ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.05.2018 06:14:04
ལི་ཐང་ངག་དབང་དབྱིག་གཉེན།

  ༈ སྐྱོ་གཞས་ཀྱི་ལེའུ།

 

སྐུ་ཉིད་རྒྱང་མ་གནས་ཞེས་མ་སྨྲ་དང་།།

ཁོ་བོ་གཅིག་པུའི་ཡུལ་འདིར་ཅི་ཞིག་བྱ།།

ད་ལྟའི་དྲན་འཆར་ཕལ་ཆེར་བཏུས་པའི་ཚེ།།

ཕྱིར་མི་ལྡོག་པའི་རྟགས་ཀྱང་ཡང་ཡང་བྱུང་།།



 

སྲོད་ཁའི་ཉི་ནུབ་རེ་རེར་བརྒལ་པའི་གཞུག།

སེམས་སུ་མུན་པ་ཚེས་པར་གྲངས་མེད་ཉིད།།

ཁང་ཆུང་དེ་ཀར་ལྟེབ་རྩིག་བརྒྱབ་ན་ཡང་།།

སྙིང་གཏམ་ལ་ལ་བསྐྱུད་ཐབས་འདུག་གམ་ཅི།།

གཡས་གཡོན་སྲིང་པའི་གདུང་བའི་ལག་པ་དག།

ཤག་ཆུང་དེ་གར་སྟོང་སྣང་ཁོ་ནས་གདུ།།

མཐོ་སར་བུད་ནས་ཉི་འོད་བཙལ་བ་ལ།།

དཔའ་བོའི་རང་གཟུགས་བསྟན་ཚུལ་འདྲ་བ་ལ།།

སོ་སོའི་སྐྱེད་ཚལ་མ་མཐོང་འདི་གར་ལུས།།

གཟབ་འཆོར་སྤྲས་པའི་ཡི་ག་མི་འདུག་སྟེ།།

ལམ་དང་རྐང་རྗེས་རང་ལ་འཁོར་ཐེངས་རེར།།

ཆར་རླུང་ཁྲོད་དུ་ཞབས་བྲོ་ཨ་ཅང་ཅང་།།

ཁྱེད་ཀྱིས་ང་རང་སུ་ཡིན་མ་ཤེས་བར།།

མུ་ཏིག་རེ་རེ་མྱིག་ནས་ལྷུང་བ་ཡིས།།

སྲིད་པའི་ཞལ་ཐང་འོག་ཏུ་མ་ལྕེབས་དང་།།

སྐྱོ་གཞས་ཁོ་ནས་ཁོ་བོས་གཏུགས་གཤེར་བྱ།།

༢༠༡༨     ༥   ༧ ཉིན།

 

༈ དགོན་མཐའི་ལེའུ།

 

མི་རྣམས་ལས་ཀྱི་དབང་གིས་བཅིངས་པ་ཡིས།།

ས་ཚིགས་རེ་ལ་ཕན་ཚུན་བྲེལ་བཞིན་དུ།།

བྱེད་པོས་བྱེད་པོར་བཙལ་ཕྱིར་ཆས་པའི་གཞུག།

འཇིག་རྟེན་དེ་གར་སྨྱུང་གནས་སྡོད་དགོས་ཐུག།

ཁོ་བོ་ཡང་ནི་སྔ་བཞིན་གནས་སམ་ཞེས།།

འོད་དང་མུན་པ་རེ་རེ་འཐབ་ཤུལ་དུ།།

ལྷ་སྒྲུང་གཅིག་པུ་འཐུང་སྟེ་དེ་ཤེད་ནས།།

དགོན་མཐའ་ཞིག་ཏུ་ཕྲེང་བ་འདྲེན་གྱིན་ལྷག།

དེ་རུ་མ་ཎིིའི་ལྷ་ཁང་འགའ་རེ་འམ།།

ཡང་ན་སྤོ་ལགས་རྨོ་ལགས་ཆ་རེ་བཅས།།

དུས་ཚོད་ནང་དུ་སྡུག་ནི་འདི་འདྲ་ཞེས།།

དབྱར་རྩྭ་དགུན་འབུ་ཟོལ་གྱིས་དེ་གར་སྟོན།།

དེ་མིན་གྱང་ངོགས་ཆུ་ཐིགས་ལ་ཤས་དང་།།

དེ་མཐར་གྲོག་མ་ཡ་རེ་ཡ་རེ་ངང་།།

སྐུ་ངལ་མེད་ཕྱིར་ཐུགས་ངལ་གསོ་ཞོར་དུ།།

ས་གཞི་ལག་པས་ཟིན་ཏེ་ལྷོད་ཀྱིས་ཉལ།།

༢༠༡༨   ༥   ༨   ཉིན།

 

 

༈ ལམ་སྣེ་ཆལ་ཆིལ་གྱི་ལེའུ།

 

ངའི་ལམ་འདི་མི་མེད་ཐང་སྟོང་སྟེ།།

ནག་རོག་གེ་མུན་པ་སུམ་བརྒྱ་འཐིབ།།

སྐྱ་ཐུལ་ལེ་རླུང་འཚུབ་བར་མེད་ལྡང་།།

སྐྲག་ཤིག་གེ་སྙིང་རྩ་ཡོམ་ཡོམ་འདར།།

ཡིད་མུག་གེ་ཤ་རུས་ཁྲག་གསུམ་སྐེམ།།

དམར་རྗེན་ནེ་ཁ་ཁྲག་ངོ་ཁྲག་བཞུར།།

སེམས་སྟོང་ངེ་ཕྱི་ནང་ཐམས་ཅད་གྲང་།།

འོད་ཆོལ་ལེ་ཉི་མ་འདི་རུ་མེད།།

དཀར་སིང་ངེ་ཟླ་འོད་འདི་རུ་དབེན།།

དལ་ཁྲིགས་སེ་དུས་ཚོད་ཅིག་ཀྱང་མེད།།

བདེ་འབོལ་ལེ་རང་སེམས་ལྷོད་པར་མེད།།

ཡིད་ཚིམ་མེ་གནས་པའི་བཟའ་བཏུང་མེད།།

མདངས་ཤིག་གེ་འཕྲོ་བའི་ཁ་དོག་མེད།།

ལུས་ཕྱི་ནང་མཐའ་དག་ཟིང་ངེ་ལུས།།

༢༠༡༨   ༥   ༡༨ ཉིན།

 

༈ སྣེ་ཤན་གྱི་ལེའུ།

 

བོར་རུང་ཡང་ཡང་རྙེད་པའི་དུས་ཚོད་དག།

དཀར་ལ་དམར་མདངས་ཆཊ་ཏེ་དེ་གར་ལུས།།

སེམས་ཀྱི་མལ་དུ་གཅན་གཟན་སྣ་ཚོགས་ཀྱིས།།

དེ་ཤེད་ཅིག་ནས་རྒོལ་བ་སྣེ་མང་རྩོམ།།

རྟ་ཐོག་སྙིང་སྡུག་དཔལ་ཡོན་གྲངས་མི་ལང་།།

བྱེ་མའི་ཕུང་པོ་ཡང་ཡང་བརྩེགས་པའི་གཞུག།

བསླུ་བྲིད་གཅིག་པུ་ཁྱེར་བའི་གཞོན་ནུ་མས།།

དག་ཞིང་དེ་ལ་སྣེ་ཤན་མཛད་དམ་ཅི།།

༢༠༡༨   ༥   ༡༧ ཉིན།


  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

19.05.2018 08:20:39

འདིར་བཞུགས་ཀྱི་དྲྭ་གྲོགས་ཀུན་པོར་བཀྲ་ཤིས་བདེ་ལེགས་ཞུ། ཁོ་བོ་འདི་གར་མ་ཐོན་ནས་དུས་ཡུན་རིང་ཙམ་འགོར་སོང་། ཚང་མ་སྔ་བཞིན་རང་གནས་སུ་བདེ་ཐང་ཡིན་ཤག་རེད། དེ་བས་དེ་རིང་ནས་སླར་ཡང་རང་གིས་དགའ་ཕྱོགས་དང་བསྟུན་ནས་བྲིས་པའི་བཅད་མའམ་ཚིགས་སུ་བཅད་པའི་སྙན་ངག་སྐོར་ཞིག་འདི་ནས་རིམ་བཞིན་ཁྱེད་ཅག་གི་སྤྱན་ལམ་དུ་དབུལ་འཆར་ཡིན་པས། རྒྱུན་པར་ངེད་ཀྱི་ཟིན་བྲིས་སུ་མིག་གཤེར་ཡང་ཡང་བྱ་བའི་རེ་བ་དང་བཅས་ཏེ། ལི་ཐང་དབྱིག་གཉེན་གྱིས།

 
 
23.05.2018 00:45:08

ནང་མི་ཚང་མ་རི་ལ་སོང་ནས་ཕྱིར་འཁོར་མི་འདུག ང་ནི་བདེ་པོ་འདྲ་ཡིན་ཡང་དེང་སང་ཤམ་བྷ་ལའི་ཡུལ་དུ་་ཡུ་མོ་ཁེར་རྐྱང་དུ་ལུས་ཡོད་ལགས། ཧ་ཧ་ཀུ་རེ་ཡིན།
ཨ་ཕོ་ལི་ཐང་དབྱིག་གཉེན་ཕེབས་པར་དགའ་བསུ་ཞུ།

 
 
01.06.2018 05:24:22

འོ་ཡ་་་་ད་ཡིན་ན་འདུག་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -