ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

31.05.2017 01:31:24
གངས་དཀར་སེམས།

images/stories/blog_images/Ganglha/Resized/holy-cow_flickr0812.jpgརྒྱ་གར་ཡུལ་མི་དང་འབྲེལ་བའི་སྐོར།

with local Poeple, Something happened

與印度居民間發生的事

སྔོན་གླེང་།

མཐོ་མགོན་བླ་མ་ནས་དམངས་དཀྱུས་མ་བར་གྱི་བོད་མི་ཡུལ་གྱར་བ་ཡོངས་ནས་རྒྱུན་དུ་གནས་ཚང་རྒྱ་གར་གྱི་བཀའ་དྲིན་ཚོར་ཤེས་ཡོད་པའི་སྒོ་ནས་ཁ་གཅིག་གྲགས་ཀྱིས་རྒྱ་གར་གནས་ཚང་འདི་ང་ཚོའི་བོད་མི་བཙན་འབྱོལ་བར་བཀའ་དྲིན་གཞལ་དུ་མེད་པ་རེད་ཅེས་དྲིན་གསོ་བྱེད་ངེས།


 འོན་ཀྱང་འཇིག་རྟེན་སའི་གོ་ལ་འདིར་འགྲོ་བ་མིའི་འཚོ་བའི་དངོས་ཀྱི་བརྒྱུད་རིམ་ཁྲོད་བཟང་ངན་ལེགས་ཉེས་སྣ་ཚོགས་ཀྱིས་ཁེངས་ཡོད་པ་འདིའང་དོར་དུ་མེད་པའི་གནས་སྟངས་ཡིན་པ་ལྟར། ང་ཚོ་བོད་པ་ཚོ་ཡུལ་གྱར་དུ་སླེབས་ནས་བཟུང་ཡུལ་མི་དབར་གློ་བུར་བའི་སྐད་ཡིག་གཙོས་རྒྱུན་གཏན་འཚོ་བའི་ནང་འགྲོ་འདུག་སྤྱོད་གསུམ་ཁྱོན་ནས་མི་འདྲ་བས་ལེགས་ཉེས་ཀྱི་གནས་སྟངས་ཅི་རིགས་འབྱུང་སྲིད་པ་ལྟར། གུས་མོ་རྒྱ་གར་ཡུལ་གྱར་དུ་འབྱོར་ནས་མི་ལོ་ཧྲིལ་པོ་ ༡༤ ཉེ་བའི་རིང་འདིར་རྒྱ་གར་ཡུལ་མིའི་དབར་འབྲེལ་བའི་སྒེར་དང་འབྲེལ་ཆགས་ཀྱི་གནས་ཚུལ་འགའ་བཀོད་འདོད།

 

༡། གསར་འབྱོར་སྐབས།

 

ང་ཚུད་ལམ་རོགས་ ༢༥ རྒྱ་གར་དུ་ ༢༠༠༢ ཟླ་ ༩ པའི་ཚེས་ ༢༠ ཉིན་རྡ་སར་འབྱོར། རྡ་སའི་རི་གྲོང་གི་ལམ་དུ་བཞུར་བའི་སྤྱི་སྤྱོད་རླངས་འཁོར་གྱ་གྱུར་ཧ་ཅང་ཆེ་བའི་གུག་ཆེན་དགུ་བརྩེགས་ལྟ་བུའི་གཞུང་ལམ་དུ་བྱ་འཕུར་བ་ལྟར་རྒྱུག་དུས་གཟུགས་པོའི་རྨང་གཞི་ཧ་ཅང་ཞན་པའི་ངའི་གློ་སྙིང་མཆིན་གསུམ་ཡང་ཕྱིར་དོན་གྲབས་ཀྱིས་སྐྱུག་པ་སྐྱུག་ཅིང་མགོ་ཡུར་འཁོར་བ་སོགས་དམྱལ་བའི་ལམ་དུ་བགྲོད་པ་ལྟ་བུའི་དཀའ་སྡུག་མྱངས་པའི་ཉམས་མྱོང་འདི་གཞན་ལའང་གཅིག་མཚུངས་ཡོད་པ་ངས་མཐོང་ཐོས་རིག་གསུམ་གྱིས་མྱོང་།

 

སྐབས་དེར་ལམ་རོགས་ཚོ་དབུས་སྣེ་ལེན་ཁང་དུ་སྡོད་རིང་། གཞུང་གིས་ང་དང་རོགས་པ་སྲིད་བཙོན་ཟུར་པ་དང་ཆབ་སྲིད་འབྲེལ་ཡོད། འབྲེལ་ཆགས་ཀྱི་མི་སྣ་འགར་དམིགས་བསལ་གྱིས་ཐོག་རྩེགས་གཉིས་པའི་སྟར་ཕྲེང་གི་ཁང་སྟོང་རེའི་ནང་བཞག་གནང་མཛད། ཉིན་ཞིག་ང་དང་གཤམ་ཏུ་བསྡད་པའི་ཨམ་སྐད་རྒྱག་མཁན་བུ་མོ་ཆུང་ཆུང་རང་ལོ་བཅུ་གྲངས་ཙམ་ཞིག་དང་མཉམ་དུ་ཁྲོམ་གཞུང་དུ་ཅ་དངོས་ཉོ་སར་སོང་། མོས་ང་ལ་ལག་ཏུ་བཟུང་པའི་ཧིན་སྒོར་ལྔ་བརྒྱ་ཟུར་དུ་རལ་ཡོད་པ་ཞིག་མིག་སྟོན་བྱུང་། སྒོར་མོ་ཟུར་རལ་དེ་སྦྱོར་ཕྱིར་ངས་ལས་བྱེད་ཅིག་ནས་སྦྱོར་བྱེད་འགྱིག་ཐག་དཀར་པོ་ཉུང་ཙམ་སློང་ནས་བུ་མོའི་དངུལ་རལ་པ་དེ་སྦྱར་རྗེས་ངེད་གཉིས་རྡ་སའི་ཁྲོམ་དབུས་ཀྱི་མ་ཎི་འཁོར་ཁང་གཤམ་གྱི་རྒྱ་གར་བའི་རྒྱུན་མཁོའི་རྩག་རྩིག་བཙོང་ས་ཚོང་ཁང་ཆུང་ངུ་ཞིག་ཏུ་སླེབས། ངེད་གཉིས་ཀས་ཡུལ་སྐད་ཚིག་ཅིག་མི་ཤེས་པས་མོས་ལག་ཏུ་བཟུང་པའི་ཧིན་སྒོར་ལྔ་བརྒྱ་དེ་རྒྱ་གར་ལ་སྦྱིན་ཏེ་ཧིན་སྒོར་ ༢༠ ཡིན་བཟོའི་ཞོ་ཁོག་ལེབ་མོ་བརྔོས་མའི་འགྱིག་ཤོག་ཅིག་ལ་མཛུབ་མོ་བཙུགས་སོང་།

 

ཚོང་ཁང་སྦྱིན་བདག་རྒྱ་གར་དར་གཞོན་ཞིག་རེད། ཁོས་སྐབས་དེར་ངེད་གཉིས་ལ་ཅིག་ཅིག་མིག་མིག་འདྲ་བཤད་ཀྱང་ངེད་གཉིས་ཀྱིས་ཚིག་ཅིག་མ་གོ ཁོས་གནས་སྟངས་དེ་མཐོང་ནས་བུ་མོར་ཞོ་ཁོག་བརྔོན་མའི་འགྱིག་ཤོག་དེ་སྦྱིན་ནས་མོ་ལ་ཧིན་སྒོར་བཅུ་ལོའི་གྲངས་གསུམ་ཙམ་ཕྱིར་བསློགས། ངས་འགྱིག་ཤོག་དེར་གཅིག་ལྟས་པས། དེ་ནི་ཧིན་སྒོར་བཞི་བརྒྱ་ལྷག་ཅིག་རྩ་བ་ནས་ཡིན་མི་སྲིད་སྙམ། བུ་མོ་ཆུང་ཆུང་གིས་རྒྱ་གར་གྱིས་ཕྱིར་བསློག་པའི་ཧིན་སྒོར་བཅུ་ལོའི་ཤོག་གྲངས་གསུམ་དེ་དང་ཞོ་ཁོག་འགྱིག་ཤོག་དེ་ལག་ཏུ་བཟུང་ནས་འགྲོ་བརྩིས་སྐབས་ང་རང་བློ་མ་བདེ་བར་མོའི་ལག་ནས་ཞོ་ཁོག་དེ་ཚུར་ལེན་ནས་ཚོང་ཁང་གི་སྒོ་ཟུར་དུ་ལམ་འགྲོ་བ་བོད་པ་དར་མ་ཞིག་ལ་ཇོ་ལགས། འདི་ལ་སྒོར་མོ་ག་ཚོད་རེད་ཅེས་དྲིས་པར་ཁོས་དེར་ལྟ་ཙམ་རྗེས་ཧིན་སྒོར་ ༢༠ རེད་ཟེར་བྱུང་། ངས་དེ་མུར་ཕྱིར་ཚོང་ཁང་དུ་ལོག་ནས་རྒྱ་གར་བར་དངུལ་ཚུར་འཁྱེར་ཤོག ཅེས་འབོད་པས། ཁོས་མ་གོ་མ་རིག་མདོག་གིས་ངེད་གཉིས་ལ་ཁ་ཡ་བྱེད་ཀྱི་མི་འདུག་ལ་ཚོང་ཁང་ནང་ནས་ཕྱོགས་གཞན་ཞིག་ལ་ཕར་ཅུང་ཙམ་འགྲོ་སོང་།

 

སྐབས་དེར་ང་རང་ངར་ལང་ནས་ཁོང་ཁྲོ་ཟ་བཞིན་ཁོའི་ཚོང་ཁང་དབུས་ནས་ནང་ལོག་ལ་གཅོད་རྒྱག་པའི་སྒོ་ཆུང་པང་ལེབ་དེ་ཕྱེས་ཏེ་ནང་དུ་བཙན་འཛུལ་གྱིས་ཁོའི་དངུལ་སྒྲོམ་དེ་བསྔོག་པ་ཡིན། ཟུར་ཞིག་ཏུ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པའི་རྒྱ་གར་དེས་ངའི་བྱེད་སྟངས་མཐོང་སྟབས་ལམ་སང་ཚུར་སླེབས་ནས་རྒྱབ་ནས་ངའི་ཕྲག་པ་གཉིས་ཤུགས་ཀྱིས་འཇུས་ཏེ་ང་ཕྱི་ལ་ཕུད་རྒྱག་གཏོང་གྲབས་བྱས། འོན་ཀྱང་ངས་ལག་གཡོན་པས་མདུན་ཅོག་གི་ཟུར་ལ་ཤུགས་ཀྱིས་འཐམ་ཞིང་ལག་གཡས་པས་ཆགས་སྒམ་མམ་དངུལ་སྒྲོམ་ཆུང་ཆུང་དེའི་ནང་གི་དངུལ་ཕར་འདེད་ཚུར་འདེད་བྱས་པས་བུ་མོ་ཆུང་ཆུང་གི་དངུལ་ལོ་ལྔ་བརྒྱ་ཟུར་གཅིག་ལ་འགྱིག་དཀར་པོ་སྦྱར་བ་དེ་རིག་ནས་དེ་མུར་ཚུར་ལེན་པ་ཡིན། དུས་དེར་རྒྱ་གར་གྱིས་ང་ཤུགས་ཀྱིས་ཚུར་འཐེན་ཞིང་སྐད་མགོ་མཐོན་པོས་སླར་ཡང་ཅིག་ཅིག་མིག་མིག་མང་པོ་ངར་སོང་ཡང་། ང་རང་ཚོང་ཁང་གི་གཅོད་རྒྱག་པའི་ནང་ནས་ཕྱིར་དོན་རྗེས་བུ་མོའི་ཧིན་སྒོར་ལྔ་བརྒྱ་དེ་ཁོ་པར་མིག་བཏོན་ནས། མ་རབ་ཁྱོད། ཞོ་ཁོག་བརྔོས་མར་སྒོར་མོ་ཉི་ཤུ་ལས་མིན་པར་ངེད་གཉིས་ཀྱི་སྒོར་མོ་ལྔ་བརྒྱ་ཟ་བརྩིས་བྱེད་སོང་ཝ། ངོ་ཚ་རྒྱུ་མེད་པ། སོགས་མང་པོ་བཤད་པ་ཡིན། ངའི་རོགས་པ་བུ་མོ་ཆུང་ཆུང་དེར་ལང་ནས་ཧོན་འཐོར་ཞིང་ངེད་གཉིས་ལ་བལྟས་སྡོད་འདུག ངས་འགྲོ ཁོས་རྫུན་མ་བཤད་བཞག འགྲོ མ་རབ་ཁོས་ངེད་གཉིས་ལ་རྫུན་མ་བཤད་འདུག ཅེས་བཤད་ཅིང་བུ་མོའི་ལག་ཏུ་བཟུང་བའི་ཞོ་ཁོག་བརྔོས་མའི་འགྱིག་ཤོག་དེ་དང་དངུལ་བསློགས་ཧིན་སྒོར་སུམ་བཅུ་དེ་ཁོའི་མདུན་ཅོག་ཐོག་གཡུག་སྟེ་ཕྱིར་དོན་སྐབས། རྒྱ་གར་བ་དེས་ཀྱང་གདོང་མདོག་འགྱུར་ནས་ངེད་གཉིས་ཀྱི་རྗེས་ལ་ཁེར་ལབ་ལྟ་བུས་ཅིག་ཅིག་མིག་མིག་བཤད་ནས་བསྡད་འདུག་ཀྱང་ཁོས་མུ་མཐུད་ངའི་ཕྱོགས་སུ་འཛིང་དུ་ཡོང་གི་མི་འདུག་པས་ངེད་གཉིས་ཁོའི་ཚོང་ཁང་ནས་གཞན་ཁྲོམ་ལམ་དེའི་རྒྱབ་ཏུ་སོང་ནས་སླར་ཡང་ཚོང་ཁང་གཅིག་ནས་ཞོ་ཁོག་བརྔོས་མ་དེ་རང་ཉོ་དུས། ཚོང་ཁང་བདག་པོས་མོ་ལ་ཧིན་སྒོར་བརྒྱ་རེ་བཞི་དང་། ལྔ་བཅུ་ལོ་གཅིག དེ་ནས་བཅུ་ལོ་གསུམ་ཏག་ཏག་ཕྱིར་བསློག་འདུག ངེད་གཉིས་ཕྱིར་ལོག་པའི་ལམ་བར་ངས་བུ་མོ་ཆུང་ཆུང་ལ་རྗེས་མར་ངེས་པར་དུ་ཅ་ལག་ཉོ་དུས་ཡུལ་སྐད་ཤེས་མཁན་བོད་པ་དང་མཉམ་དུ་འགྲོ་དགོས་ལུགས་བཤད། མོས་ཀྱང་མགོ་བོ་ལྡེམ་བཞིན་ཞོ་ཁོག་བརྔོས་མ་ཁ་ཕྱེས་ནས་ངེད་གཉིས་ཀྱིས་དེ་ཟ་གིན་སྣེ་ལེན་ཁང་དུ་འཛུལ།

 

 

 ༢། འདོད་རྔམ་ཅན་གྱི་གཞོན་སྐྱེས།

 

རྒྱ་གར་སླེབས་ནས་ལོ་ཤས་རྗེས་ང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་སྡེ་ཚན་དུ་ལས་འཇུག་བྱེད་བཞིན་པའི་སྐབས་ཀྱི་དགུང་མོ་ས་མ་རུབ་ཙམ་ཞིག་ལ། ང་རང་མི་མང་པོས་ཁེངས་ཚར་བའི་སྤྱི་སྤྱོད་རླངས་འཁོར་མཇུག་གི་སྒེའུ་ཁུང་འགྲམ་གྱི་སྡོད་ས་ཨང་གཉིས་པ་དེར་སྡོད་རྒྱུ་རག་སྟེ་རྡ་རམ་ས་ལའི་རི་གྲོང་སྟོད་ཀྱི་མེག་ལོག་གྷན་ཇི་ནས་རི་གཤམ་དུ་སྤྱི་ལེ་བཅུ་ཙམ་གྱི་སར་ཆགས་ཅིང་ང་རང་ལས་ཀ་བྱེད་ས་ནོར་བུ་གླིང་ཁར་ཕྱིར་ལོག རྒྱུན་དུ་སྤྱི་སྤྱོད་རླངས་འཁོར་དུ་མི་ཧ་ཅང་མང་པོས་འཚང་ཁ་ཆེ་སྟབས་ཕར་ཚུར་ཤུགས་ཆེན་པོ་གཡོ་འགུལ་ཡང་བྱེད་མི་ཐུབ་པ་ཆགས་ཀྱི་ཡོད། དུས་དེར་ང་རླངས་འཁོར་ནང་སྡོད་ས་ཆ་ཚང་ཁེངས་མེད་པའི་སྟོད་སྨད་གཉིས་ཀྱི་མཇུག་གི་ཕྱོགས་སུ་སྒེའུ་ཁུང་འགྲམ་གྱི་སྡོད་ས་རྐུབ་ཀྱག་ཨང་གཉིས་པར་སྡོད་ས་ཅིག་རག་རྗེས་རིམ་གྱིས་ང་སྡོད་སའི་ལག་གཡས་ཕྱོགས་སུ་སྒེའུ་ཁུང་འགྲམ་དུ་རྒྱ་གར་བ་དར་གཞོན་ཞིག་དང་། ངའི་གཡོན་དུ་བུད་མེད་ལོ་ལོན་གཅིག་བཅས་མི་གསུམ་བསྡད་བྱུང་ལ། ལམ་བར་རླངས་འཁོར་བཀག་ཙམ་བསྡད་ཙམ་བྱས་པར་ལམ་བར་ཞིག་ཏུ་བུད་མེད་ལོ་ལོན་དེ་བབས་སོང་ཡང་རླངས་འཁོར་ཐེངས་ཤིག་བཀག་དུས་སུ་ཡུལ་མི་གཞོན་སྐྱེས་གཉིས་རླངས་འཁོར་དུ་ཡར་འཛུལ་ནས་སྔར་ཡོད་རྒྱ་གར་གཞོན་ནུ་དེ་གཉིས་ཚུད་ང་སྡོད་སའི་རྐུབ་སྟེགས་དེར་ཁྱོན་མི་གྲངས་ལྔ་ཙམ་འཚང་ཀ་བརྒྱབས་ནས་བསྡད་དགོས་བྱུང་།

 

སྤྱིར་ན་དེ་ནི་མི་གསུམ་ལྷོད་སྡོད་ཆོག་པའི་རྐུབ་སྟེགས་ཡིན་རུང་དུས་དེར་ངེད་མི་ལྔ་རྐུབ་སྟེགས་སུ་ཕན་ཚུན་དབར་བཙིར་ནས་གཡོ་འགུལ་བྱེད་ས་ཙམ་མེད་པར་དབུགས་ཀྱང་གཏོང་དཀའ་བ་ལྟར་འཚང་ཁ་ཆེན་པོས་བསྡད་དགོས་གྱུར། རླངས་འཁོར་འགྲུལ་བཞུད་ཀྱིས་རི་གཤམ་དུ་རྒྱུག་བཞིན་པའི་སྐབས་སུ་ངའི་འཁྲིས་སུ་ཡོད་པའི་རྒྱ་གར་གཞོན་སྐྱེས་དེས་ལག་གཡས་པའི་གྲུ་མོས་ངའི་ལག་གཡོན་མའི་མཆན་ཁུང་ཕྱོགས་བརྒྱུད་མདུན་ངོས་སུ་རེག་བཞིན་པའི་ཚོར་བ་བྱུང་། ངས་ཁོ་ལ་ལྟ་ཙམ་བྱས་པས་ཁོས་སྣང་བ་ཙམ་མེད་པར་རང་སྲོལ་བསྡད་ཀྱི་འདུག སྐབས་དེར་ངས་ཀྱང་སྤྱིར་ན་རླངས་འཁོར་དུ་འཚང་ཀ་ཆེ་བས་ཁོ་ལའང་ཁག་མེད་བསམ་བཞིན་རང་སར་ལྷོད་སྡོད་བྱས། འོན་ཀྱང་ཅུང་འགོར་རྗེས་རྒྱ་གར་གཞོན་ནུ་དེས་སྔར་བས་མངོན་གསལ་དོད་པོའི་སྒོ་ནས་ཁོའི་གྲུ་མོས་ངའི་གཡོན་ཕྱོགས་ཀྱི་ནུ་མར་རེག་གང་ཐུབ་བྱེད་ཀྱི་འདུག དེ་ནས་ང་རླུང་ལང་སྟེ་ཁོ་ལ་ཕུད་རྒྱག་ཅིག་རྒྱག་ཞོར་ངའི་ལག་གྲུ་གཡོན་མས་སོ་སོའི་མདུན་ངོས་སུ་བཀག་ནས་སྡོད། ཁོའི་ངོ་ལ་གཡོ་འཛུམ་དང་བཅས་ང་ལ་གད་མོ་ཤོར་ཙམ་དང་སླར་ཡང་ཅུང་འགོར་རྗེས་སྣང་དོགས་ཙམ་མེད་པར་མུ་མཐུད་ང་ལ་རེག་གི་འདུག དུས་དེར་ངས་ཁོས་ངོ་ཚ་དང་ཁྲལ་མེད་ཀྱིས་ངའི་ནུ་མར་རེག་ཐབས་བྱེད་པའི་སྤྱོད་ངན་མཐོང་སྟབས་སེམས་གཏིང་ནང་ཁོང་ཁྲོ་མེ་ལྟར་འབར་བྱུང་།

 

དེ་ནས་ངས་ལག་གཡོན་མའི་གྲུ་མོ་ཁོའི་ཁའི་ཟུར་དུ་ཡར་བཀྱག་སྟེ་ཤུགས་ཡོད་ཚད་ཀྱིས་ཁོའི་མདོང་ལ་བཞུས་པ་ཡིན། ཨུན་ཟེར་བའི་སྒྲ་ཞིག་དང་སྦྲགས་ཁོས་ལམ་སང་ལག་པས་ཁ་སྣ་གཉིས་བཀབས་སོང་། ང་དེ་མུར་ཡར་ལང་ནས་ཁོ་གཉིས་བརྒྱུད་ཤུགས་ཀྱིས་རྐུབ་སྟེགས་ནས་ཕྱིར་དོན་ཐུབ་ཙམ་བྱུང་། ཁོའི་རོགས་པ་དེས་ཀྱང་ཁོའི་ཁ་ལ་བལྟས་པས་ཁོས་ལག་རས་ཆུང་ཆུང་ཞིག་ཕྱིར་བཏོན་ནས་ཁོའི་ཁ་ནས་ཁྲག་ཏོག་ཙམ་དོན་ཡོད་པ་དེ་ཕྱི་བཞིན་པ་མཐོང་། སྐབས་དེར་རྒྱ་གར་བ་དེས་ལག་པ་བཀྱག་ཐེངས་ཤིག་གིས་ངའི་ཕྲག་པ་ནས་འཇུས་བྱུང་། ང་གཞི་ནས་ཞེད་ཐག་ཆོད་དེ་འཚང་ཁ་ཅི་བས་ཆེ་བའི་རླངས་འཁོར་ནང་བོད་པ་རེ་གཉིས་ཡོད་མེད་སྙམ་བཞིན་གང་སར་བལྟས། འོན་ཀྱང་རླངས་འཁོར་དེར་བོད་པ་མི་གཞན་གཅིག་ཀྱང་མི་འདུག དེ་ནས་ངས་སོ་སོའི་ལུས་པོ་ཚུར་བཤིག་རྒྱག་བཞིན་འཁྲིས་སུ་ལང་བསྡད་པའི་རྒྱ་གར་སྐྲ་ལོ་དཀར་པོའི་རྒན་འཁོག་ཅིག་འདུག་པ་དེ་ལ་ལྐུགས་བརྡ་ལག་བརྡ་དང་བཅས་གཞོན་ནུ་དེས་ངའི་ནུ་མ་ལ་རེག་ཚུལ་བཏོན་ཞིང་། ཁ་ནས་ཀྱང་ཁོ་ཡག་པོ་མི་འདུག ཅེས་པའི་ཡུལ་སྐད་དེ་ཡང་ནས་བསྐྱར་དུ་བཤད་པ་ཡིན། རྒན་པོ་དེ་ང་ལ་ཕྱོགས་ནས་སྐད་ཆ་འདྲ་བཤད་སོང་བས་ངས་ཁོང་གིས་སྐད་ཆ་དྲང་མོ་བཤད་ཡོད་ཚོད་སྙམ། འོན་ཀྱང་རླངས་འཁོར་ནང་གི་ཡུལ་མི་གཞན་དག་ཚང་མ་གཞོན་ནུ་དེ་ལ་ཕྱོགས་པའི་ཚུལ་གྱིས་ང་ལ་མིག་ལོག་ལྟ་བ་དང་། བློ་མི་བདེ་ཞིང་ཅི་ཡིན་ཆ་མི་འཚལ་བའི་ཅ་ཅོ་འདྲའང་གླེང་འགོ་བརྩམས་སོང་། ངའི་སེམས་ནང་དེ་སྔོན་རྒྱ་གར་ཡུལ་མིས་ཕྱི་མིར་རུབ་རྡུང་རྒྱག་གི་ཡོད་ལུགས་དང་དངུལ་གྱི་ཆེད་དུ་ཕྱི་རྒྱལ་མགོ་སེར་ཡང་བསད་ཀྱི་ཡོད་ཚུལ་སོགས་ཐོས་མྱོང་སྟབས་སེམས་ལ་རྔང་སྐྲག་ལང་འགོ་བརྩམས། སྐབས་དེར་ང་རང་གཞན་གྱིས་ཅི་བཤད་ལ་མ་ལྟོས་པར་ཤུགས་ཀྱིས་རླངས་འཁོར་མཇུག་གི་སྒོའི་ཕྱོགས་སུ་འཚང་ཐབས་ཀྱིས་དེར་སླེབས། རླངས་འཁོར་ཕྱི་ལ་བལྟས་པས་སྟབས་ལེགས་པ་ཞིག་ལ་ནོར་བུ་གླིང་གར་བབས་སའི་གཞུང་ལམ་གྱི་ས་ཚིགས་དབུས་སུ་ཏག་ཏག་འབྱོར་འདུག

 

དེ་ནས་ངས་ཁ་ལོ་བར་བརྡ་གཏོང་ནས་དེ་ནས་མགྱོགས་མྱུར་བབས་སོང་བ་ཡིན། སར་བབས་ཚར་ཙམ་ལ་ངའི་སེམས་པའང་ཅུང་ལྷོད་དུ་སོང་། འོན་ཀྱང་སྐར་མ་འགར་གོམ་བགྲོད་ཀྱིས་སོང་བས་གཅིག་བྱས་ན་རྒྱ་གར་གཞོན་སྐྱེས་དེ་གཉིས་ཀྱང་ཡར་ཙམ་ནས་བབས་ཏེ་ང་རྗེས་འདེད་ཀྱིས་རྡུང་སར་སླེབས་ན་དཔེ་བསགས་པ་རེད་བསམ་བཞིན་རྣམ་རྟོག་སྣ་ཚོགས་སེམས་ལ་འཆར་བས་ངའི་གོམ་པ་མགྱོགས་སུ་གཏོང་བ་མ་ཟད། ཅུང་འགོར་རྗེས་རྒྱུག་ཤར་ཡང་གློད་འགོ་བརྩམས་པ་ཡིན། དེ་ལྟར་རྒྱུག་ཤར་གློད་དེ་ཡར་ཙམ་གྱི་ལམ་ཟུར་དུ་རྒྱ་གར་རྒས་པོ་ཞིག་གི་ཚོང་ཁང་ཡོད་སར་མ་སླེབས་བར་གྱི་སྐར་མ་ལྔའི་ནང་ཚུད་རྒྱུག་ཤར་གློད་མཚམས་མ་བཞག དེ་ནས་ཅུང་ལྷོད་ཙམ་བྱས་རྗེས་ཕྱོགས་བཞིར་ལྟ་གིན་སླར་ཡང་རྒྱུག་ཤར་གློད་འགོ་བརྩམས་ནས་ནོར་གླིང་དུ་ང་རང་སྡོད་སའི་ཁང་པ་ཉིས་ཐོག་དེའི་འོག་ཏུ་མ་སླེབས་པར་བརྒྱུགས་པ་ཡིན། ང་དབུགས་ཧད་བཞིན་དེར་སླེབས་དུས་བོད་པའི་སྐྱེས་པ་འགའ་ལྕང་སྡོང་འོག་ཏུ་སྔ་སྲོལ་ལྟར་ཟུར་དུ་སྒྲོག་ཙེའི་ཐོག་རྡོ་གོར་མོའི་རྩེད་མོ་རྩེད་ཅིང་ཇ་འཐུང་མཁན་བཅས་ལྷོད་སྡོད་བྱེད་པར་མཐོང་ནས་སེམས་ལ་གཞི་ནས་ཅུང་བདེ་བ་འདྲ་ཐོབ་བྱུང་།

 

ང་གཞན་དེར་ཤོ་རྒྱག་སའི་ཟུར་གྱི་རྐུབ་སྟེགས་སྟོང་པ་ཞིག་ལ་ཅུང་ལྷོད་ལྷོད་ཀྱིས་བསྡད་པས་འཁྲིས་སུ་ཡོད་པའི་གཞིས་ཆགས་བུ་ཆུང་ཞིག་གིས་ཨ་ཅག་ལགས། ག་བར་སོང་བ་ཡིན། ག་རེ་བྱས་སོང་། ཞེད་སྣང་འདྲ་བྱུང་བ་འདྲ། ཞེས་ཐད་ཀར་སྔོན་ཤེས་ཡོད་པ་བཞིན་ང་ལ་དེ་འདྲ་ཟེར། ངས་ལམ་སང་ཨ་མ་ལོ། ད་རས་ཡིན་ན་ཏོག་ཙམ་མ་གཏོགས་གནས་ཚུལ་ལྷག་གྲབས་ཡིན། ང་རླངས་འཁོར་དུ་རྒྱ་གར་དང་རྒྱག་རས་ཤོར་གྲབས་བྱས་བྱུང་། བཅས་བཤད་ཅིང་ངའི་མྱོང་བ་དེ་དག་གཅིག་གཅིག་གཉིས་གཉིས་ཀྱིས་ཚང་མ་ཆུ་ལུད་པ་ལྟར་བུ་ཆུང་དེ་དང་ཁ་བརྡའི་ཐོག་ནས་བཤད་པ་ཡིན། བུ་ཆུང་གིས་ཨ་ཅག དེ་སྔོན་རྒྱ་གར་བས་ཕྱི་རྒྱལ་མགོ་སེར་ཞིག་ཡུལ་བསྐོར་འགྲོ་སའི་ལམ་བར་བསད་པ་དང་། ཡང་རྒྱ་གར་ཡུལ་མིའི་ཁ་ལོ་བས་ག་དུས་ཡིན་ཡང་ཕྱི་མིར་རུབ་རྡུང་བཏང་བ་སོགས་མང་པོ་ཡོད་རེད། དམིགས་བསལ་དུ་ཡུལ་མིས་སཱོ་གར་སློབ་གྲྭའི་ ( དེ་རྗེས་སློབ་གྲྭ་འདིར་ཤེས་རབ་དགའ་ཚལ་སློབ་གླིང་དུ་མིང་བསྒྱུར་བྱས། ) ནང་བུ་མོ་ཚོ་ཞིང་ཁར་ཁེར་འགྲོ་བྱེད་དུས་རྒྱ་གར་ཡུལ་མིས་བཙན་གཡེམ་བྱས་པའི་སྐོར་ཡང་བཤད་རྒྱུ་འདུག་ག བོད་པའི་བུ་མོ་འགའ་རེའང་ཧར་ཚ་དྲག་ནས་རྒྱ་གར་ཕོ་སར་ཚོས་བཙན་གཡེམ་བྱ་ཐབས་བྱེད་པ་སོགས་བཤད་རྒྱུ་མང་པོ་རེད། རྗེས་མ་ཨ་ཅེ་ཁྱོད་རང་ཡང་གཟབ་གཟབ་བྱ་ན་མ་གཏོགས་གནད་དོན་ལྷག་ཚར་ན་དཔེ་བསགས་ཀྱི་རེད། ཅེས་སོགས་བཤད་ཅིང་ངེད་གཉིས་དེ་ལྟར་ཁ་བརྡ་གཞན་ཡང་བྱས་ཏེ་དེ་ནས་སེམས་ལྷོད་ལྷོད་ལྟ་བུ་བྱུང་སོང་།

 

 

༣། གླ་འཁོར་ཁ་ལོ་བའི་ངན་ཇུས།

 

 ཐེངས་ཤིག་དོན་དག་ག་རེའི་ཆེད་དུ་ཡིན་མིན་ངས་ཧ་ཅང་གསལ་པོར་དྲན་སོས་ཀྱི་མི་འདུག་ཀྱང་། ང་རང་རྒྱ་གར་གྱི་ཁྲོམ་དུ་སོང་བས་སྐབས་དེར་ཆར་དུས་ས་རུབ་ལ་ཉེ་བའི་ཉིན་ག་གེ་མོ་ཞིག་ལ་ཡིན། ང་རང་རྡ་ཤོད་རྒྱ་གར་ཁྲོམ་གཞུང་ནས་རི་གྲོང་སྟེང་གི་མཱེག་ལོག་གྷན་ཇིར་ལོག་སྐབས་ཕྱི་པོར་ཆགས་པ་སོང་སེམས་འཚབ་ཏོག་ཙམ་སྦྲགས་ལམ་ཟུར་ཅུང་ལང་རྗེས་གཞན་ཆར་གདུག་ཕུབས་པའི་བོད་པ་ཞིག་ཀྱང་གླ་འཁོར་སྒུག་སའི་འགྲམ་དེར་སླེབས་བྱུང་། ཞིབ་ཏུ་བལྟས་པས་དེ་བོད་པའི་སྤོ་བོ་ལགས་གཅིག་རེད་འདུག རྒན་པོས་བུ་མོ། ངས་གླ་ཆ་སྒོར་མོ་བདུན་ཅུ་སྤྲད་ཆོག་ལ། དེའི་མུར་གྱི་སྒོར་མོ་སུམ་བཅུ་དེ་ཁྱོད་རང་གིས་སྤྲོད་ནས་ང་རང་གཉིས་མཉམ་དུ་གླ་འཁོར་དུ་འགྲོ་ཅེས་གསུང་བྱུང་། ངས་ལགས་སོ་ཞུས་ཏེ་ངེད་གཉིས་གྲོས་མཐུན་རྗེས་མཉམ་དུ་གླ་འཁོར་གཅིག་གླས་ནས་རི་སྟོད་དུ་སོང་བ་ཡིན།

 

དུས་དེར་གནམ་ནས་ཆར་པའང་འབབ་ཤུགས་ཇེ་ཆེར་སོང་བ་དང་བཅས་ངས་སྒེའུ་ཁུང་ཕྱི་ལ་བལྟས་པར་གནམ་ལ་སྨུག་པའང་མཁྲིགས་བྱུང་། ང་དང་རྒས་པོ་ངེད་གཉིས་མཱེག་ལོག་གི་གཙུག་ལག་ཁང་གི་སྒོ་ཆེན་མདུན་དུ་སླེབས་སྐབས་ཆར་དྲག་འབབ་བྱུང་། ངས་ཁ་ལོ་བར་ང་གཙུག་ལག་ཁང་གི་མདུན་ནས་བབས་ཀྱི་ཡིན་སྐོར་རྒྱ་གར་སྐད་དེ་ཙམ་ཡག་པོ་མེད་ཀྱང་བཤད་པའི་ཁུལ་ཡིན། སྤོ་ལགས་ཀྱིས་ཀྱང་ཁ་ལོ་བར་སླར་ཡང་དེ་ལྟར་བཤད་སོང་ཡང་ཁོས་ངེད་གཉིས་ཀྱི་སྐད་ཆའི་དོན་མ་གོ་མདོག་གིས་མུ་མཐུད་རླངས་འཁོར་མགྱོགས་པོར་གཏོང་སྟེ་གཙུག་ལག་ཁང་གི་ཕྱིར་བསྐོར་ལམ་ནས་ཐོག་མར་རྒས་པོ་དེ་གཙུག་ལག་ཁང་གི་རྒྱབ་ཏུ་ལྷ་རྒྱལ་རིར་ཆགས་པའི་བྱམས་པ་གླིང་རྒས་གསོ་ཁང་གི་འགྲམ་དུ་བསྐྱེལ་བར་སོང་། དེ་ནས་ངའང་ཅི་བྱ་གཏོལ་བྲལ་གྱིས་ཁ་ལོ་བས་གང་བྱེད་ལྟར་དེར་མཉམ་དུ་འགྲོ་རྒྱུ་ལས་བབས་ས་མ་རག དེར་སླེབས་མ་ཐག་རྒས་པོས་ཁོའི་སྒོར་མོ་བདུན་ཅུ་དེ་སྤྲད་རྗེས་ཆར་དྲག་ཏུ་མགྱོགས་པོར་སར་བབས་ནས་ཕེབས་སོང་། སྐབས་དེར་ང་རང་གིས་སོ་སོའི་སེམས་པ་ཡང་ཅུང་བདེ་མིན་ལྟར་འགྱུར་བ་ཞིག་ཚོར་གྱི་འདུག་ཀྱང་ཅིའང་མ་བཤད་པར་རླངས་འཁོར་དུ་བསྡད།

 

རླངས་འཁོར་སྔར་གྱི་ལམ་ཁ་དེ་ནས་ཕྱིར་འགྲོ་བའི་ལམ་སུམ་ཆ་གཅིག་ཙམ་སླེབས་པའི་ས་ཁུག་ཀྱོག་དེ་ནས་ཁ་ལོ་བས་རླངས་འཁོར་བཀག་སྟེ་ང་མདུན་གྱི་སྡོད་སར་ཡོང་དགོས་པའི་ལག་བརྡ་གཏོང་གི་འདུག ངས་ཀྱང་ཁོ་པར་ལག་བརྡ་དང་བཅས་མདུན་དུ་ཡོང་གི་མིན་ལུགས་བྱས། དེ་ནས་ཁོས་མགོ་ཕྱིར་འཁོར་ནས། ང་ལ་སྒོར་མོ་ལྔ་བརྒྱ་སྤྲོད་ཆོག་ཟེར་བའི་རྒྱ་གར་བའི་སྐད་ཅིག་རྒྱག་པ་དུས་མཚུངས་སུ་ངོ་ལ་དགའ་འཛུམ་ཞིག་ཀྱང་མངོན་གྱི་འདུག ངས་ཁོ་པར་ལག་བརྡ་དང་བཅས་རྒྱ་གར་སྐད་ནས་ད་འགྲོ ཅེས་ཐེངས་ཁ་ཤས་བཤད་ཀྱང་ཁོས་མུ་མཐུད་ལག་པ་གཉིས་ཀའི་མཛུབ་མོ་བཅུ་བཀྲམ་སྟེ་སྒོར་ལྔ་བརྒྱ་རེའི་ཚུལ་བྱས་ཏེ་ང་ལ་དགའ་འཛུམ་ཤིག་ཤིག་བཏོན་གྱི་འདུག ངས་ཀྱང་ཁོའི་གཡོ་སྒྱུའི་བསམ་བློ་དེ་ཧ་ཅང་གསལ་པོར་རྟོགས་ནས་ཁོ་པར་གླ་ཆ་ཧིན་སྒོར་སུམ་བཅུ་སྤྲོད་བརྩིས་དང་བཅས་ལག་བརྡ་མགྱོགས་སུ་གཏོང་ནས་རླངས་འཁོར་གཏོང་དགོས་པའི་བརྡ་གཏོང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོས་མགོ་ཕྱིར་ང་ལ་འཁོར་ཏེ་ངས་མདུན་གྱི་རྐུབ་སྟེགས་རྒྱབ་ལ་འཐམ་སྡོད་པའི་ལག་པར་རེག་ཙམ་བྱས་བྱུང་། སྐབས་དེར་ངའི་སེམས་ནང་འགོག་མ་ཐུབ་པར་ཕྱོགས་གཅིག་ནས་སྐྲག་སྣང་དང་སྦྲགས་ཕྱོགས་གཞན་ཞིག་ནས་ཁོང་ཁྲོ་འབར་བཞིན་ག་ལེར་ལག་པ་གཡས་ཀྱིས་ཁུ་ཚུར་བཅང་ནས་རླངས་འཁོར་གྱི་སྒོ་ཕྱེ་གྲབས་བྱ་བརྩིས་སྐབས་ཁ་ལོ་བ་རྐུབ་བཀྱག་ནས་ཡར་ལང་སྟེ་ངའི་ཕྱོགས་སུ་ཚུར་གོམ་ཞག་སྤོ་འགོ་བརྩམས་ཀྱི་འདུག ངས་གོ་སྐབས་དེ་བཟུང་ནས་སྒོ་ཕྱེས་ཐུབ་རྗེས་གློ་བུར་དུ་ཁོའི་ངོ་གདོང་ལ་ཤུགས་ཀྱིས་ཁུ་ཚུར་ཐེངས་གཅིག་བཞུས་པས་ཁོའི་རྣ་མགོར་ཐེབས་སོང། དེ་ནས་ང་རང་རླངས་འཁོར་ནས་ཕྱེད་མཆོང་ཕྱེད་རིལ་བ་ལྟར་ཕྱིར་དོན་རྒྱུ་བྱུང་། སྐབས་དེར་ཆར་དྲག་སྔར་བས་ཆེ་བ་བབས་པའི་ཁྲོད་དུ་ང་རང་རྔང་འཚབ་དང་བཅས་གང་མགྱོགས་ཀྱིས་རྒྱུགས་ཤར་གློད་གིན་ཕྱི་བལྟས་བྱས་པར་ཁ་ལོ་བ་དེའང་དུས་མཚུངས་ལྟ་བུས་མགྱོགས་པོ་རླངས་འཁོར་ནས་སར་བབས་ཏེ་ངའི་རྗེས་སུ་རྗེས་འདེད་བྱས་བྱུང་། དུས་དེ་ནས་བཟུང་ང་རང་སྐྲག་ཐག་ཆོད་ནས་ནུས་ཤུགས་ཡོད་རྒུས་མདུན་དུ་བྲོས་པ་ལས་ཕྱི་བལྟས་ཙམ་ཡང་བྱེད་ཁོམ་མ་བྱུང་། ང་ཆར་དྲག་ལ་ཁ་ཕྱོགས་ནས་མདུན་དུ་ཅུང་རྒྱུག་པའི་མུར་དེ་ནས་ཕྱི་བལྟས་ཙམ་བྱས་པར་རྗེས་ནས་ཆོགས། ཆོགས། ཆོགས་ཟེར་བའི་ཁ་ལོ་བའི་རྐང་པ་གཉིས་ཀྱིས་ལམ་གྱི་ཆར་ཆུའི་ནང་འབོག་སྟེ་རྒྱུག་ཡོང་བའི་སྒྲ་ཆེན་པོ་དང་བཅས་མུ་མཐུད་ངའི་རྗེས་སུ་འདེད་འོང་གི་འདུག སྐབས་དེར་ངའི་སེམས་སུ་རྔང་སྐྲག་ཆེ་རུ་སོང་བ་མ་ཟད། དུས་དེར་མཚན་ས་རུབ་ཚར་བས་མདུན་དུ་ནག་རོབ་བེར་ལས་མཐོང་ལམ་དུ་མེད་སྟབས་སེམས་སུ་རྔང་སྐྲག་སྔར་བས་ཆེ་རུ་སོང་།

 

ང་རང་འཇིགས་སྐྲག་དང་ཡིད་མུག་བཞིན་པའི་སྐབས་དེར་མདུན་ནས་ཆར་གདུག་འཁྱེར་མཁན་གྱི་མི་ཞིག་ཚུར་ལ་སླེབས་སོང་། དེ་ནས་ངས་ནུས་ཤུགས་ཡོད་རྒུས་རྒན་ལགས། རྒན་ལགས། རྒན་ལགས། ཅེས་འབོད་བཞིན་མདུན་དུ་རྒྱུག་ནས་མི་དེའི་འཁྲིས་སུ་སླེབས་དུས་གཅིག་བལྟས་པས་དེའང་བགྲེས་སོང་ཞིག་རེད་འདུག ང་ཁོང་གི་མདུན་དུ་སླེབས་མ་ཐག རྒན་ལགས། རྒྱ་གར་རླངས་འཁོར་གཏོང་མཁན་གྱིས་ང་ལ་ངན་པ་བྱ་བརྩིས་འདུག ང་ལ་རོགས་པ་གནང་རོགས། ཅེས་ཞུས་པར་རྒན་པོ་དེས་ཁམས་སྐད་དྭངས་མ་ཞིག་གིས་ལམ་སང་ང་ལ་བུ་མོ། སྐྲག་དགོས་ལེ་མ་རེད། སྤོ་གྱིས་ཁྱོད་རང་ལ་རོགས་པ་བྱེད་ཆོག འགྲོ སྐྲག་དགོས་མ་རེད་ཨ། ཅེས་གསུང་བྱུང་བས་ངའི་སེམས་པ་དེ་མུར་ལྷོད་ལ་བབས་པ་མ་ཟད་མིག་ནང་མཆི་མའང་ཁེངས་བྱུང་། དེ་ནས་ང་ལ་རིམ་གྱིས་ཅི་ཡིན་མི་ཤེས་པའི་བློ་ཁོག་ཅིག་ཀྱང་རྙེད་དེ་རྒན་ལགས་དེ་མཉམ་མདུན་དུ་གོམ་པ་མགྱོགས་སུ་གཏོང་ནས་ཁ་ལོ་བ་འཚོལ་དུ་སོང་། འོན་ཀྱང་མདུན་དུ་ཅུང་སོང་རྗེས་ཁུག་ཀྱོག་དེར་སླེབས་དུས་རྒྱ་གར་ཁ་ལོ་བས་གླ་འཁོར་བཏང་ནས་སྔ་མོ་ནས་སོང་ཚར་འདུག ངས་རྒན་པོ་དེའི་ཕྲག་པ་ནས་འཐམ་སྟེ་ངེད་གཉིས་ཆར་པའི་དཀྱིལ་དུ་དལ་བུར་ངང་གཙུག་ལག་ཁང་གི་རྒྱ་སྒོ་བར་མཉམ་འགྲོགས་བྱས་པ་ཡིན། རྒན་ལགས་ཀྱིས་ལམ་བར་དུ་ང་ལ་རྒྱ་གར་ཁ་ལོ་བ་ཚོ་ཡག་པོ་མེད་ལུགས་དང་བུ་མོ་གཅིག་པུར་མཚན་གཞུང་དུ་ཕྱི་ལ་འགྲོ་རྒྱུ་མེད་ལུགས་སོགས་བསླབ་བྱ་མང་པོ་གནང་བྱུང་བ་དང་། ངས་ཀྱང་ཐོག་མར་ངས་ཁ་ལོ་བར་ཚུར་མ་ཡོང་སྔོན་དུ་གཙུག་ལག་ཁང་གི་མདུན་དུ་ང་སར་བབས་དགོས་སྐོར་བཤད་ཀྱང་ཁོས་མ་ཉན་ཚུལ་སོགས་བཤད་པ་ཡིན། སྤོ་ལགས་ངེད་གཉིས་གཙུག་ལག་ཁང་གི་མདུན་དུ་སླེབས་མཚམས་ཆར་ཤུགས་ཀྱང་ཆུང་དུ་སོང་བ་མ་ཟད་མཚན་གཞུང་འོག་གི་གློག་འོད་ཁྲ་ལམ་མེར་གསལ་འདུག་པས་ངའང་བློ་རྦད་དེ་བདེ་ནས་དལ་བུར་ངང་གྲོང་དབུས་སུ་ཆགས་པའི་ལམ་ཕྲང་ནས་ཕྱིར་ང་རང་སྡོད་སར་ལོག་པ་ཡིན།

 

 

༤། གསེར་མགར་གྱིས་ངའི་གསེར་ཧམ་ཟོས་བྱས་པ།

  

ཉིན་ཞིག་ཕལ་ཆེར་ངལ་གསོའི་དུས་ཤིག་ཡིན། ང་དང་བཟའ་ཟླ་གཉིས་རྡ་ཤོད་ཁྲོམ་དུ་ཅ་དངོས་ཉོ་ཞོར་དང་ངའི་བོད་ནས་འཁྱེར་ཡོང་བའི་གསེར་གྱི་རྣ་རྒྱན་ཆུང་ཆུང་ཆགས་ཧྲུལ་སོང་བ་དེ་སླར་ཡང་བཟོ་བཅོས་ཤིག་རྒྱག་དགོས་སྙམ་ཞིང་ཁྲོམ་དབུས་ནས་མར་ཐུར་དུ་བབས་སའི་ལག་གཡོན་ཟུར་གྱི་ཀྱོག་ལམ་དུ་གསེར་དངུལ་སོགས་ཀྱི་རྒྱན་ཆ་བཟོ་ས་མགར་ཚང་ཆུང་ངུ་ཞིག་ཡོད་པ་དེར་སོང་ནས་སྐད་ཆ་དྲིས། ངས་གསེར་ཏོག་ཙམ་དེ་བཟོ་དབྱིབས་ཅུང་ལེགས་པོར་མཐོང་བའི་རྣ་རྒྱན་ཞིག་ལ་དཔེ་བལྟས་ནས་བཟོ་དགོས་སྙམ་བཞིན་ངའི་བཟའ་ཟླར་ཡུལ་སྐད་བཤད་བཅུག ང་རང་ཟུར་གྱི་རྐུབ་སྟེགས་ཐོག་བསྡད་ཅིང་། ངའི་བཟའ་ཟླས་མགར་བར་ཁ་བརྡ་བྱས་ནས་བཟོ་གླའང་འགྲིག་པ་བཟོས།

 

དུས་ཡུན་འགོར་རྗེས་བཟའ་ཟླས་མི་འདིས་གསེར་ཟ་འདོད་བྱེད་ཀྱི་འདུག ཁོས་གསེར་མགར་བཞིན་པའི་སྐབས་སུ་རྣ་རྒྱན་ནས་བཀོག་པའི་གསེར་ཧྲུལ་ཞིག་ལག་པའི་མཛུབ་མོ་གཉིས་དབར་བཙིར་ནས་རྣ་རྒྱན་ལ་སྦྱར་མ་སོང་། ཁོས་གསེར་ཆུང་ངུ་དེ་ཟ་འདོད་སྐྱེས་སོང་། ངས་མཐོང་སོང་། ཞེས་ཟེར་བས་ངས་དེ་འདྲ་ཡིན་དོགས་མེད། ཅེས་པར་ཁོས་ལྟོས་ཨ། ཁོས་གསེར་དེ་ཕྱིར་བཏོན་མིན་ངས་བལྟས་བསྡད་ཡོད། ཅེས་བཤད་པའི་སྐབས་དེར་རྒྱ་གར་ཁོ་ཡར་ལང་ནས་ཁང་པའི་སྦུག་ཏུ་སོང་། ངའི་བཟའ་ཟླའང་ཁོ་དང་མཉམ་ཁང་སྦུག་ཏུ་འཛུལ་སོང་བས་ངས་ཀྱང་ཁོ་གཉིས་ཀྱི་རྗེས་སུ་སོང་ནས་ལྟ་ཙམ་ཡང་བྱས་པ་ཡིན། རྒྱ་གར་གྱིས་ངའི་བཟའ་ཟླ་ཁོའི་རྒྱབ་ཏུ་ཡོད་པར་མཐོང་སྟབས་ཅི་བྱ་གཏོལ་བྲལ་གྱིས་སླར་ཡང་ཕྱིར་དོན་ཡང་ད་དུང་ཡང་གསེར་དེ་རྣ་རྒྱན་དང་མཉམ་གཅིག་ཏུ་མ་སྦྲིལ་བར་བརྟེན། ངའི་བཟའ་ཟླས་ཁོ་ལ་ཐད་ཀར། ཁོའི་ལག་པའི་མཛུབ་མོའི་དབར་བཙིར་བསྡད་པའི་གསེར་ཆུང་ཆུང་དེ་ཕྱིར་སྟོན་དགོས་པར་བཤད་སོང་། དེ་ནས་རྒྱ་གར་མགར་བ་དེ་ཅི་ཡིན་ཆ་མི་འཚལ་བའི་ལམ་སང་ཁོང་ཁྲོ་འབར་བཞིན་ངའི་བཟའ་ཟླ་ལ་ཁྱོད་ཀྱི་རྣ་རྒྱན་ལ་ལྗིད་ཚད་གྲངས་ཀ་འདི་འདུག ངས་ལྕི་ཚད་འདི་བྱེད་པའི་གསེར་གྱི་རྣ་རྒྱན་ཞིག་ཁྱོད་ལ་བརྩིས་སྤྲོད་ཀྱི་རེད་ཅེས་སོགས་བཤད་ཀྱི་འདུག་ཟེར། ངའི་བཟའ་ཟླས་ཁོས་ངེས་པར་དུ་མཛུབ་མོ་གཉིས་ཀྱི་དབར་བཙིར་སྡོད་པའི་གསར་ཆུང་ཆུང་དེ་ཕྱིར་བཏོན་དགོས་བཤད་པ་ལས་གཞན་ཅིའང་བཤད་ཀྱི་མེད་ལུགས་སོགས་འཆད་ཅིང་དེ་ནས་ཁོ་རང་གཉིས་ཀ་ངར་ངར་འདྲ་ཆགས་སོང་།

 

ངས་ཁོ་གཉིས་ཀའི་ཁོང་ཁྲོ་འཇགས་ཐབས་འདྲ་ཡིན་ཁུལ་གྱིས་ཕྱོགས་གཉིས་ཀས་ལྷོད་ལྷོད་བྱེད་དགོས་ཚུལ་འདྲ་བྱས་ཀྱང་དེར་དོན་འབྲས་མ་སོན་པར་དེ་ལས་ལྡོག་སྟེ་རྒྱ་གར་མགར་བ་སྔར་བས་རླུངས་ཆེ་རུ་ལང་བ་མ་ཟད། དེར་སླེབས་ཙམ་གྱི་ཡུལ་མི་གཞན་གཉིས་ལའང་ཁོས་གཅིག་གཅིག་གཉིས་གཉིས་འདྲ་བཤད་ཁུལ་བྱེད་ཀྱི་འདུག ངས་ཁོས་དེར་སླེབས་པའི་རྒྱ་གར་བ་གཞན་དེ་གཉིས་ལའང་ལོག་ལྟ་ཞིག་བཤད་ཁུལ་ཡིན་པ་ཤེས་པས་དེ་མུར་བཟའ་ཟླར་གཡུག་ཞོག གསེར་མ་སྤྲོད་ན་མ་སྤྲོད། ངེད་གཉིས་ལོག་འགྲོ ཅེས་བཤད་དེ་རྒྱ་གར་བ་དེའི་ས་ནས་ངའི་རྣ་རྒྱན་ཚུར་སྤྲོད་དགོས་པར་བཤད། ཁོས་ཀྱང་རླུང་འཚུབ་འཚུབ་དང་བཅས་ངའི་རྣ་རྒྱན་དེ་མདུན་ཅོག་ཐོག་གཡུག་བྱུང་། ངས་དེ་ལག་ཏུ་བཟུང་ནས་བཟའ་ཟླ་ཕྱིར་འཁྲིད་དགོས་བསམ། འོན་ཀྱང་བཟའ་ཟླ་ཁོང་ཁྲོ་འབར་བཞིན་མི་ངན་འདིས་ངའི་མིག་གི་མཐོང་ས་རིག་ས་ནས་གསེར་ཧམ་ཟ་བྱེད་འདོད་འདུག ཧམ་པ་ཚ་བ་ལ་དཔེ་རེད། ག་རེ་བྱས་ནས་ཁོ་ལ་དོན་མེད་གསེར་སྤྲོད་དགོས་རེད། ཅེས་མུ་མཐུད་མགར་བར་དོན་དག་གཞན་གང་ཡང་མེད། ཁྱོད་ཀྱི་མཛུབ་མོའི་དབར་བཙིར་སྡོད་པའི་གསེར་ལྷག་མ་དེའང་ཚུར་སྤྲོད་དགོས་སྐོར་བཤད་རས་བྱས་སོང་།

 

སྐབས་དེར་ཟུར་དུ་སྡོད་པའི་རྒྱ་གར་གཞན་དེ་གཉིས་ཀྱང་ངའི་བཟའ་ཟླ་ངར་བཞིན་པ་མཐོང་དུས་ངའི་ཟླ་བོར་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་པོ་བཏོན་པ་མ་ཟད། མཉམ་དུ་རུབ་རྡུང་བྱ་བརྩིས་ཀྱི་ངར་ལང་མདོག་གི་རྣམ་པ་འདྲའང་མངོན་གསལ་དོད་དུ་འགྲོ་བཞིན་འདུག དེའི་ནང་གི་གཅིག་ཡར་ལང་ནས་ངའི་ཟླ་བོར་རྩོད་པ་རྒྱག་རྒྱུ་མེད་ཚུལ་ལྟ་བུར་བཤད་བྱུང་། དེ་བས་མགར་བས་ཀྱང་ཁ་ནས་ཉེན་རྟོག་པ་གཅིག་གཅིག་བཤད་སོང་བ་ཐོས། ངའི་བཟའ་ཟླས་ཀྱང་ཁོ་པས་ཉེན་རྟོག་པ་སྐད་གཏོང་གི་ཡིན་ལུགས་འདྲ་བཤད་སོང་ཡང་ངས་དེར་ཡོད་རྒྱ་གར་བ་མི་གསུམ་ཡོད་པ་ཚང་མས་ངའི་ཟླ་བོར་ཕྱོགས་སུ་རྫིག་རྫིག་བྱེད་པའི་རྣམ་པ་དེ་ཧ་ཅང་གསལ་པོ་མཐོང་བྱུང་། སྐབས་དེར་ངས་གནས་སྟངས་འགྲིག་མི་འདུག་སྙམ་བཞིན་ཟླ་བོར་ཁ་གཏད་དེ་སྐད་ཤུགས་ཆེན་པོས་ང་ལ་གསེར་མི་དགོས་ཟེར་མ་བྱུང་ཨེ། ཁྱོད་འགྲོ་གི་ཡིན་དང་མིན། ང་རང་གཅིག་པུར་འགྲོ་ཆོག ཁྱོད་རང་གསེར་ཆུང་ཆུང་ཞིག་ལ་རྩོད་པ་རྒྱག་ནས་སྡོད། འདི་ཚོ་ཚང་མ་ཁྲམ་པ་ཤ་སྟག་རེད། འདི་ལྟ་བུར་རྒྱུ་མཚན་བཤད་ས་འགྲོ་གི་རེད་བསམ་པ་དེ་ཁྱོད་རང་གི་ནོར་འཁྲུལ་རེད། ང་ལ་གསེར་མི་དགོས། ཀུན་མཁྱེན། ཁྱོད་ཀྱིས་ལྟོས་དང་། ཁོས་ཟུར་དུ་ཡོད་པའི་རྒྱ་གར་ལའང་ངར་བསློང་གི་མི་འདུག་གམ། དེ་འདྲ་བྱས་ན་ངེད་གཉིས་ལ་གྱོང་མ་གཏོགས་ག་རེ་འདུག ཀུན་མཁྱེན། ད་འགྲོ ཀུན་མཁྱེན། ཞེས་ཞུ་བ་འཐེན་པས་བཟའ་ཟླས་ཁ་ཕྱིར་འཁོར་ནས་ངའི་ངོ་གདོང་ལ་ལྟ་ཙམ་ལྟ་ཙམ་བྱས་བྱུང་།

 

ངས་གོ་སྐབས་དེ་བཟུང་ནས་གདོང་ལ་སྐྱོ་མདོག་ཅིག་མངོན་ནས་ཀུན་མཁྱེན། ངའི་ཁ་ལ་ཉན་རོགས་བྱོས། ངེད་གཉིས་ལོག་འགྲོ ཁྱོད་ཀྱིས་ངའི་ཁ་ལ་ཉན་གྱི་རེད། ད་འགྲོ ད་འགྲོ ཅེས་འབོད་ཞོར་ཐེ་ཚོམ་དང་བཅས་དེར་ལྷག་བསྡད་པའི་བཟའ་ཟླ་ཕྱིར་ཤུགས་ཀྱིས་འཐེན་ནས་སྒོའི་ཕྱིར་དོན་ཐུབ་ཙམ་བྱུང་། དེ་ནས་ང་རང་གིས་བཟའ་ཟླའི་ལག་ནས་འཇུས་ཏེ། ང་ལ་གསེར་མི་དགོས། ཁོ་ཚོ་མི་སྡུག་ཆགས་དེ་འདྲ་ཤ་སྟག་རེད། ཁོ་ཚོ་ལྟ་བུ་དང་རྩོད་རྒྱག་ནས་ངེད་གཉིས་ལ་གྱོང་མ་གཏོགས་མེད། སྐྱག་པ་ལ་མཛུབ་མོས་རེག་ན་དྲི་ངན་མ་གཏོགས་ཁ་རྒྱུ་མེད། ངའི་ཁ་ལ་ཉོན་ཨ། གསེར་ཆུང་ཆུང་དེས་ག་རེ་བྱེད་དགོས་རེད། ཁྱོད་དང་མི་དེ་རྒྱག་རས་ཤོར་སོང་ན་ངས་གསེར་གྱི་རྣ་རྒྱན་དེ་གཡུག་ནས་འགྲོ་གི་ཡིན། ལྟས་ངན་གྱི་ཅ་ལག་དེ་ཡིན་ན། ཞེས་པར་བཟའ་ཟླས་ཁོ་ཧམ་པ་ཚ་ཐག་ཆོད་འདུག ངའི་མིག་གི་མཐོང་ས་ནས་གསེར་ཟ་འདོད་འདུག སྤྲང་པོ་ཡིན་ན་སློང་ན་སྤྲོད་ཆོག་གི་རེད་དེ་ཁོ་ནང་བཞིན་ཧམ་ཟ་བྱེད་མཁན་ལ་སྤྲོད་ནས་ག་རེ་བྱེད། ཅེས་པར་ངས་ཁོས་ཉེན་རྟོག་པར་སྐད་གཏོང་གི་ཡིན་ཟེར་སོང་ང་ཞེས་ངའི་སྐད་ཆ་བཤད་མ་ཚར་བས་ཟླ་བོས་ཉེན་རྟོག་པ་སྐད་གཏོང་བཞག་ན་ཡག་ཤོས་རེད། ཧམ་པ་ཁོས་བཤད། རྒྱ་གར་གྱི་ཁྲིམས་ཀྱིས་བདེན་པ་གསལ་པོ་བཟོ་མཁན་རེད་མ་གཏོགས་ཁོས་ཧམ་ཟ་བྱེད་དེ་ད་དུང་་་

 

ངས་ཀྱང་ཟླ་བོའི་སྐད་ཆ་མཚམས་བཅད་དེ་ཁོའི་འཁྲིས་སུ་རྒྱ་གར་བ་གསུམ་མི་འདུག་གམ། ཁོ་ཚོས་ཚང་མས་ཁོ་ལ་རྒྱབ་སྐྱོར་བྱེད་དེ་ཉེན་རྟོག་པའི་མདུན་དུ་དཔང་པོ་རྫུན་མ་དོན་ངེས་རེད། དེ་ཚོ་ཁོའི་སྤུན་འཇགས་འདྲ་པོ་འདུག ངས་སྐད་མི་ཤེས་པས་ཉེན་རྟོག་པར་གསལ་བཤད་བྱེད་མི་ཐུབ། ངེད་གཉིས་ལ་གྱོང་མ་གཏོགས་རག་ས་མེད། དེ་བས་ང་ལ་གཅིག་བཤད་རྒྱུ་ཡོད། ངོ་མ་ད་རས་ཡིན་ན་ཁྱོད་ཀྱིས་ངའི་ཁ་ལ་དཔེ་ཡག་པོ་ཉན་སོང་ཨ། ང་ངོ་མ་གསེར་གྱི་རྣ་རྒྱན་ལས་ཁྱོད་ཀྱིས་ཛ་དྲག་གི་གནས་སྟངས་དེ་འདྲའི་ནང་དུ་ལྷུང་ཡང་ངའི་ཁ་ལ་ཉན་པ་དེ་ལ་དགའ་ཆེ་བྱུང་། ཞེས་བཤད་དེ་ཁོའི་ངོ་ལ་བལྟ་ཙམ་བྱས་པས་བཟའ་ཟླས་ཀྱང་ང་ལ་ཧད་དེ་ཅུང་བལྟས་ནས་ངུ་མ་དགོད་ཀྱི་རྣམ་འགྱུར་ཞིག་བཏོན་ཞོར་ད་རང་གིས་ག་རེ་བཤད་སྡོད་ཀྱི་ཡོད་ཅེས་བཤད་དེ་གདོང་ལ་འཛུམ་ཅུང་མངོན་འདུག དེ་ནས་ངས་ཁོང་གི་ལག་འགོ་འཇུས་ཏེ་ངེད་གཉིས་ཞི་བདེ་ལྷིང་འཇགས་ཀྱི་ངང་ནས་ཕྱིར་ཁྲོམ་དུ་སོང་བ་ཡིན།

 

 

༥། དོན་མེད་རྡུང་རྡེག་བཟེད་པ།

 

སྤྱིར་ན་ང་རང་ཐོག་མའི་དུས་ནས་གཟུགས་གཞི་བདེ་ཐང་མེད་པའི་དབང་གིས་ཡིན་ཚོད། ག་དུས་རླངས་འཁོར་དུ་བསྡད་ཀྱང་ཐོག་མའི་སྐབས་ནས་སྐྱུག་མེར་ལང་རྒྱུ་དེ་ལོ་མང་སྔོན་ནས་ད་བར་དྲག་བསྐྱེད་ཅུང་ཙམ་ཡང་མེད་པར་རང་འཇགས་རེད། ཐེངས་ཤིག་ང་དང་བཟའ་ཟླ་ངེད་གཉིས་ལྡི་ལིར་འགྲོ་གྲབས་ཀྱིས་རྡ་ཤོད་རླངས་འཁོར་འབབ་ཚུགས་སུ་སོང་། ཐོག་མར་ཁྱིམ་ནས་སྒོ་ཁར་དོན་དུས་ནས་བཟུང་ང་ཞེ་མེར་ལང་ནས་ཡོད་ཀྱང་ཨུ་ཚུགས་ཀྱིས་སྒོར་བུད་དེ་རྡ་ཤོད་དུ་སོང་བ་ཡིན། རླངས་འཁོར་དུ་མགོ་ན་མཁན་ཡོངས་ཀྱིས་སྨེ་ངག་འདོན་སའི་ལམ་བར་གྱ་གྱུར་བའི་གཞུང་ལམ་དེ་བརྒྱུད་དུས་ང་སྐྱུག་མེར་ལང་ནས་ཡོད། རླངས་འཁོར་བབས་ཚིགས་སུ་སླེབས་ལ་ཉེ་བ་ཡིན་ཚོད་ས་ནས་ང་ཁྱོན་ནས་བཟོད་མ་ཐུབ་པར་རླངས་འཁོར་དུ་སྐྱུག་པ་ཤོར། དེའང་ང་རླངས་འཁོར་དུ་གཡས་ཕྱོགས་འགྲོ་ལམ་ཟུར་དུ་ཡོད་སྟབས་ང་རང་འགྲོ་ལམ་དེར་ཁ་ཕྱོགས་ནས་སྐྱུག་པ་འཆོལ་སྟབས། རླངས་འཁོར་གྱི་འགྲོ་ལམ་དབུས་སུ་སྐྱུག་པ་དྲི་མས་ཁེངས་ནས་སོང་། སྐབས་དེར་ང་རང་མགོ་ན་ནས་ཨར་མ་རྟེན་སྟབས། ཕྱིར་རྐུབ་སྟེགས་ལ་བརྙས་ནས་ཡོད་དུས་འཁྲིས་སུ་བསྡད་པའི་བཟའ་ཟླ་དེ་མུར་ཕྱིར་དོན་སོང་།

 

དེ་ནས་ཁོང་ཕྱིར་འཁོར་ཡོང་དུས་རླངས་འཁོར་དུ་འཛིན་བྱང་བཙོང་མཁན་དེ་དང་ཁ་རྩོད་འདྲ་རྒྱག་གི་ཡོད་པར་མཐོང་བས་ང་རང་སྡུག་རུས་ཀྱིས་རླངས་འཁོར་ཕྱིར་བབས་ཐབས་བྱས། ངས་ཁོང་ལ་ག་རེ་བྱས་སོང་། ང་ན་བསྡད་ཡོད་ཀྱང་ཁྱེད་རང་གཞན་དང་ཁ་རྩོད་ག་རེ་རྒྱག་གི་ཡོད། ཅེས་བཤད་པར་བཟའ་ཟླས་གསལ་ལ་མི་གསལ་བའི་སྒོ་ནས། ངས་རླངས་འཁོར་ནང་གཙང་མ་བཟོ་ཆོག རླངས་འཁོར་ནང་གི་ཆུ་བཤོལ་ས་སྣོད་ཆུང་དེ་གཡར་རོགས་བྱས་པས་ཁོས་ང་ལ་ཁ་རྡུང་གཏོང་གི་འདུག ཅེས་ཟེར་བྱུང་། ངའང་མགོ་ན་ནས་ཁོང་ལ་མུ་མཐུད་ཅིའང་མ་བཤད་པར་ཟུང་ཟད་པ་ལྟ་བུའི་གཟུགས་པོ་འདར་སིག་སིག་གིས་རླངས་འཁོར་ཕྱིར་དོན་ནས་ལམ་ཟུར་ཞིག་ཏུ་མུ་མཐུད་སྐྱུག་གྲབས་བྱས་ནས་བསྡད། སྐབས་དེར་མདུན་ནས་གློ་བུར་དུ་ངའི་བཟའ་ཟླ་དང་མི་དེ་གཉིས་འཛིང་རས་བྱས་སོང་བས་ང་དེ་མུར་ཡར་ལང་ནས་བལྟས་པས། རྒྱ་གར་བས་ངའི་ཁྱོ་གའི་མགོ་ལ་ཐེབས་ལྕགས་ཐེངས་འགར་བཞུས་སོང་བ་མ་ཟད། ཁོས་རྒྱ་གར་གཞན་ལའང་གཅིག་བཤད་ཀྱི་འདུག ངའི་བཟའ་ཟླས་ཁོ་ལ་ཁྱོན་ནས་ལེན་མ་སློག་པ་བསྡད་སོང་། ཡིན་ཡང་ཁོས་ད་དུང་ངའི་བཟའ་ཟླར་བཞུ་བརྩིས་འདུག་པས་དེ་ནས་ང་ཁོང་ཁྲོ་ལང་ནས་ཡུལ་སྐད་ཚིག་རེ་གཉིས་ཤེས་པ་དེེས་རྒྱ་གར་བ་དེར་གཤེ་གཤེ་གཏོང་བ་ཡིན། ངའི་ཁྱོ་གས་རྒྱ་གར་བ་དེའི་ལག་གཉིས་དམ་པོར་འཇུས་བཟུང་བྱས་ནས་ཁོ་འགུལ་རྒྱུ་མེད་པ་བཟོས་འདུག་ལ། འོན་ཀྱང་རྒྱ་གར་བ་ཁོས་སླར་ཡང་འཕགས་ཚགས་འདྲ་རྒྱག་ཅིང་ཟུར་དུ་ཡོད་པའི་རྒྱ་གར་བར་བསྐུལ་སློང་ལྟ་བུས་ངའི་བཟའ་ཟླར་མུ་མཐུད་ཚོགས་གཏམ་བསྒྲགས་སོང་།

 

སྐབས་དེར་ངས་རྒྱ་གར་མང་པོ་འདུས་བྱུང་བ་མཐོང་སྟབས་སེམས་ནང་ཞེད་སྣང་ཏོག་ཙམ་སྐྱེས། དེ་ནས་རྒྱ་གར་དེས་ངའི་ཁྱོ་བོ་གློད་ན་བསམ་ཡང་ཁོས་མུ་མཐུད་བཞུ་བརྩིས་བྱས་སྟབས་ངའང་སེམས་པ་སྐྱོ་ནས་ངུ་ཤོར། ང་ངུས་སྟབས་མང་པོ་ངའི་ཕྱོགས་སུ་བལྟས་སོང་། ང་ངུ་བཞིན་ཡུལ་སྐད་དུ་རྒྱ་གར་ཡག་པོ་མི་འདུག རྒྱ་གར་ཡག་པོ་མི་འདུག ཅེས་བཤད་པ་ཡིན། དེ་ནས་ངའི་ཁྱོ་གས་ང་ངུས་པ་མཐོང་ནས་ཤུགས་ཡོད་ཚད་ཀྱིས་རྒྱ་གར་བ་དེའི་ས་ནས་ཚུར་ཐར་ཐབས་ཀྱིས་ང་ལ། མ་ངུ་དང་། གེ་ཡོད་མ་རེད། གེ་ཡོད་མ་རེད། ཅེས་ཟེར། འོན་ཀྱང་ཁོང་གི་རྗེས་སུ་ད་དུང་རྒྱ་གར་བ་དེ་ཚུར་རྒྱུག་ཡོང་བ་མཐོང་དུས་ང་རང་ཁོང་ཁྲོ་མེ་ལྟར་འབར་ནས་ངའི་བཟའ་ཟླའི་མདུན་དུ་ལང་ནས། རྒྱ་གར་བ་དེར་བཞུས་དང་། ཕ་རོ་ཟ་རྒྱུ་ཁྱོད། ད་བློ་ཁོག་ཡོད་ན་ང་ལ་བཞུས་དང་། ཞེས་བཤད་དེ་ཁོའི་མདུན་དུ་ལང་བསྡད་པས་རྒྱ་གར་བ་དེས་ང་ལ་ལྟ་ཙམ་ལྟ་ཙམ་གྱིས་འཛིང་རས་མཚམས་བཞག་ཙམ་བྱུང་། དེ་ནས་ངས་བཟའ་ཟླས་ང་ཡར་སྐྱོར་ཏེ་ངེད་གཉིས་ཟུར་དུ་ས་སྟོང་ཞིག་ལ་ངལ་ཅུང་གསོས་རྗེས། ང་མགོ་ན་རྒྱུ་སྔར་བའི་སྡུག་རུ་འགྲོ་སོང་བས་ངེད་གཉིས་ལྡི་ལིར་འགྲོ་རྒྱུ་ཕར་བཞག་ཕྱིར་རྡ་རམ་ས་ལར་ལོག་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་དེ་ཕྱིར་འཁོར་བ་ལས་སྔོན་གྱི་འཆར་གཞི་ལྟར་བྱུང་མེད་པ་རེད།

 

 

 

༦། ཁང་བདག་གི་གནས་སྟངས།

( འདི་དེ་སྔོན་ཟིན་བྲིས་སུ་སྤེལ་བ་ཞིག་ཡིན། )

 

དེ་སྔོན་རྒྱ་གར་བའི་ཁང་པ་ཆུང་ཆུང་ནས་ད་ཆ་གཞུང་ལས་ཁང་ཉེ་འཁོར་གྱི་ཁང་གསར་ཁང་མིག་གཅིག་ཅན་ཞིག་ཏུ་གནས་སྤོ་ཐུབ་པ་ནི་དགའ་འོས་པའི་གནས་ཚུལ་ཆུང་ཆུང་ཞིག་རེད། གླས་པའི་ཁང་གསར་ཉིས་ཐོག་ཁང་ཆུང་མདུན་དུ་གོམ་ཞག་ཅིག་ཙམ་གྱི་ཉི་རྭའི་འགྲོ་ལམ་ཡོད་ཅིང༌། ཁྲུས་ཁང་དང་གསང་སྤྱོད་གཅིག་ལྕོག་དེ་ང་དང་ཁྱིམ་མཚེས་ལས་རོགས་ངེད་གཉིསལས་བེད་སྤྱོད་མཁན་མེད་སྟབས་རང་བཞིན་གྱིས་གཙང་སྦྲ་དོད་པོའང་ཡོད།དམིགས་བསལ་ཁང་ཆུང་ནང་དུ་བསྡད་དེ་ཕྱིར་རྒྱང་ལྟ་རེ་བྱེད་དུས་ལྕང་མའི་ཚང་ཚིང་གསེབ་ཀྱི་ཞིང་ཁ་དང༌། རྒྱ་གར་ཡུལ་མི་ཚོའི་ཁང་ཁྱིམ་ཐར་ཐོར།དེ་ནས་ཅུང་རྒྱང་རིང་སར་ལྗང་མདོག་ཅན་གྱི་རི་གདོང་གཉིས་དང༌། དེའི་རྒྱབ་རིའི་རྩེར་ད་དུང་དངུལ་མདོག་གིས་རྒྱན་ཡོད་པ་དེ་ནི་ཡུལ་གྱར་བའི་སེམས་ལ་རྟག་ཏུ་ཕ་སའི་དྲན་གསོ་བྱེད་དང༌། མཚམས་རེར་དགའ་མ་སྡུག་གི་སྐྱོ་སྣང་འཚུབ་ཅིང༌། མཚམས་རེར་རི་རྩེའི་ཁ་བ་དཀར་པོ་དེ་ངའི་མིག་ནང་སྡུག་པའི་མཛེས་རྒྱན་ཞིག་ཀྱང་ཡིན་། རྒྱ་གར་ཁང་བདག་ཚང་ལ་རྨོ་རྨོ་དང་ཁོའི་བཟའ་ཟླ། ལོ་བཞི་ནས་བཅུ་གྲངས་བར་གྱི་ཕྲུ་གུ་བཞིའི་ནང་ཆུང་ཤོས་དེ་བུ་དང༌། དེ་ནས་ཅུང་ཆེ་བའི་བུ་མོ་གསུམ་གྱི་ཐ་ཆུང་དེ་ཅུང་རིག་ཚོ་མ་ཐུབ་པ་ཞིག་རེད། གོ་ཐོས་ལ་དེ་སྔོན་ཁང་བདག་ཁོས་སྤྱི་བསྐྱོད་གླའཁོར་ཞིག་བཏང་ནས་ཡོང་འབབ་གསོག་པ་དང༌།དེ་རྗེས་རླངས་འཁོར་བཙོང་ནས་ང་དང་བོད་པ་དུད་ཚང་བཞི་བསྡད་ཡོད་པའི་ཁང་ཐོག་ཉིས་བརྩེག་འདི་གསར་རྒྱག་བྱས་སྐད་འདུགའདི་ལྟར་འཇིག་རྟེན་པའི་སྤྱི་མཚུངས་ཀྱི་ཁྱིམ་གཞིས་ནང་ལུགས་མཐུན་གྱིས་འཚོ་བར་རོལ་ན་རྒན་གཞོན་མཉམ་དུ་ཚོགས་པའི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡིན་ཆོག་ཀྱང༌། འཇིག་རྟེན་པ་མང་པོས་དོན་མེད་ཀྱི་ལས་ཀས་བྲེལ་བ་ལྟར།ད་ཆ་ཁོ་ཚོའང་རྙོགས་དྲའི་སྒམ་ཆུང་དུ་ཚུད་ཟིན། དེའང་ངས་ཤེས་རྟོགས་བྱས་པ་ལྟར་ན་ཚང་མས་མི་གཤིས་བཟང་པོ་ཡོད་ལུགས་བརྗོད་བཞིན་པའི་ཁང་བདག་ཁོས་དེ་སྔོན་རྒྱུན་དུ་ཆང་རག་ཚད་མེད་འཐུང་བར་བརྟེན། བཟའ་ཚང་དབར་འཁྲུག་འཛིང་འགོ་བརྩམས་པ་དང༌། དེ་ནས་ཁོས་ཆང་རག་ག་དུས་འཐུང་ཡང་འཁྲུག་རྩོད་ཡོད་ཡོད་པ་རེད་འདུག

 

ཁང་བདག་ཁོའི་ལོ་དྲུག་ཅུ་མ་ཟིན་ཙམ་གྱི་རྨོ་བོ་དེ་ནི་སྔ་ལངས་ཕྱི་ཉལ་གྱིས་སྒོ་ཟོག་ལྟ་སྐྱོང་དང་ཁྱིམ་ལས་སོགས་ལ་ཧུར་བརྩོན་ཆེ་ཞིང༌།མཐོང་སྣང་ལ་ཨ་མ་ཉམས་ཆུང་ཚུལ་མཐུན་ལྟར་ཡོད། དེ་མིན་ཕྲུ་གུ་བུ་མོ་ཆེ་བ་གཉིས་སློབ་གྲྭར་འགྲོ་བ་དང༌། རྒྱུན་ལྟར་གཙང་སྦྲ་ལེགས་པོ་མེད་ཀྱང་འགྲིག་ཐག་ཆོད་ཡོད། ཁང་བདག་གི་བཟའ་ཟླ་བུད་མེད་དེ་ཁོ་དང་གཅིག་མཚུངས་ཀྱིས་གཟུགས་པོ་སྐམ་ལ་རིད་པ་ཞིག་ཡོད་ཀྱང་ཕྱིའི་རྣམ་པའང་བཟང་བའི་གྲས་ཤིག་རེད། ཉིན་ཁ་ཤས་སྔོན་གྱི་མཚན་མོ་ཞིག་ལ་ཁྱིམ་ཚང་དེར་འུར་ཟིང་གིས་ཁེངས་ཤིང་ང་དང་ཁྱིམ་མཚེས་གཉིས་ཀྱང་སྐད་ཅོར་གྱིས་དཀྲོགས་བྱུང༌།གོམ་ཞག་འགའི་མཚམས་ནས་བལྟས་དུས་བུད་མེད་དེས་ནུས་ཤུགས་ཡོད་རྒུས་མོའི་ཁྱོ་བོར་ངུ་འཐམ་དང་འཛིང་འགོ་ཚུགས་པ་མ་ཟད། ཆང་རག་གིས་བཟི་ཚར་བའི་ཁང་བདག་དེས་སྐད་ཤུགས་ཆེན་པོས་གཅིག་བཤད་ཀྱི་འདུག་ཀྱང་ཁོ་ལ་བཟའ་ཟླས་རྡུང་འཚོག་ཀྱང་མ་ཉུང་བ་རག་སོང༌། ཁང་བདག་གི་ཨ་མས་ནུས་ཤུགས་ཡོད་ཚད་ཀྱིས་བཟའ་ཚང་གཉིས་དབར་ལ་འཆམ་འགྲིག་ཡོང་ཐབས་ལྟ་བུར་བྱས་ཀྱང་ནུས་པ་དེ་ཙམ་ཐོན་ཐུབ་ཀྱི་མེད་ཚོད་རེད། དེ་རྗེས་འཛིང་རྒྱུ་ཅུང་བཞག་ནས་རྩོད་གླེང་རྒྱུན་མཐུད་བྱས་སོང༌། མཚན་མོ་ས་རུབ་ཙམ་གྱི་མཚམས་སུ་སླེབས་ཚར་ཡང་ཁོ་ཚོ་སླར་འུར་ཟིང་ཆེན་པོ་ཐེངས་གཉིས་པ་ལངས་ཤིང༌། ཁྱོ་བོས་བཀག་མ་ཐུབ་པར་ཨ་མ་དང་མནའ་མ་གཉིས་འཁྲུག་ཚར་འདུགདེ་ནས་ཁྱོ་བོས་བར་འདུམ་ཟོལ་འདྲ་ཡིན་ཁུལ་བྱས་ཀྱང་མནའ་མ་ངར་མ་དེ་མ་ཐུབ་པར་རྨོ་བོའི་ཅོ་ཐོ་འཐེན་ནས་འཛིང་འགོ་ཚུགས། ཁྱོ་བོ་དེ་མུར་རྗེས་སུ་རྒྱུགས་ནས་མའི་ཕྱོགས་ལངས་ཏེ་མནའ་མར་རྡུང་སོང༌། མནའ་མ་ངར་མ་དེ་སྐད་འབོད་དང་བཅས་ངུ་རྒྱུགས་བྱས་ཏེ་མུན་ནག་ནང་དུ་བོར་ཚར་འདུག ཕྱི་ཉིན་ཞོགས་པར་མནའ་མ་ཕྱིར་འབྱོར་འདུག་ཀྱང་ཁྱོ་ག་དང་ཡུན་རིང་རྩོད་གླེང་བྱས་རྗེས་ཁྱོ་བོའི་ཁོང་ཁྲོ་ཐེངས་ཤིག་གིས་མནའ་མའི་མགོ་བོར་རྨ་བཟོས་ནས་ཁྲག་དམར་ཆིལ་ལེར་སྐྲ་དང་གྱོན་ཆས་ཚོས་པ་བྱས་ཚར་འདུག

 

རྒྱ་གར་ཁྱིམ་མཚེས་གཞན་ཡོད་ཀྱང་རྒྱང་རིང་ནས་ལྟད་མོ་བལྟ་བ་ལས་བར་འདུམ་ཙམ་ཡང་མེད་པ་ནི་ཁོ་ཚོའི་རྒྱུན་སྲོལ་གྱི་གནས་སྟངས་རེད། ངས་ལག་བརྡ་དང་བཅས་ཁྱོ་བོར་མནའ་མར་སྨན་ཁང་དུ་སྐྱེལ་རྒྱུའི་རེ་བ་ཞུས་ཀྱང་ཁོས་ཕལ་ཆེར་གང་བྱེད་ཀྱི་མ་རེད། བུད་མེད། འདི་ཁ་ངར་མ་ཞིག་རེད་ཟེར་གྱི་ཡོད་པ་འདྲ། སྨན་ཁང་དུ་འཁྲིད་རྒྱུ་བཞག་ནས་ལྟོ་ཕད་ཅིག་རྒྱབ་ལ་འཁུར་ནས་ཕྲུ་གུ་ཚོའི་ངུ་ངག་དང་། ཨ་མ་དང་མནའ་མ་དབར་གྱི་རྩོད་གླེང་ཁྲོད་ནས་ཕྱིན་སོང་། དེ་ནས་ངས་མནའ་མ་བདེ་ལེགས་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་བཅུག་པ་དང་། མོའི་རོགས་པ་བུད་མེད་གཞན་ཞིག་ལ་རྩིས་སྤྲད་དེ་ཕྱིར་གཞུང་ལས་ཁང་དུ་འབྱོར་དུས། ལས་རོགས་ཚོས་བཟང་སེམས་ཀྱིས་རྒྱ་གར་བའི་རྙོགས་དྲའི་དོན་ལ་ཇུས་རྟོགས་བྱས་ན་མ་འོངས་རང་ལའང་རྙོགས་དྲ་རྫོགས་རྒྱུ་མེད་པ་ཡོང་སྲིད་པའི་སྐོར་བསླབ་བྱ་བྱེད་ཀྱི་འདུགཚོད་དཔག་བྱས་ན་ད་ཆ་རྒྱ་གར་ཁང་བདག་ལ་ཞིང་ཁ་དང་ཕྱུགས་ཟོག་གི་མ་རྩ་ཡོད་པའི་ཐོག་ཟླ་རེར་ཁང་གླ་གཅིག་པུར་སྒོར་དྲུག་སྟོང་གི་ཡོང་བབས་ཡོད་ལ་འཚོ་བའི་རྒྱབ་བརྟེན་འདང་ངེས་ཡོད། དེ་ལྟར་ཕན་ཚུན་མཛའ་བརྩེ་དང་ལྡན་པ་ཞིག་བྱུང་ན་དྲོ་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་འགྲུབ་པར་ཐེ་ཚོམ་མི་དགོས་ཀྱང༌། ཐོག་མར་ཁྱིམ་གཞི་དེ་གཏོར་བཅོམ་བཏང་བའི་དུག་རྩའམ་སྨྱོ་ཆུ་དེས་ཁྱིམ་བདག་བཟང་པོ་ཡིན་ཟེར་བ་དེའི་ལུས་སེམས་འཁྲུག་པ་ནས་འགོ་བརྩམས་ནས་ཁྱིམ་མི་ཚང་མར་འཁྲུག་ཟིང་ལངས་བ་དང༌།དེ་ནས་མནའ་མས་ཐབས་ཀྱིས་མ་འདང་བའི་རང་གཤིས་ངར་མས་ཁྱོ་བོར་ཁ་གཏད་གཅོག་དུས། རྨོ་རྨོས་རང་གི་བུ་ལ་སྙིང་ཞེན་གྱིས་མ་བཟོད་པར་མནའ་མ་དང་འཛིང་བ། དེ་རྗེས་བུས་ཀྱང་ཨ་མ་དང་མཉམ་དུ་མནའ་མ་རྡུང་ནས་ཕྲུ་གུ་བཞིས་ངུ་འབོད་ཀྱིས་ཁེངས་པའི་གནས་སྟངས་སྐྱུར་མོ་འདི་གྱུར་ཡོད་པ་རེད།

 

ཁོ་ཚོའི་མི་གཤིས་ལ་ལེགས་ཉེས་དབྱེ་འབྱེད་བྱེད་ཐབས་དཀའ་བ་མ་ཟད། མི་རེ་ངོ་རེ་ནས་སོ་སོའི་སྐྱོན་ཆ་ལེགས་བཅོས་ཡོང་ཐབས་མ་བྱས་པའི་ཁར་ཁྱིམ་བདག་ཁོའི་རང་ངོས་ནས་ཐོག་མར་སྐྱོན་ཆ་ཆུང་ངུ་ཡིན་ཡང་དེ་དོར་མ་ཐུབ་ཅིང་། ད་ཆ་ཁོའི་སྒེར་གྱི་གནད་དོན་དེ་ཁྱིམ་ཚང་ལ་འཁྲུག་གཞི་ལངས་པའི་སྐྱོན་ཆེན་དུ་གྱུར་ཏེ་སྐབས་བབས་སུ་བཅོས་ཐབས་མ་བྱུང་བ་དང་། དེ་མིན་ཁྱིམ་གཞི་འདི་འཁྲུག་འཛིང་ཤོར་དགོས་པའི་གནད་དོན་གཞན་ཡང་ཡོད་སྲིད་ཀྱང་། མདོར་བསྡུས་ནས་བརྗོད་ན། ཚང་མས་སོ་སོའི་སྐྱོན་ཆ་བཙན་གྱིས་སྦས་ཤིང་གནད་དོན་ཆུང་ཆུང་ཞིག་དུས་ཐོག་ཐག་གཅོད་མ་བྱུང་བར་བརྟེན། ད་ལྟའི་ཆར་ངའི་རྒྱ་གར་ཁང་བདག་གི་ཁྱིམ་གཞིའི་གནས་སྟངས་ཐབས་སྡུག་འདི་བྱུང་བ་ཡིན་ནོ།

 

 

 

—— མཆན་འགྲེལ།

འདིར་རྒྱ་གར་ཡུལ་མིའི་སྐྱོན་བརྗོད་འདོད་གཙོ་བཟུང་མིན་པར་སྒེར་ལ་བྱུང་བའི་དངོས་མྱོང་དེ་དག་ཆེ་ཆུང་ལ་མ་ལྟོས་པར་ཡི་གེར་ཕབས་རྒྱུ་གལ་ཆེར་ངོས་འཛིན་བྱས་པ་ལགས་ན་ཀློག་པ་པོ་ཚོས་དེ་ལུགས་ཡིད་འཇགས་ཞུ། 


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -