ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

12.04.2019 17:05:17
གངས་དཀར་སེམས།

images/stories/Gangkarsem/hello.jpgཧཱ་ལོ་བཅུ་དྲུག
Sixteen Hello
十六個哈囉

དེང་ལས་བྲེལ་དབང་གིས་གྲོགས་ཕོ་མོ་དང་ཡང་ན་ངོ་ཤེས་སའང་འགྲོ་ཁོམ་མི་འདུག་མོད། ཕྱི་ལོ་ ༢༠༡༦ ལོར་ཨོ་གླིང་དུ་སླེབས་ཏེ་ལོ་གསུམ་མ་ཟིན་ཙམ་གྱི་ནང་གཙོ་བོ་ལས་ཀ་ཁོ་ནའི་ཆེད་དུ་དུས་ཚོད་མདའ་དགོས་བྱུང་བ་ལྟ་བུ་རེད། འོན་ཀྱང་སོ་སོ་བོད་མི་ཡུལ་གྱར་བ་ཞིག་གི་ངོ་བོ་ནི་བོད་དོན་བདེན་མཐའ་མ་གསལ་བར་འགྱུར་མི་སྲིད་པ་དེ་ངའི་སེམས་སུ་ཧ་ཅང་གསལ་པོ་ཡིན།


 

ཆེ་ས་ནས་བསམ་བློ་གཏོང་ན་མ་འོངས་པར་བོད་རང་བཙན་ཐོབ་རེ་དང་། དེ་མིན་རྒྱ་གཞུང་གིས་ཁོ་ཚོའི་སྒེར་གཅོད་སྲིད་དབང་གི་ཁེ་ཕན་ཁོ་ནར་མི་ལྟ་བར་བོད་དོན་འདི་བཟང་ཕྱོགས་སུ་འགྱུར་ལྡོག་གཏོང་རོགས་བྱ་ན་བསམ་པ་དེ་གཉིས་ནི་ངའི་བསམ་བློའི་ནང་རེ་བས་ཕུང་བྱེད་ཅིག་དང་ད་དུང་ནམ་མཁའི་མེ་ཏོག་ཙམ་ལ་མཐོང་བཞིན་ཡོད།

འོན་ཀྱང་དུས་མཚུངས་སུ་ཨོ་གླིང་རྒྱལ་ཁབ་འདིའི་ནང་འཚོ་དགོས་ཤིང་། མི་འགྲོ་འགྲོ་དང་མི་འདུག་འདུག གཞན་གྱི་རྗེས་སུ་ཟིན་ཐབས།

 

 

བོད་མི་ཞིག་ཡིན་པའི་ངོས་ནས་གང་ཐུབ་ཀྱིས་སོ་སོའི་ངོ་བོའམ་ཁྱད་ཆོས་དག་གཞན་ལ་ལེགས་སྤེལ་ཉེས་འགོག་གིས་ཚུལ་དུ་མིག་སྟོན་གྱིས་འདིར་ཡོད་རྒྱལ་ཁབ་གཞན་གྱི་མི་རྣམས་དང་། གཞུང་འདི་ལ་བཟང་ཕྱོགས་ཀྱི་བག་ཆགས་ཙམ་ཡང་འཇོག་ཐབས་ལོས་དགོས་སྙམ་ནས་ཡོད། དེར་བརྟེན། ངས་རྨང་གཞིའི་འགན་སྲུང་ནི་གཞན་ལ་ཕན་མ་ཐོག་ནའང་གནོད་མི་བསྐྱེལ་རྒྱུ་ནི་ཡུལ་གྱར་དུ་ཡོད་པའི་བོད་མི་གང་ལ་སུ་ཡོད་ཚང་མས་རྩ་བའི་སྒྲུབ་བྱར་ངོས་འཛིན་ཡོད། ང་ཚོ་བླ་མ་གཅིག་གི་སློབ་མ་བཟང་པོ་ཞིག་གམ་རྗེས་འཇུག་ཡག་པོ་ཅིག་གི་ངོ་བོར་གནས་དགོས་དུས་གང་ཐུབ་ཀྱིས་སོ་སོའི་མི་གཞི་དེ་གཞུང་དྲང་དང་། དེ་མིན་དོན་དམ་པའི་བྱ་བཞག་ཅིག་འཇོན་དགོས་ཀྱི་འདུག་བསམ་ན་གཞན་ཕན་གྱི་སེམས་རྩའམ་སྙིང་རུས་དེ་མ་ལྷོད་པར་ཧུར་བརྩོན་ངང་འབད་དགོས་པ་རེད་བསམ།

 

 

སྤྱིའི་ཆ་ནས་རིགས་མཐུན་སྤུན་ཟླ་མང་ཆེར་འདིར་སླེབས་རྗེས་སློབ་སྦྱོང་དང་ལས་བྲེལ། དེ་མིན་ཞར་དང་ཞོར་གྱི་ཁྱིམ་ཚང་ནང་མི་དང་གྲོགས་ཕོ་མོ་སོགས་ཀྱི་འགྲོག་འབྲེལ་སོགས་འཚོ་བ་དངོས་ཀྱི་དགོས་དམིགས་དང་འཇུག་སྒོར་བཞུགས་དགོས་པ་ལས་དམིགས་བསལ་དུ་བོད་དོན་ལ་ཕན་རླབས་ཆེ་བའི་ལས་འགུལ་ཞིག་འདིར་ཡོང་དཀའ་མོད། ཡིན་ཡང་སོ་སོ་བོད་མི་ཞིག་ཡིན་པས་གང་ཐུབ་ཀྱིས་གཞན་ལ་རྣམ་འགྱུར་ཙམ་ཡང་ལེགས་པོ་སྟོན་ཐབས་བྱེད་ཀྱི་ཡོད། དེ་བས་གཞན་ལ་ཕན་ཐབས་ཀྱི་ཆ་ནས་ཕྱིའི་དངོས་པོའི་ཐོག་ནས་སམ། འཇིག་རྟེན་པའི་ཤེས་བྱ་ཡོན་ཏན་སོགས་ནི་ང་ཚོས་མགོ་སེར་ཚོར་སྦྱིན་གཏོང་མི་དགོས་པར་ཁོ་ཚོར་ཆ་ཚང་བ་ཡོད་ཡོད་པ་ལྟ་བུ་རེད་འདུག་སྙམ།

 

 

འོན་ཀྱང་ཨོ་གླིང་དུ་ལོ་གསུམ་ཟིན་གྲབས་ཀྱི་དུས་ནང་ང་ཚོ་ཤར་གླིང་གི་མིའམ་དམིགས་བསལ་དུ་བོད་མི་ཚོས་མགོ་སེར་ཚོར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐུབ་གཅིག་གམ་དེའང་གནད་ཆེ་བ་ཞིག་འདུག་སྙམ་བྱུང་བ་དེ་ནི་སོ་སོའི་བག་ལྷོད་དང་ཞི་འཇམ་གྱི་གཤིས་སྤྱོད་དང་འཚོ་བ་རོལ་སྟངས་དེ་མགོ་སེར་ཚོར་མིག་སྟོན་ཡག་པོ་བྱེད་རྒྱུ་དེ་རེད་འདུག དེའང་ལ་ལས་གུས་མོར་ད་ཡིན་ན་དགོད་མོ་མ་བསློང་རོགས། ང་ཚོས་མགོ་སེར་ཚོར་བསླབ་དགོས་རྒྱུ་ཅིའང་ཡོད་མ་རེད། ཁྱོད་ཀྱིས་མི་འཇོན་འཇོན་མདོག་བྱེད་མི་དགོས་སོགས་ཀྱང་ཟེར་སྲིད་མོད།

 

 

ཡིན་ཡང་ངས་སྤུན་ཟླ་ཚོར་ཞུ་འདོད་པ་ནི་ང་ཚོ་བོད་མི་རིགས་འདི་གཞན་ལས་ཤེས་བྱ་དང་དཔལ་འབྱོར་ཞེན་སོང་བ་བདེན་ནའང་། ད་ཆ་ང་ཚོར་གཞན་གྱིས་སྨོན་དགོས་པའི་ཕྱོགས་གཅིག་ནི་ང་ཚོས་ཕར་ཕྱིན་དྲུག་གི་ཉམས་ལེན་ཟེར་ན་ཧམ་པ་ཆེ་དྲག་ཡོད་འགྲོ་སྟེ། རྒྱུན་གཏན་དུ་མིའི་སྤྲོ་སྣང་དང་བཟོད་སྒོམ། གུ་ཡངས་དང་བག་ལྷོད། སེམས་ཆུང་དང་སྙིང་རྗེ་སྐྱེ་སླ་བ། གང་ཐུབ་ཀྱིས་གཞན་ལ་ལྟ་ཤེས་བསྟུན་མཁས་བཅས་ནི་ཡུལ་མི་གཙོས་གཞན་དང་བསྡུར་ན་མི་གཤིས་ཀྱི་རིན་ཐང་ཆེ་ས་རེད་བསམ་པ་ཐེངས་མང་བྱུང་། ང་རང་འདིར་ལོ་གསུམ་ཟིན་གྲབས་ཀྱི་འཚོ་བའི་དངོས་ཀྱི་ཉམས་མྱོང་དངོས་དེ་དག་ལ་དཔྱད་ཚེ། ཚང་མ་འདི་ལྟ་བུ་རེད་ཟེར་གྱི་མེད་དེ། ཤར་གླིང་མི་རྣམས་ཕུད་མགོ་སེར་ཚོའམ་སྤྱིར་ཨོ་གླིང་གི་ཡུལ་མི་གཙོས་ནུབ་ཕྱོགས་པའི་རིགས་ཐ་དག་གི་དཀྱུས་དམངས་ཚོ་སེམས་རྩ་ལྷོད་ལ་འབབ་ནས་འཚོ་མི་འདོད་པའམ་མི་ཤེས་པར་དེ་ལས་ལྡོག་ནས་བྱ་བ་ཅི་ཞིག་ཡིན་ཡང་དེར་ཚད་ལས་བརྒལ་བའི་སྒོ་ནས་ཧུར་བརྩོན་དང་བྲེལ་འཚུབ་ལ་གོམས་སོང་བ་ལྟ་བུ་རེད། དེར་བརྟེན། ངས་བསམ་ན་ཁོང་ཚོ་རྒྱུན་གཏན་དུ་བྲེལ་འཚུབ་དང་འཚོ་བའི་གནོན་ཤུགས་ཟར་དང་ཟུར་གྱིས་བཙིར་བཞིན་པར་བརྟེན་མི་རྣམས་ཀྱི་སེམས་ཁམས་ལ་གནོད་པ་ཞིག་ངེས་པར་དུ་འདུག་བསམ་གྱི་འདུག ཡང་དེ་འདྲའི་ཤུགས་རྐྱེན་ཆེ་དྲག་ནས་སྒེར་གྱི་སེམས་ཁམས་མི་བདེ་ཞིང་། མི་གཤིས་ལ་འཚུབ་ཆ་ཆེ་བའམ་ང་ཚོས་ཟེར་ན་སྨྱོ་ཤེད་ཅན་ལྟ་བུ་ཁྲོམ་ལམ་དུ་མཐོང་རྒྱུ་ཁག་ཅིག་ཡོད། ཡིན་ཡང་གོམས་གཤིས་འདི་འདྲར་གོམས་ལོབ་སོང་ན་དེར་སྣང་དོག་ཀྱང་མེད་པར་རང་བཞིན་གྱིས་འཚོ་བ་བསྐྱེལ་ཐུབ་པ་ཙམ་མ་ཟད། དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འགོག་ཐུབ་ནས་སོ་སོའི་འཚོ་བ་དངོས་ཀྱི་འགྲོ་ལུགས་འདུག་སྟངས་འདིའི་ཐད་ནས་བདེ་དགེ་ལ་རོལ་ཞིང་བྱང་ཆུབ་པར་གྱུར་སོང་བའང་མི་ཉུང་བ་ཞིག་ཡོད་པ་དེ་དག་འདིར་བརྗོད་གཞིར་མེད།

 

 

འོ་ན་སྤུན་ཟླ་ལ་ལས་ད་དུང་ཡང་མགོ་སེར་ཚོར་ལྟོ་གོས་གཏམ་གསུམ་གྱི་དཀའ་ཁག་གང་ཡང་མེད། ཁོ་ཚོ་སྨྱོ་དགོས་པའི་རྨང་གཞི་ཅི་ལ་ཡོད་དམ་ཟེར་ནས་དྲི་བ་བཀོད་སྲིད་མོད། དེ་ནི་ཁོ་ཚོར་ལྟོ་གོས་ཀྱི་དཀའ་ངལ་གྱིས་མ་ཡིན་པར་སེམས་ཁམས་ལྷོད་དལ་ལམ་ཞི་བདེའི་སྒོ་ནས་གནས་མི་ཤེས་པས་རེད། ཁོང་ཚོ་ནི་སྤྱིའི་ཆ་ནས་མིའི་རིགས་ལ་བཟང་སྤྱོད་དགོས་པའི་ཆ་གཞུང་འབྲེལ་གྱི་བསླབ་བྱ་སློབ་གསོའི་རིམ་པའི་ནང་ལོས་ཡོད་མོད་ཀྱང་། དེ་མིན་རྒྱུན་དུ་མི་གཤིས་ཀྱི་སློབ་གསོའི་ནང་གཙོ་བོ་ངས་བྱེད་ཕོད་ངས་འཇོན་ནུས། ངས་འཛམ་གླིང་འདི་བླ་འོག་ཏུ་བསྒྱུར་ནུས། ངས་མ་བྱེད་ན་སུའི་བྱེད་སོགས་གནམ་འོག་འདིར་ང་མིན་ན་སུ་ཡིན་སྙམ་པའི་བདག་འཛིན་ནམ་ཁེངས་སེམས་ལྟ་བུའི་སྒེར་པ་གཙོ་ཆེན་པོ་ཡིན་པའི་མི་ཚེའི་སློབ་གསོ་རིམ་བསྟུད་ཅིག་བརྒྱུད་ཀྱི་ཡོད་པ་རེད་འདུག

 

 

བསླབ་བྱ་སློབ་གསོ་དེས་ཕྱོགས་གཅིག་ནས་མིའི་སེམས་ལ་སྤོབས་པ་དང་གདིང་ཚོད། སེམས་ཤུགས་བཅས་སྤྲོད་ཐུབ་པའི་ཤུགས་རྐྱེན་ཡོད་ངེས་ཀྱང་། དུས་མཚུངས་སུ་བདག་འཛིན་ཁོག་ཏུ་བཅུག་ནས་བྱེད་ལས་སྤེལ་བ་ལས་གཞན་ཕན་ཟེར་བ་དེའང་སོ་སོར་དགོས་དམིགས་འཛིན་པའི་ཆ་རྐྱེན་དུ་བསྐྲུན་ཐབས་ལས། བྱམས་བརྩེ་གཙོས་ཡོངས་རྫོགས་གཞན་ཕན་གྱི་ཕྱོགས་སུ་གཏོང་ནས་ཚུར་རེ་མེད་པའི་དམིགས་ཡུལ་ནི་ཧ་ཅང་ཁག་པོ་མིན་འགྲོ་བསམ་པ་བྱུང་། དེའང་སེམས་ལ་བསམ་ཚུལ་ཡོད་ཚད་ཕྱིར་ཁ་རུ་ཁ་ཐུག་བཤད་བཞག་ན་དེར་ཡག་པོར་བརྩི་མཁན་ལྟ་བུ་མཐོང་།  ངས་མཐོང་བཞིན་པའི་སྐྱོན་ཆ་དེའི་རྐྱེན་གྱིས་མང་པོའི་མི་ཚེའི་ནང་ཕ་མ་སྤུན་མཆེད་དང་གྲོགས་འབྲེལ་ཆེ་བའི་རོགས་ཕོ་མོ། བཟའ་ཟླ་བུ་རྒྱུད་དང་བཅས་པ་ལའང་མི་གཤིས་མུན་ནག་དེའི་སྟབས་ཀྱིས་དཀའ་ཁག་བསམ་ཡུལ་ལས་འདས་པ་འཕྲད་དུས་ཁོ་ཚོས་གནད་དོན་མང་ཆེར་གང་ཐུབ་ཀྱིས་ལས་སྟབས་བདེ་ཞིག་གིས་ཐག་གཅོད་བྱེད་ཐབས་གཙོ་བཟུང་བྱེད་ལ་སྡུག་རུས་རྒྱག་ནས་གཞན་ཕན་ཁོ་ནར་སྒྲུབ་མི་ནུས་པ་རེད་འདུག་བསམ་པའང་བྱུང་། དེ་ཙམ་ཡང་མ་བྱུང་ན། ཁོ་ཚོས་དཀའ་ཁག་ལ་ཁ་ཡ་ཙམ་མི་བྱེད་པར་གཡུགས་བཞག་གི་ཡོད་བཟོ་ཡང་འདུག

 

 

འདིར་ང་རང་ཤར་ཕྱོགས་པའི་བུད་མེད་ཅིག་གི་ངོས་ནས་མགོ་སེར་ཚོའི་དེའི་སྐོར་གྱི་སྐྱོན་ཆ་གཙོ་བཟུང་ཚུལ་དུ་རྟོགས་བཟོའི་དཔེ་མཚོན་ཙམ་བཀོད་ན་འདི་ལྟར། ཁྱིམ་ཚང་གཅིག་ལ་བུ་རྒྱུད་གཉིས་གསུམ་གང་རུང་ཡོད་པར་ཆ་བཞག འདི་ནས་ཕ་མ་རྒན་རྒོན་དུ་ཆགས་དུས་བུ་རྒྱུད་ཚོ་ཆང་ས་བརྒྱུད་བུ་ཚ་ཡང་ཚ་ཡོད་མིན་ལ་མ་ལྟོས་པར་ཕ་མ་གཉིས་ལ་ནད་ན་ཚའི་དཀའ་ངལ་བྱུང་ན་དེར་བུ་རྒྱུད་སོ་སོས་གཡོག་བྱ་བྱེད་སྲོལ་གཙོ་བཟུང་མིན་པར་བུ་རྒྱུད་སྒེར་ལ་ལས་བྲེལ་དང་རང་གི་ཁྱིམ་ཚང་ལའང་ལྟ་རྟོགས་དགོས་ཚུལ་སོགས་རྒྱུ་མཚན་དངོས་ཡོད་ཡིན་ཡང་ཕ་མའི་ཆེད་དུ་བློས་གཏོང་མེད་པར་དེ་དག་ཕྱིར་བགྲང་ནས་ཕ་མ་རྒས་གསོ་ཁང་ཞིག་ཏུ་བཞག་ཐབས་བྱེད་པའི་ལུགས་སྲོལ་འདི་ནི་ཐེ་ཚོམ་དེ་ཙམ་མི་དགོས་པ་སྤྱི་སྲོལ་ལྟར་ཡིན་ཚོད་འདུག

 

 

དེའང་ཕ་མ་གཉིས་འཚོ་བཞུགས་སྐབས་དངུལ་དངོས་ཀྱི་འབྱུང་ཁུངས་གང་ལེགས་ཡོད་ན་དེའི་ཚོད་ཀྱིས་རྒས་གསོ་ཁང་ཆ་རྐྱེན་ལེགས་ཉེས་གང་རུང་ཞིག་གདམ་ཁ་ཆོག་པ་ཡིན།

དེ་མེད་ཀྱང་རྒས་འཁོག་རྣམས་ལོ་ཚད་ལོན་སོང་ན་གཞུང་གིས་ལྟོ་གོས་ཀྱི་འཚོ་བ་མདང་ཙམ་གྱི་རོགས་སྐྱོར་ཡོད་པ་རེད་འདུག གཙོ་བོ་འཕྲོད་བསྟེན་ལྟ་རྟོགས་ཀྱི་ཕྱོགས་ནས་རོགས་སྐྱོར་གང་ལེགས་ཡོད་པ་ནི་རྒྱལ་ཁབ་འདིའི་ཧ་ཅང་ལེགས་ཆ་ཞིག་ལ་ངས་མཐོང་གི་འདུག དེའི་ནང་དཔེར་ན་དབང་པོ་སྐྱོན་ཅན་ཚོར་མཚོན་ན་འགྲོ་འདུག་སྤྱོད་གསུམ་ལ་གཞུང་དངུལ་གྱི་རྒྱབ་རྩ་ཐུག་པོ་ཡོད་པའི་ཁར་རོགས་པ་བྱེད་མཁན་གཞན་གྱིས་རོགས་སྐྱོར་འོག་གང་དགོས་ཅི་མཁོ་སྒྲུབ་མཁན་ཡོད་པ་རེད། འོན་ཀྱང་དུས་མཚུངས་མིའི་གཤིས་ཀའི་ནང་མིའི་དབར་གྱི་འགྲོག་འབྲེལ་དང་། མཛའ་བརྩེ་དང་མཐུན་ལམ་སོགས་ལ་གཙིགས་འཛིན་གང་ཆེ་ཡོད་པའི་ཁར་མི་སྒེར་པའི་རང་དབང་ལ་ཧ་ཅང་མཐོང་ཆེན་ནམ་མཚམས་རེར་ཆད་གཞི་བརྒལ་བའི་སྒོ་ནས་གཙེགས་ཆེར་བརྩི་སྲོལ་ཡོད་སྟབས། ཁོང་ཚོས་ལས་བྱ་བ་ཅི་འདྲ་ཞིག་ཡིན་ན་དེ་རང་གཞན་སུ་ལའང་རྙོགས་འཛིང་དང་དཀའ་ཁག་ལ་འཛེམས་དོགས་ཆེན་པོ་བྱེད།

 

 

དོན་དངོས་ཐོག་དོན་ཆེན་སྒྲུབ་དུས་རྙོགས་འཛིང་དང་དཀའ་ཁག་ནི་ཡོད་ཤག་གི་རྒྱུད་རིམ་གྱི་ཆ་ཤས་ཡིན་པས་དེ་དག་དོར་ནས་དོན་ཆེན་ཞིག་བསྒྲུབ་རྒྱུ་ཅི་འདྲ་ཡིན་ན་ངས་ཀྱང་མི་ཤེས། གང་ལྟར་རྒན་རྒོན་གང་ཐུབ་ཀྱིས་རྒས་གསོ་ཁང་ཞིག་ཏུ་བསྐྱེལ་ཐབས་འདི་ང་ཚོའི་བོད་ཀྱི་ལུང་པར་ཕ་འཛོམས་མ་འཛོམས་མི་རབས་བཞི་འཛོམས། ཁྱིམ་ཚང་འཆམ་མཐུན་ཁ་རུབ་རུབ་ཁ་སྤུ་ཤེལ་ཤེལ། རྒན་བསྐུལ་གཞོན་སྐྱོང་ཡ་རབས་བཟང་སྤྱོད་དམ་ཁྱིམ་ཆེན་པོ་དང་། ཁྱིམ་མི་མང་པོ་མཉམ་འཚོ། གཞིས་ཆེན་པོ་སྐྱོང་བ་དེའང་ཁྱིམ་མི་མང་པོས་མཉམ་རུབ་ཀྱི་ལས་ཀ་ཕ་རོགས་ཚུར་རོགས་ཡིན་པ་སོགས་ཁྱིམ་དང་ཡུལ་ལུང་དུ་ཁྱིམ་དུ་རྒན་རྒོན་ཡོད་ན་དེ་ལ་གཞོན་པ་ཚོས་གང་ཐུབ་ཀྱིས་གཙོ་བོར་སེམས་ཁམས་ལ་ལྟ་རྟོགས་གཙོས་དེ་དག་ལ་གོང་བཀུར་དང་རོགས་ཕན་བྱེད་སྲོལ་ནི་རང་མི་རིགས་འདིའི་ཡ་རབ་མ་རབ་དབྱེ་མཚམས་ཀྱི་ཚངས་ཐིགས་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་པ་དེའི་སྐོར་འདི་ནས་མགོ་སེར་ཚོས་ཕལ་ཆེར་ས་ནས་མགོ་མཇུག་ལྡོག་ནས་ལས་ཀྱི་ཡོད་པ་ངས་མཐོང་སོང་།

 

 

ཁོང་ཚོ་མང་ཆེར་གྱིས་བཤད་ན་ཕ་མ་རྒན་རྒོན་རྒན་གསོ་ཁང་དུ་བསྐྱེལ་རྒྱུ་འདི་ལས་མ་རབ་ཅིག་ལ་རྩ་བ་ནས་མི་བརྩི་བ་མ་ཟད། དེ་ནི་ཁོ་ཚོར་མཚོན་ན་ཡིན་ལུགས་ཚུལ་མཐུན་གྱི་བྱ་བ་ཞིག་རེད་འདུག་ན་ལ་ལས་ང་ཚོ་ལས་བྲེལ་ཆེ་བའི་རྐྱེན་གྱིས་རྒན་རྒོན་ལ་ལྟ་རྟོགས་བྱེད་ཁོམ་དེ་ཙམ་མེད་པ་རེད། དེ་བས་རྒན་གསོ་ཁང་དུ་བསྐྱེལ་བཞག་ན་སྨན་པ་དང་སྨན་ཞབས་ཚོས་གང་ས་ཅིའི་ཐད་ནས་རོགས་སྐྱོར་བྱེད་མཁན་ཡོད་པ་མ་ཟད། ཉེན་ཁ་འདྲ་འབྱུང་ན་དེར་གདོང་ལེན་བྱེད་མཁན་ཡང་ཡོད། ང་ཚོ་རྒས་སོང་ནའང་དེ་འདྲ་གཅིག་མཚུངས་རེད་སོགས་རྒན་འཁོག་རྒན་གསོ་ཁང་དུ་བསྐྱེལ་བཞག་རྒྱུ་དེ་ལེགས་ཚུལ་ཕྱོགས་ནས་གང་ཐུབ་བཤད་ཀྱི་འདུག དེ་མིན་ཁྱིམ་ཚང་གཅིག་ཏུ་མི་མང་པོ་མཉམ་འཛོམས་བྱེད་པའི་ལུགས་ལའང་དགའ་མོས་དེ་ཙམ་བྱེད་སྲོལ་མེད་པ་འདྲ། ལ་ལས་ཟེར་ན་གང་ཐུབ་ཀྱིས་གང་ཟག་སྒེར་ལ་རང་དབང་དགོས་ཕྱོགས་དང་། སྒེར་ལ་དགོས་མཁོ་དང་དམིགས་ཡུལ་གཙོ་བཟུང་དགོས་ལུགས་སོགས་བཤད་ནས་རྒྱུ་མཚན་ཆེ་མདོག་སྟོན་ཡོང་གི་འདུག དེ་ཡིན་པའི་ཆ་ཞོགས། འོན་ཀྱང་ངས་མཐོང་ཡོད་པའི་རྒས་འཁོག་མང་པོར་ཁེར་རྐྱང་གི་སུན་སྣང་ཆེ་དྲག་པ་དང་། ཡང་ན་གྲོགས་ཕོ་མོའི་དབར་གྱི་མཛའ་བརྩེ་ཧ་ཅང་ཉུང་དྲག་པ། མཉམ་རུབ་ཀྱི་ལས་སུ་བཞུགས་ཁག་པོ་ཡིན་པ། ཅུང་སྙུན་གཞི་ཡོད་རིགས་སམ་གཞུང་དང་ཚོགས་པའི་རྒས་གསོ་ཁང་དུ་འགྲོ་སྙིང་མི་འདོད་མཁན་ཚོ་ནི་ཧ་ཅང་སེམས་པ་གུ་དོག་པོའི་སྒོ་ནས་འཚོ་དགོས་པ་ལས། ང་ཚོས་བསམ་པ་ནང་བཞིན་ལྟོ་གོས་གཏམ་གསུམ་ལ་རེ་མི་དགོས་ཤིང་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་རྩ་བ་ནས་རེད་མི་འདུག དེར་བརྟེན། ཁོང་ཚོས་གསུངས་པའི་སྒེར་གྱི་རང་དབང་དང་ཁོར་ཡུག སྒེར་གྱི་འདོད་དོན་དང་དམིགས་ཡུལ་གཙེགས་འཛིན་དེ་དག་ནི་དོན་དངོས་ཐོག་མིའི་རིགས་ཀྱི་འཚོ་བའི་རྒྱུད་རིམ་དུ་ལེགས་ཆ་ཞིག་མིན་པར་དེ་དག་ནི་མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་པའི་དུས་སུ་ཧ་ཅང་གི་སྡུག་ངལ་བའི་རྒྱུ་རུ་བསྐྲུན་འདུག་པ་མཐོང་སྣང་བྱུང་།

 

 

འོ་ཡ་ད་ཡང་དུས་ཚོད་མི་འདུག་ལས་ཀ་འགྲོ་རན་སོང་། གང་ལྟར་ཡང་ངས་འདི་ནས་ལམ་འགྲོ་བའི་མགོ་སེར་རྒན་རྒོན་རེ་ཐུག་ན་སེམས་སུ་རང་དབང་མེད་པར་གང་ཡིན་མི་ཤེས་པའི་སྙིང་རྗེ་རེ་སྐྱེ་ཡོང་ལ་དུས་མཚུངས་སུ་གང་ཐུབ་ཀྱིས་ངོའི་འཛུམ་དང་འཚམས་འདྲི་གང་ལེགས་བྱེད་ཀྱི་ཡོད་མོད། ང་རང་ལམ་དུ་འགྲོ་དུས་གཞན་ལ་བྱེད་ཐུབ་པའང་དེ་ཙམ་ཡིན་པ་ཤེས་ནས་ལམ་འགྲོ་བ་མང་ཆེར་ལ་ཧཱ་ལོ་ Hello ཟེར་ནས་འཚམས་འདྲི་བྱེད་དེ་ཁོང་ཚོར་བདེ་བ་དུས་ཡུན་ཡིན་ཡང་འབྱུང་ནས་ཕན་པ་ཤོག་བསམ་ཞིང་སྨོན་གྱི་ཡོད།  ཉིན་མ་དེ་རིང་གཅིག་པུར་ཆ་མཚོན་ན་ངས་མགོ་སེར་ལམ་འགྲོ་བ་བཅུ་དྲུག་ལ་ཧཱ་ལོ་ Hello ལབ་བཞག་འདུག ཧ་ཧ་ཧ་ཧ


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -