ནས་ལྷ་ཁང་ངམ་ཚོགས་རར་འགྲིམས་པའི་དུས་དེ་འདྲ་མཐོང་དུས་ང་རང་རྒྱུན་དུ་ནས་འགོག་མི་ཐུབ་པ་ཧ་ཅང་དགའ་ཚོར་དང་བཅས་དགའ་ངུ་ཤོར་གྱི་ཡོད། འོན་ཀྱང་སྐབས་དེར་ང་ངུ་དུས་ངས་སོ་སོར་འཚེ་བའི་བྱ་བ་གང་ཡང་མི་བྱེད་པར་སྐད་ངག་མེད་པའི་ངུ་ཤོར་ཞིང་མིག་ནང་མཆི་མིས་ཁེངས་ཀྱི་ཡོད་པར་བརྟེན། དུས་དེར་ཕ་མ་དང་ངའི་ལྟ་སྐྱོང་བའང་ང་ལ་དེ་ཙམ་སེམས་འཁུར་མེད་མོད། འོན་ཀྱང་ང་སྡུག་དུས་སམ་ངར་དང་ཁོང་ཁྲོ་ལོང་བ། ན་ཚ་སྡུག་ཏུ་སོང་བའི་སྐབས་ངས་སོ་སོའི་གདོང་ལ་ཁུ་མཚུར་བཞུས་ཏེ་ཁ་སྣ་གཉིས་ནས་ཁྲག་དོན་ནའང་ང་ལ་ཚོར་བ་དེ་ཙམ་ཡོད་མ་རེད། ངས་སོ་སོའི་སྤྱོད་ངན་སྐོར་མང་པོ་བཤད་མི་འདོད།

 

 

 

 

ད་དོན་དཀྱུས་ནས་བཤད་འདོད་པ་ནི་ད་ང་ལ་དགའ་རོགས་སམ་མ་འོངས་པའི་ཚེ་རོགས་གཅིག་དགོས་འདུག ངས་དགའ་རོགས་དེར་ལྐུགས་བརྡ་ལག་བརྡའི་སྒོ་ནས་སོ་སོའི་བརྩེ་སེམས་མཚོན་ཐབས་བྱ་ཐུབ་ཀྱི་རེད་བསམ་ཡོད། གལ་ཏེ་ངའི་བསམ་དོན་ལེགས་འགྲུབ་འབྱུང་ན་ཅི་མ་རུང་། མ་འོངས་པར་ང་རང་དགའ་བའི་མི་དེ་དག་མཉམ་དུ་ལྷ་ཁང་དུ་ཆང་སའི་མཛད་སྒོ་རྒྱས་པོ་ཞིག་འཚོགས་རྒྱུ་དེ་ནི་ངའི་ཉིན་མཚན་དུས་དྲུག་ཏུ་སེམས་ནང་འཁོར་འོང་བའི་ལྐུགས་མ་ངའི་མི་ཚེའི་རྨི་ལམ་ཟེར་ནའང་འདྲ། ཕུག་བསམ་ཟེར་ནའང་ཆོག འོ་ན་དེ་ནི་ངའི་མི་ཚེ་འདི་རྒྱུད་མཐུད་བྱེད་བསམ་པའི་རྒྱུ་མཚན་ནམ་རེ་འདུན་ཁོ་ན་དེ་ཡིན།

 

 

 

འོན་ཀྱང་མིག་སྔར་ངའི་ཕ་མས་ང་དབང་པོ་སྐྱོན་ཅན་ཞིག་ཡིན་པའི་ངོས་ནས་གལ་ཏེ་ང་གཞན་དང་ཆང་ས་བརྒྱབས་ན་ངས་ཕྲུ་གུ་སྐྱེ་མི་ཐུབ་པ་མ་ཟད། ཕ་རོལ་པོ་སུ་ཡིན་ཡང་ང་ལ་ཚེ་གང་པོར་ལྟ་རྟོགས་མི་བྱེད་ལ། དེ་ནི་ང་ལ་མཚོན་ན་བསམ་བློའི་ཡུལ་དུའང་འཁོར་མི་འོས་པའི་བྱ་བ་སྡུག་ཆག་ཅིག་དང་། ཡང་ན་བསམ་བློའི་ཡུལ་དུ་རྩ་བ་ནས་མི་དགོས་པའི་དཀའ་ངལ་འཐོལ་པ་ཞིག་ལ་ངོས་འཛིན་གསལ་པོ་གནང་གི་འདུག

དེ་ནི་ངའི་མི་ཚེའི་ནང་མངོན་འགྱུར་མི་ཐུབ་པ་ཞིག་ལ་ཤེས་བཞིན་དུ་ངས་གློག་བརྙན་ཁག་ཅིག་གི་ནང་དུ་དབང་པོ་སྐྱོན་ཅན་གཉིས་ཆང་ས་བརྒྱབས་པ་དང་། དེ་གཉིས་ཕ་མ་དང་ལྟ་སྐྱོང་བས་རོགས་རམ་དང་སྨོན་ལམ་འོག་གཉེན་སྟོན་ཡང་བྱས་པའི་སྐོར་མཐོང་དུས་ངའི་སེམས་སུ་ཅི་ཡིན་ཆ་མི་འཚལ་བའི་སྐྱོ་གདུང་གིས་འཚུབ་ཡོང་།

 

 

 

ག་རེ་ཡིན་ནམ། ང་སྤྱིའི་ཆ་ནས་རང་མགོ་ཐོན་ཙམ་མམ་འགྲོ་འདུག་སྤྱོད་གསུམ་དང་། ཟ་འཐུང་ཉལ་གསུམ། དེ་མིན་གཞན་ཡང་བྱ་བ་ཆུང་ཙག་རིགས་སྒྲུབ་ཐུབ་ཀྱི་ཡོད། ང་ལ་དེ་འདྲའི་གནས་སྟངས་ཤིག་ཡོད་མི་ཆོག་པ་ག་རེ་ཡིན་ནམ། རེད། ངའི་ན་ཚ་འཕར་ཡོང་དུས་ངས་སོ་སོར་ཁུ་མཚུར་བཞུས་ནས་ཁ་ནས་ཁྲག་དོན་པ་ཙམ་གྱིས་ངའི་མི་ཚེའི་ཕུག་འདུན་དེ་བཙན་བཀག་དགོས་དོན་ཅི་ཡིན་ནམ། ང་ལྟ་བུའི་དབང་པོ་སྐྱོན་ཅན་ནམ་ལྐུགས་མོ་ཞིག་ལ་སྨྲ་མི་དགོས་མོད། གཞན་ལུས་སེམས་གཉིས་ཀ་བདེ་ཐང་ཡིན་པར་རློམ་མཁན་གྱིས་ཀྱང་མི་བསད་རྟ་འགྱེལ། མི་གཞན་བསད་རྨས་བྱེད་པ། ཐ་ན་གཡོ་སྒྱུ་ཁྲམ་གསུམ་འཁྲབ་ཏེ་བྱ་བ་ངན་པ་མང་པོ་སྤེལ་གྱི་འདུག འོ་ན་ཁོ་ཚོ་དོན་དམ་པར་ང་ལས་རིག་པ་བདེ་ཐང་ཡིན་མཁན་ཚོས་བྱ་ངན་འདི་འདྲ་སྤེལ་བར་སྤྱི་ཚོགས་ནས་བཙན་གྱིས་བཀག་མི་དགོས་པམ་མི་ཐུབ་པ་ང་དབང་པོ་སྐྱོན་ཅན་ཞིག་ལ་སྐྱོན་ཆུང་ཙག་ཡོད་པ་དེ་ཧ་ལས་ཧོན་འཐོར་འདྲ་བྱེད་དེ་ངའི་མི་ཚེའི་རྨི་ལམ་དེ་མངོན་འགྱུར་ཡོང་ཐབས་ལ་འབད་བརྩོན་ཆེན་པོས་བཀག་དགོས་དོན་གང་ཡིན་ནམ།

 

 

མཚམས་རེར་ངས་མི་བདེ་ཐང་དུ་རློམ་མཁན་ཚོས་གཡོ་སྒྱུ་ཁྲམ་གསུམ་གྱིས་ཆེ་ས་ནས་བཤད་ན་འཇིག་རྟེན་འདི་ཁྱུར་མིད་དུ་གཏོང་འདོད་དང་། འདོད་རྔམ་ཆེན་པོས་གཞན་ལ་དཀའ་ངལ་རབ་དང་རིམ་པ་མང་པོ་བཟོ་བཞིན་པ་མཐོང་དུས་སྐབས་རེར་ངའི་སེམས་ནང་ང་ཚོ་དབང་པོ་སྐྱོན་ཅན་འགའ་རེ་རིག་པ་དང་ལུས་ཁམས་སྐྱོན་ཡིན་རུང་། མང་པོས་གཞན་ལ་དམིགས་ཡུལ་བཟུང་ནས་རྨས་སྐྱོན་དང་ཕམ་ཁར་བསྐྱེལ་བསམ་པ་མེད་ལ། ངའི་རོགས་པ་མང་པོ་ནི་རྒྱུན་གཏན་གྱི་འཚོ་བའི་ནང་སེམས་ནང་དགའ་སྣང་གིས་ཁེངས་པ་དང་། ཁ་ནས་སྐད་ཆ་སྙན་པོ་བཤད་རྒྱུ་དང་ངོ་ལ་འཛུམ་མདང་ལྡན་པ། ཚང་མའི་དབར་ཕན་ཚུན་དགའ་སྣང་ཧ་ཅང་མངོན་མཁན་ཤ་སྟག་རེད་ཅེས་བཤད་འདོད་བྱུང་།

 

 

 

ངའི་རོགས་པ་དབང་པོ་སྐྱོན་ཅན་ནམ་གྲོགས་པོ་ཀྱཱོན་ལ་མཚོན་ན་གཞན་གྱིས་རོགས་རམ་འོག་ཟས་ཟ་དགོས་པ་དང་གསང་སྤྱོད་དུ་རོགས་པ་དགོས་པ། གཟུགས་པོ་འཁྲུ་རོགས་བྱེད་དགོས་པ་གསུམ་ཕུད། ཁོ་རང་ཉིན་གཅིག་ལ་བལྟས་པ་ནང་བཞིན་རྒྱུན་དུ་ནས་དགོད་མོ་གད་དེ་སྡོད་ཀྱི་རེད། ང་ཚོའི་སློབ་གྲྭའི་དགེ་རྒན་དང་འགོ་འཁྲིད། ལས་བྱེད་དང་ལྟ་སྐྱོང་བ་སོགས་མི་ཚང་མ་ཀྱཱོན་ལ་མི་དགའ་མཁན་གཅིག་ཀྱང་མེད། ཀྱཱོན་འདི་ལྟར་འཛུམ་གྱིས་ཁེངས་ཤིང་། གཞན་ལ་ཁ་སྙན་མོ་བཤད་རྒྱུར་ཧ་ཅང་དགའ། ཁོས་གཞན་ལ་གནག་སེམས་དང་གནོད་སེམས་བྱ་བསམ་པ་མེད་ལ། ཁོས་རང་གཞན་སུ་ལའང་ཁབ་རྩེ་ཙམ་ཡང་འཚེ་བའི་བྱ་བ་སྤེལ་མི་སྲིད། གཞན་མི་སུ་འདྲ་ཞིག་ཡིན་ཡང་ཀྱཱོན་གྱི་འཁྲིས་སུ་ཡོད་མེད་ལ་མ་ལྟོས་པར་ཁོ་ནི་རྒྱུན་དུ་ནས་ངོ་ལ་ཧ་ཅང་མཛེས་སྡུག་ལྡན་པའི་འཛུམ་མདང་ལྡན་པའི་ཡིད་འོང་གི་ལྷའི་ཕོ་ཉ་ཞིག་རེད་ཟེར་ནའང་འུར་སྤུ་ཙམ་མེད།

 

 

ཀྱཱོན་ནི་ང་དང་འདྲ་བའི་དབང་པོ་སྐྱོན་ཅན་མང་པའི་ནང་གི་གཅིག་རེད། ད་དུང་མང་པོ་ཡོད་པ་དེ་ངས་འདིར་མི་བཤད། མདོར་ན་ངས་འཚོ་བའི་དངོས་ནང་དགོས་པའི་བྱ་བའམ་དོན་དག་མང་ཆེར་རང་འཚོ་ལྟ་བུ་ཐུབ་བཞིན་དུ་ང་ལ་དགའ་རོགས་ཅིག་ཡོད་མི་ཆོག་པ་ག་རེ་ཡིན་ནམ། འོ་ན་ཕ་མས་གསུངས་པ་ལྟར་མ་འོང་པར་ང་ཆང་ས་བརྒྱབས་ཚར་ན་ཕྲུ་གུ་སྐྱེ་མི་ཐུབ་པ་བདེན་ན་དེ་ལ་ཐབས་ཤེས་སྣ་ཚོགས་གཏོང་ལོས་ཆོག གང་ལྟར་ཡང་ཁོང་ཚོས་ངའི་ཚོར་བ་དངོས་ལ་དེ་ཙམ་བསམ་གཞིགས་གནང་གི་མེད་པ་རེད། ཁོང་ཚོས་ངའི་མི་ཚེ་རྒྱུན་མཐུད་ཙམ་དང་ལྟོ་གོས་འགྲིག་ཆག་ཙམ་བྱུང་ན་ཡོངས་རྫོགས་འགྲིག་སྡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། དེ་འདྲ་རྩ་བ་ནས་མ་རེད། ང་ལའང་གཞན་བུ་མོ་བདེ་ཐང་ཅན་ཚོ་དང་གཅིག་མཚུངས་ཀྱི་ཕུག་བསམ་དང་རེ་འདུན་ཡོད་ལོས་ཆོག ང་ཚོའི་དབང་པོ་སྐྱོན་ཅན་ཚོར་དགེ་རྒན་དང་ལྟ་སྐྱོང་བ་སོགས་ཀྱིས་འཚོ་བའི་རྒྱུན་ཤེས་མང་པོ་བསླབས་ནས་ཁོང་ཚོ་མི་བདེ་ཐང་ཡིན་ཟེར་མཁན་ནང་བཞིན་རེད། ཁག་གཅིག་གིས་ལས་ཀའང་བྱེད་ཀྱི་ཡོད་པ་རེད། དེ་ནང་བཞིན་ད་ལྟའི་ཆར་ང་རང་གིས་འཇོན་ཚོད་དང་དཔག་ཚོད་ས་ནས་སོ་སོའི་མི་ཚེའི་ལམ་ལུགས་ཅིག་གདམ་ཁ་མི་ཆོག་པ་ག་རེ་ཡིན་ནམ།

 

 

ང་ད་ལྟ་རང་ལོ་ཉེར་ལྔར་སོན་ཡོད། ང་དབང་པོ་སྐྱོན་ཅན་གྱི་བུ་མོ་ཞིག་ཡིན། སུས་ང་ལ་རོགས་རམ་དེ་བྱ་ཐུབ་བམ། སུས་ང་ལ་སོ་སོའི་བསམ་པ་ནང་བཞིན་གྱི་མི་ཚེའི་འཚོ་བ་ཞིག་རྙེགས་རོགས་བྱ་ཐུབ་བམ། ད་དུང་དུས་ཚོད་ནི་ལྷོད་དལ་མེད་པར་འདི་ལྟར་འགྲོ་བཞིན་པ་ཡིན་ཡང་ངའི་ལང་ཚོ་ནི་མཚན་མོའི་མཁའ་དབྱིངས་སུ་འཚེར་བཞིན་པའི་སྐར་མ་དང་འདྲ་བ་དུས་ཡུན་དུ་ཡལ་སྲིད་པ་རེད། ང་ལ་སོ་སོའི་མི་ཚེའི་རྨི་ལམ་འདི་འདྲ་ཞིག་ཡོད་མི་ཆོག་པར་སྐར་མ་དེ་ཚོ་ལྟར་ཐེངས་ཤིག་མི་ཚོའི་མིག་མདུན་ནས་ཁུ་སིམ་སིམ་གྱིས་ཡལ་སྲིད། ཀློག་པ་པོ་ལགས། སུས་ང་ལ་མི་ཚེའི་གདམ་ཁ་འདི་འདྲ་ཞིག་བྱ་བར་རོགས་འདེགས་གནང་ཐུབ་བམ། ང་ཚོ་དབང་པོ་སྐྱོན་ཅན་ཡང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ནང་གི་ཚོགས་ཤིག་རེད། ང་ཚོར་སོ་སོའི་འདོད་མོས་དང་རྨི་ལམ་ཡོད་པ་དེར་ཡ་མཚན་དགོས་དོན་མེད། འོ་ན་ཁྱེད་ཀྱིས་ང་ཚོ་དབང་པོ་སྐྱོན་ཅན་ཚོའི་མི་ཚེའི་མཛེས་སྡུག་གི་ཕུག་བསམ་ཡིན་བསམ་པ་དེ་འདྲ་རེ་ལེགས་འགྲུབ་བྱ་བར་རོགས་རམ་བྱ་སྲིད་དམ།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -